འཛམ་གླིང་འདིའི་མ་འོངས་པ་ནི་ང་ཚོ་རང་གི་ལག་ཏུ་ཡོད་པ་རེད་ཅེས་གསུངས།

༧གོང་ས་མཆོག་གིས་རྒྱ་གར་རྒྱལ་ཡོངས་ཁཱ་ཐོ་ལའེ་ཁུ་མཐོ་སློབ་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་སློབ་གསོ་དང་འཕྲོད་བསྟེན་ཞབས་ཞུའི་ཐད་ནས་ནང་པའི་དགེ་འདུན་པ་ཚོས་ཡེ་ཤུ་གཅེན་གཅུང་ཚོར་སློབ་སྦྱོང་བྱེད་དགོས་པ་དང་ལྟ་གྲུབ་ཀྱི་ཐོག་ནས་ཡེ་ཤུའི་རྗེས་འཇུག་པ་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་རིན་ཡོད་སྐོར་གསུངས་འདུགཁ་སང་ཕྱི་ཚེས་ ༣༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་རྒྱལ་ཡོངས་ཁཱ་ཐོ་ལའེ་ཁུ་མཐོ་སློབ་མཐུན་ཚོགས་(All India Association of Catholic Schools)ཀྱི་ཚོགས་ཆེན་ཐེངས་ ༥༢ པའི་སྟེང་ཆིབས་བསྒྱུར་གྱིས་བླངས་དོར་བཀའ་སློབ་བསྩལ་སྐབས། ངོས་ནས་ནམ་རྒྱུན་དུས་རབས་ཉི་ཤུ་དང་ཉེར་གཅིག་པའི་མི་རབས་སྐོར་བཤད་ཀྱི་ཡོད། ངོས་རང་དུས་རབས་ཉི་ཤུའི་ཁོངས་གཏོགས་ཡིན་པ་དང་། ཁྱེད་རང་ཚོ་མང་ཆེ་བ་དུས་རབས་ཉེར་གཅིག་པའི་མི་རབས་ཆགས་ཀྱི་ཡོད། འདས་པ་ནི་འདས་ཟིན་པ་རེད། ང་ཚོས་འགྱུར་བ་གཏོང་ཐུབ་ཀྱི་མ་རེད། འགྲོ་བ་མིའི་རིགས་དང་འཛམ་གླིང་འདིའི་མ་འོངས་པ་ནི་ང་ཚོ་རང་གི་ལག་ཏུ་ཡོད། དེར་བརྟེན། ཁ་སང་དེ་རིང་འཛམ་གླིང་ནང་ལྟ་ཡོང་དུས་དཀའ་ངལ་མང་པོ་ཞེ་དྲགས་འདུག

ཐོག་མར་ཕྱུག་པོ་དང་དབུལ་ཕོངས། འབྱོར་ལྡན་གྱི་རྒྱལ་ཁབ་ཅིག་ལ་ཆ་མཚོན་ན་ཀླད་པར་དཀའ་ངལ་ཡོད་པ་རེད། ཚན་རིག་པ་ཁག་ཅིག་གིས་འགྲོ་བ་མིའི་གཞི་རྩའི་རང་བཞིན་བྱམས་བརྩེ་ལྡན་པ་ཡོད་ཟེར་གྱི་ཡོད། དེ་ནི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པ་དང་། སྤྱི་ཚོགས་སེམས་ཅན་གང་རུང་ཞིག་གི་འཚོ་རྟེན་དང་བདེ་སྐྱིད་ནི་ཉེ་འཁོར་ཚོགས་སྡེ་ཁག་ལ་བརྟེན་བསྡད་ཡོད། དེར་བརྟེན། སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས། ང་ཚོ་སྐྱེས་མ་ཐག་ནས་རང་བཞིན་བྱམས་བརྩེ་ལྡན་པ་ཡོད། བྱིས་པ་ཆུང་ཆུང་ཚོར་ལྟ་ཡོང་དུས་མིའི་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པ་གསལ་བསྡད་ཡོད། བྱིས་པ་ཚོས་རྩེད་མོ་མཉམ་དུ་རྩེ་བ་དང་། ཁོ་ཚོས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་བསམ་པ་ལས་ཆོས་ལུགས་དང་རྒྱལ་ཁབ་གང་ཡིན་སོགས་ལ་སྣང་བ་གཏོང་གི་མེད། ང་ཚོ་སྐྱེས་མ་ཐག་ཨ་མའི་བྱམས་བརྩེ་ཤུགས་ཆེན་ཐོབ་ཡོད། ཨ་མའི་བྱམས་བརྩེ་མེད་པ་ཡིན་ན་ང་ཚོ་འཚོ་ཐུབ་ཀྱི་མེད། ཨ་མ་དང་ཉེ་འཁོར་གྲོགས་པོ་ཚོའི་བྱམས་བརྩེ་ཆ་ཚང་ཐོབ་པའི་མི་ཞིག་ཡིན་ན། མི་དེར་ཚེ་གང་བོར་སེམས་པ་བདེ་འཇགས་ཀྱིས་ཁེངས་ཡོད་པ་རེད། ཨ་མས་གཡུགས་པ་དང་ཨ་མའི་བྱམས་བརྩེ་ཞེ་དྲགས་མ་ཐོབ་པའི་མི་ཞིག་ཡིན་ན།  ག་དུས་ཡིན་ཡང་སེམས་ནང་འཇིགས་སྣང་གིས་ཁེངས་པ་དང་མི་ཚེ་ཧྲིལ་པོར་བདེ་འཇགས་མེད་པའི་ཚོར་སྣང་ཡོད་པ་ལྟ་བུ་ཡོད། དེར་བརྟེན། ད་ལྟ་ང་ཚོ་གཞི་རྩའི་ཆ་ནས་སྤྱི་ཚོགས་སེམས་ཅན་ཡིན་པ་དང་། ཁ་སང་དེ་རིང་གི་དངོས་ཡོད་གནས་སྟངས་ནི་ཁྱེད་རང་ཚོ་ལྟ་བུ་ཡིན་ན། ཁྱེད་ཚོའི་མ་འོངས་པ་རྒྱ་གར་གྱི་མི་མང་ལ་ཐུག་གི་ཡོད་པ་དང་། རྒྱ་གར་གྱི་མ་འོངས་པ་ཉེ་འཁོར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་རག་ལས་ཡོད། ཨེ་ཤ་ཡ་ཁྱོན་ཡོངས་ཀྱི་མ་འོངས་པ་འཛམ་གླིང་འདིའི་འགྲོ་བ་མི་གཞན་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་རེད། དེར་བརྟེན། མི་འབོར་དང་འཕྲུལ་ཆས། འཚོ་བ་རོལ་སྟངས་ཙམ་མ་གཏོགས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་འགྲོ་བ་མིའི་ཚོགས་སྡེ་ཞིག་ཡིན། འདི་ནི་དོན་དངོས་རེད། གལ་སྲིད་ང་ཚོས་དོན་དངོས་འདི་སེམས་ལ་ཉར་བ་དང་ལག་བསྟར་བྱས་པ་ཡིན་ན། ང་ཚོས་ཕན་ཚུན་དབར་དམག་འཁྲུག་བརྒྱབས་ཏེ་གསོད་རེས་བྱེད་དགོས་ཀྱི་མ་རེད། ཅེས་གསུངས།

ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་འཛམ་གླིང་ནང་ཞབས་འདེགས་ཞུས་ཡོད་སྐོར་ལ་༧མགོན་པོ་མཆོག་གིས། ངོས་ནས་རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་ཚང་མ་མཐུན་སྒྲིལ་ངང་གནས་ཐུབ་པའི་དཔེ་མཚོན་དུ་འཇོག་གི་ཡོད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མ་རྒྱལ་ཁབ་འདིའི་ནང་མཉམ་གནས་བྱེད་ཀྱི་ཡོད་པ་དང་། མི་མང་གིས་ཀྱང་ཆོས་ལུགས་ཀྱི་སྲོལ་རྒྱུན་མི་འདྲ་བ་མང་པོ་ཡོད་པ་ཧ་གོ་ཡི་ཡོད་སྟབས། ཁོ་ཚོས་རང་བཞིན་གྱིས་ཕན་ཚུན་ལ་གུས་ཞབས་དང་སློབ་སྦྱོང་བྱེད་ཀྱི་ཡོད། དེ་སྔོན་ཐེ་ལན་ཌིའི་ནང་། ངོས་ཐེ་ལན་ཌིའི་ནང་པའི་ཆོས་ཚོགས་ཀྱི་མགོ་འཁྲིད་སཱན་གྷ་ར་ཇྰ་(Sangharaja)ལ་ཐུག་བྱུང་། ཁོང་་ལ་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོས་སློབ་གསོ་དང་འཕྲོད་བསྟེན་སོགས་གོང་འཕེལ་ཞེ་དྲགས་གཏོང་གི་འདུག་པས། ནང་པའི་རྗེས་འབྲང་པ་ཚོས་ཀྱང་སྤྱི་ཚོགས་ནང་བྱེད་སྒོ་མང་ཙམ་སྤེལ་དགོས་ཀྱི་འདུག་ཅེས་བཤད་པ་ཡིན། ཁོང་གིས་གྲྭ་པ་ཚོ་ཁེར་རྐྱང་དུ་སྡོད་དགོས་ཀྱི་ཡོད་ཞེས་ཤོབ་རྩེད་མཛད། དེ་ནི་དོན་དངོས་རེད། ང་ཚོས་ཕན་ཚུན་ལ་སློབ་སྦྱོང་བྱེད་ཆོག་གི་རེད། འཛམ་གླིང་ཁྱོན་ཡོངས་ནང་ཡེ་ཤུ་ཆོས་ལུགས་ཀྱི་གཅེན་གཅུང་ཁྱེད་རང་ཚོས་སློབ་གསོའི་ཐོག་ཞབས་འདེགས་རྒྱ་ཆེ་ཞུས་ཡོད། དེ་ནས་འཕྲོད་བསྟེན་ཐོག ངོས་ནས་ཡེ་ཤུའི་བཙུན་མ་ཁག་ཅིག་གིས་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་འཕྲོད་བསྟེན་ཐོག་ལས་ཀ་བྱེད་བཞིན་དང་། གྲྭ་པ་ཚོས་མི་སྐྱོ་བོའི་རིགས་ལ་རོགས་པ་བྱེད་བཞིན་པ་མཐོང་བྱུང་། དེར་བརྟེན། ནང་པའི་དགེ་འདུན་པ་ཚོས་གནད་དོན་འདི་དག་ཁྱེད་རང་ཚོ་ཡེ་ཤུ་གཅེན་གཅུང་ཚོར་སློབ་སྦྱོང་བྱེད་དགོས་ཀྱི་འདུག དེ་མཚུངས་ལྟ་གྲུབ་ཀྱི་ཐོག་ནས་ཡེ་ཤུའི་རྗེས་འཇུག་པ་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཆགས་བསྡད་ཡོད། ཅེས་གསུངས་འདུགདེའི་རྗེས་སློབ་ཕྲུག་ཁག་ཅིག་གི་དྲིས་པ་དྲིས་པར་༧གོང་ས་མཆོག་གིས། ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་སྒོམ་སོགས་བཤད་ཀྱི་ཡོད་དང་། འཛམ་གླིང་ཆོས་ལུགས་ཆེ་གྲས་ཁག་ཚང་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་པའི་ནུས་པ་ཡོད་པ་རེད། མི་ཁག་ཅིག་གིས་ཆོས་ལུགས་མིང་འཁྱེར་བ་ཙམ་དོན་དངོས་ཐོག་ཁོ་ཚོ་ཆོས་ཉམས་ལེན་བྱེད་མཁན་རེད་མི་འདུག་ག ཁོ་ཚོས་ཆོས་ལུགས་ཀྱི་མིང་ཐོག་ནས་གསོད་རེས་བྱེད་ཀྱི་ཡོད་པ་དང་། ད་དུང་ཆོས་ལུགས་ཁག་གིས་ང་ཚོ་དང་ཁྱེད་ཚོ་ཞེས་པའི་ཚིག་འདི་དག་བེད་སྤྱོད་ཞེ་དྲགས་གཏོང་གི་འདུག ང་ཚོ་ཆོས་ལུགས་ཀྱི་སྲོལ་རྒྱུན་ག་འདྲ་ཞིག་ཡིན་ཡང་། ཆོས་ལུགས་དེའི་རྗེས་འབྲངས་པ་ཚོར་ཆོས་ལུགས་ཀྱི་ཕུགས་མདུན་དངོས་མ་ནི། མི་ཚང་མ་གཅེས་གཅུང་ཡིན་པའི་འདུ་ཤེས་སྟེང་ཚང་མ་མཐུན་སྒྲིལ་བཟོ་རྒྱུ་ཡིན་པའི་སློབ་གསོ་སྤྲོད་རྒྱུ་གལ་ཆེན་ཆགས་ཡོད། ཅེས་གསུངས་འདུག

དྲི་བ་དྲིས་ལན་གྱི་སྐབས་སུ་སློབ་ཕྲུག་ཅིག་གིས། ཀཱ་ཤི་མིར་རྩོད་རྙོག་ཐད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེ་ནི་རྙོག་དྲ་ཚ་པོ་ཞེ་དྲགས་རེད། ངོས་རང་ཕལ་ཆེ་ཁུ་སིམ་མེར་བསྡད་ན་ཡག་ཤོས་རེད་བསམ་གྱི་འདུག པཱ་ཀི་སི་ཐན་གྱི་མི་མང་མང་པོ་ཞིག་གི་དཔལ་འབྱོར་གྱི་གནས་སྟངས་རྒྱ་གར་ལས་ཞན་པ་ཡོད་པས། ས་མཚམས་བརྒྱུད་ཉིན་རེར་རྒྱ་གར་གྱི་ཆོས་ལུགས་པ་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། དེ་ནས་ཆབ་སྲིད་ཀྱི་ས་མཚམས་དང་འབྲེལ་ནས་ཆབ་སྲིད་པ་ཁག་ཅིག་གིས། གཡོ་ཐབས་བཀོལ་བཞིན་ཡོད་པ་རེད། དེར་བརྟེན། རྙོག་དྲ་ཚ་པོ་ཞེ་དྲགས་རེད་ལ། ང་ཚོ་འགྲོ་བ་མི་ཚོས་དམིགས་ཡུལ་ལྡན་པའི་ཐོག་ནས་རྙོག་དྲ་ཆེ་རུ་གཏོང་གི་ཡོད་པ་རེད། དེ་ནི་ངོས་ཀྱི་ཚོར་སྣང་ཡིན། ཞེས་གསུངས།

ཡང་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་བོད་ལ་རང་དབང་ཐོབ་སྲིད་དམ་ཞེས་བཀའ་དྲིས་ཞུས་པར་༧གོང་ས་མཆོག་གིས། བོད་པ་དང་ཧན་མི་རིགས་གཉིས་ལ་ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཡོད། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གི་སྲས་མོར་གཉེན་སྒྲིག་བྱས་པ་དང་། ནང་ཆོས་ཐོག་ཡིན་ན་རྒྱ་ནག་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་བསམ་གྱི་འདུག ནང་པའི་བྱིན་རྟེན་གལ་ཆེ་ཤོས་ཤིག་རྒྱ་ནག་ནས་འཁྱེར་ཡོང་བ་རེད། སྟོན་པའི་བྱིན་རྟེན་དེ་ཐོག་མར་རྒྱ་གར་ནས་རྒྱ་ནག་ནང་གདན་འདྲེན་ཞུས་ཏེ།  རྒྱ་ནག་ཐང་རྒྱལ་རབས་སྐབས་རྒྱལ་ས་ཞི་ཨན་དུ་ཉར་ཡོད་པ་རེད། དེ་ནས་དུས་རབས་བདུན་པའི་ནང་བོད་ལ་གདན་དྲངས་པ་རེད། དེ་ནས་བྱིན་རྟེན་ད་ལྟ་ལྷ་སར་ཡོད་པ་དང་། ང་ཚོས་བྱིན་རྟེན་དེ་གལ་ཆེན་ཞེ་དྲགས་བརྩི་ཡི་ཡོད། དེར་བརྟེན། ཁྱེད་ཀྱིས་ཤེས་གསལ་ལྟར་ང་ཚོའི་འབྲེལ་བ་ཐག་ཉེ་བོ་ཞེ་དྲགས་ཡོད། ད་ལྟ་རྒྱ་ནག་ནི་འཛམ་གླིང་གི་ནང་པའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཁོ་ཚོས་བོད་ཀྱི་ནང་ཆོས་ནི་རྒྱ་གར་ནཱ་ལེནྡྲའི་ནང་ཆོས་ཡང་དག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ནཱ་ལེནྡྲའི་ནང་ཆོས་ནི་ཚན་རིག་དང་མཐུན་པའི་ཆོས་ལུགས་ཤིག་ཆགས་ཀྱི་ཡོད་པ་རེད།

ང་ཚོའི་ཕྱོགས་ནས་བོད་རང་བཙན་རྩོད་ཀྱི་མེད། ངོས་ནས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ་ཡི་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཧྥ་རན་སི་དང་འཇར་མན་གཉིས་ནས་དམག་འཁྲུག་བརྒྱབས་ཏེ་གསོད་རེས་བྱས་ཡོད་ཀྱང་། དེའི་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཚོས་ཐུན་མོང་གི་ཁེ་ཕན་གལ་ཆེན་དུ་རྩིས་ཏེ་ཡུ་ཡོབ་མཉམ་འབྲེལ་མཐུན་ཚོགས་བཙུགས་པ་རེད་ལ། ཡུ་རོབ་མཐུན་ཚོགས་བཙུགས་རྗེས་གསོད་རེས་བྱུང་ཡོད་པ་མ་རེད། དེ་མཚུངས་ང་ཚོ་ཡིན་ཡང་རྒྱ་ཆེ་བའི་རྒྱ་ནག་མཉམ་འབྲེལ་མཐུན་ཚོགས་ནང་འདུག་འདོད་ཡོད། ཐུན་མོང་གི་ཁེ་ཕན་ལ་དམིགས་ཏེ་ཁ་བྲལ་རྩོད་ཀྱི་མེད། ང་ཚོས་ལྟ་གྲུབ་ཐོག་ནས་རྒྱ་ནག་མི་མང་ས་ཡ་མང་པོར་རོགས་པ་བྱེད་ཐུབ་ཀྱི་ཡོད་ལ། དཔལ་འབྱོར་གྱི་ཐོག་ནས་ཁོ་ཚོས་ང་ཚོར་རོགས་པ་བྱེད་ཐུབ་ཀྱི་ཡོད། ཕྱི་ལོ་ ༡༩༧༤ ལོ་ནས་ང་ཚོས་རང་བཙན་རྩོད་རྒྱུ་མིན་པའི་ཐག་གཅོད་བླངས་ཡོད། དེ་ནི་རྒྱ་གར་གྱི་སྲིད་བློན་ནེའུ་རོ་དམ་པའི་ལམ་སྟོན་ཞིག་ཀྱང་ཡིན། ཞེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply