ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་གཞུང་ལ་བསྟུན་མཁས་བྱེད་ཀྱི་འདུག

ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཡུལ་ཁྲིམས་ལ་བསྟུན་པའི་སྲིད་བྱུས་བཟུང་སྟེ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ལ་བཀག་སྡོམ་བྱེད་བཞིན་ཡོད་འདུགདེ་རིང་རོ་ཊུར་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་ནང་བཟོས་པའི་ཨ་རིའི་ཀུ་ཤུ་བཟོ་ཚོང་ཁང་གི་ཐོན་རྫས་ལ་གྱོང་གུད་ཐེབས་ཀྱི་ཡོད་སྟབས། ད་ལྟ་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་ལ་ཕྱོགས་ཡོངས་ནས་བསྟུན་མཁས་བྱེད་བཞིན་ཡོད་སྐོར་བརྗོད་འདུག་པ་མ་ཟད།  ཀུ་ཤུ་བཟོ་ཚོང་ཁང་གིས་ས་གནས་ཀྱི་ཁྲིམས་ལུགས་ལ་བསྟུན་པ་ཞེས་པའི་སྲིད་བྱུས་འོག རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་བའི་དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཁག་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བཀག་སྡོམ་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་འདུག

འདི་གའི་གསར་འགོད་པས་རྒྱ་ནག་གི་མེ་འགོག་གྱང་ཆེན་གྱིས་འགོག་བཞིན་པའི་གནས་ཚུལ་འཚོལ་ཞིབ་དྲ་རྒྱ(applecensorship.com)བརྒྱུད། ཀུ་ཤུ་ཁ་པར་བཟོ་ཚོང་ཁང་གིས་རྒྱ་ནག་ལ་ཚོང་འབྲེལ་ཆེད། དམིགས་བསལ་བོད་དོན་དང་འབྲེལ་བའི་དྲ་རྒྱ་དང་མཉེན་ཆས་སོགས་གནས་ཚུལ་ག་རེ་བཀག་འགོག་བྱེད་བཞིན་ཡོད་མེད་ཐད་ཞིབ་འཇུག་བྱེད་སྐབས། ད་ལྟ་རྒྱ་ནག་ནང་ཀུ་ཤུའི་མཉེན་མཛོད་བརྒྱུད་བོད་དོན་དང་འབྲེལ་བའི་དྲ་རྒྱ་དང་མཉེན་ཆས་ཁག་ཆ་ཚང་བཀག་སྡོམ་བྱས་ཡོད་པ་དང་། དམིགས་བསལ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་བཙན་བྱོལ་ནང་གི་བོད་པའི་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་བཀག་སྡོམ་བྱས་ཡོད་པ་ཤེས་རྟོགས་བྱུང་།

ཉེ་སྔོན་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་།  ད་ལྟ་ཀུ་ཤུ་བཟོ་ཚོང་ཁང་གིས་བོད་ཀྱི་གསར་འགྱུར་དང་། ཆོས་ལུགས་ཀྱི་བསླབ་པ་སློབ་གཉེར། དེ་བཞིན་ཡུལ་སྐོར་སྤྲོ་འཆམ། མདོར་ན་རྩེད་མོའི་རིགས་སོགས་ཁྱོན་བོད་ཀྱི་གྲགས་ཆེ་བའི་མཉེན་ཆས་ ༢༩ བཀག་སྡོམ་བྱས་ཡོད་སྐོར་བརྗོད་འདུག་ལ། ཨ་རིའི་(The Intercept)གསར་ཁང་གིས། ད་ལྟ་རྒྱ་ནག་ནང་ཨ་རིའི་ནེའུ་ཡོག་དུས་བབ་གཙོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཆེ་གྲས་མང་ཆེ་བ་བཀག་སྡོམ་བྱས་ཡོད་པ་དང་། དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བརྒྱུད་ལམ་ཁག་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཨ་རིའི་(The Intercept)གསར་ཁང་གི་གནས་ཚུལ་ནང་།  ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་གྲོས་ཚོགས་ནས་ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ནང་དྲ་རྒྱའི་རང་དབང་བཀག་སྡོམ་བྱེད་བཞིན་ཡོད་མེད་ཐད་འདྲི་ཞིབ་བྱེད་སྐབས། རྒྱ་ནག་ནང་མཉེན་ཆས་ ༦༠༠ ལྷག་དྲ་རྒྱའི་བདེ་འཇགས་དང་དྲ་ལམ་གསང་མྱོལ་སོགས་སུ་གཡོལ་ཆེད་བཀག་སྡོམ་བྱས་ཡོད་པ་ཁས་བླངས་ཡོད་ཀྱང་། རྒྱ་ནག་གཞུང་གི་འདོད་མོས་ལྟར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐད་རྩོད་སོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་ཁས་ལེན་བྱས་མེད་པ་རེད། ཕྱི་ལོ་ ༢༠༠༩ ལོར་ཀུ་ཤུ་བཟོ་ཚོང་ཁང་གིས་༧གོང་ས་མཆོག་དང་འབྲེལ་བའི་མཉེན་ཆས་ཁག་ཅིག་བཀག་སྡོམ་བྱས་ཡོད་པ་ངོས་ལེན་བྱས་ཡོད་པ་དང་། ད་ལྟ་རྒྱ་ནག་ནང་༧གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་སོགས་གནས་ཚུལ་ཚང་མ་བཀག་སྡོམ་བྱས་ཡོད་སྐོར་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༨/༢༩

Leave a Reply

3 thoughts on “ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་གཞུང་ལ་བསྟུན་མཁས་བྱེད་ཀྱི་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་ནང་བོད་དང་འབྲེལ་བའི་གནས་ཚུལ་མང་པོ་བཀག་གི་ཡོད་ན་ང་ཚོའི་
    དབུ་མའི་ལམ་རྒྱུད་ནས་རྒྱ་ནག་དང་འབྲེལ་ལམ་བརྟན་པོ་འཛུགས་མ་ཐུབ་པ་དེ་
    གསལ་པོ་རེད་འདུག་ན་ང་ཚོའི་དབུ་མའི་ལམ་རྒྱུད་ནས་རྒྱ་ནག་དང་ཐད་ཀར་
    འབྲེལ་བ་བཙུགས་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་ལས་དབུ་མའི་ལམ་
    དེ་རྒྱལ་སྤྱིའི་ནང་ས་ཁྱབ་གནམ་འཕྱར་བྱས་ནས་བོད་རྒྱའི་དཀའ་སྙོགས་སེལ་
    རྒྱུའི་ཚབ་ཏུ་བོད་རྒྱའི་དཀའ་སྙོགས་ཆེ་རུ་གཏོང་སྲིད་པ་ནི་དེང་སྐབས་རྒྱ་ནག་
    གིས་བོད་ཐོག་འཛིན་པའི་སྲིད་ཇུས་དེ་དེ་སྔོན་རིག་གནས་གསར་བརྗེའི་སྐབས་ཀྱིས་
    དུག་ཚུབ་ལས་ཆེ་བ་མེད་ན་ཡང་ཆུང་བ་མེད་ན་ང་ཚོའི་ངོས་ནས་དབུ་ལམ་ལ་འགན་
    ཁྱེར་སྟངས་ལ་དོ་སྣང་ཟབ་ཙམ་མ་གནང་ཚེ་མགོ་ལས་རྨ་ཆེ་བ་བཟོ་མི་སྲིད་པ་མིན་ན་
    འགན་ཡོད་ཚང་མས་དབུ་ལམ་ལ་འགན་འཁུར་ནས་བོད་རྒྱའི་འབྲེལ་ལམ་གྱིས་ཁ་
    ཕྱོགས་མ་ནོར་བ་བྱེད་དགོས།

  2. བོད་ཀྱི་དུས་བབ་ཚགས་ཤོག་ཁང་ལ་དུས་ཚོད་ཉག་ཕྲ་འདི་ལྟ་བུར་། བོད་ཀྱི་གསར་ཤོག་འདི་ལྟར་འདོན་སྤེལ་གནང་བ་ལ་བཀྲན་ཆེ། ཁྱེད་རྣམ་པས་ཕྱག་ལས་གང་དྲག་དྲག་དང་། གནས་ཚུལ་གང་མགྱོགས་མགྱོགས་ཁྱབ་ སྤེལ་གནང་བཞིན་འདུག་པར་བཀའ་དྲིན་ཆེ་ཞུ་ཡག་ཡིན། ། བཀྲིས་བདེ་ལེགས་ཞུ་ཡག་ཡིན།
    ???????????????

  3. བོད་ཀྱི་དུས་བབ་ཚགས་ཤོག་ཁང་ལ་དུས་ཚོད་ཉག་ཕྲ་འདི་ལྟ་བུར་། བོད་ཀྱི་གསར་ཤོག་འདི་ལྟར་འངོན་སྤེལ་གནག་བ་ལ་བཀྲན་ཆེ། ཁྱེད་རཉནམད་ཕྱག་ལས་གང་དྲག་དྲག་དང་། གནས་ཚུལ་གང་མགྱོགས་མགྱོགས་ཁྱབ་ སྤེལ་གནང་བཞིན་འདུག་པར་བཀའ་དྲིན་ཆེ་ཞུ་ཡག་ཡིན། ?????