ཛིམ་བྷ་བྷེའི་སྲིད་འཛིན་ཟུར་པ་འདས་གྲོངས་སུ་ཕྱིན།

ལོ་ངོ་ ༤༠ མ་ཟིན་ཙམ་རིང་ཛིམ་བྷ་བྷེ་རྒྱལ་ཁབ་ཀྱི་སྲིད་དབང་བཟུང་བའི་སྲིད་ཟུར་རོ་བྷར་ཊི་མོ་གྷ་བྷི་སེངྒ་པུར་ནང་འདས་གྲོངས་སུ་ཕྱིན་ཡོད་འདུགདེ་རིང་ཞོགས་པར་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཛིམ་བྷཱ་བྷེའི་(Republic of Zimbabwe)ཡི་ལས་ཐོག་སྲིད་འཛིན་སྐུ་ཞབས་ཨེ་མར་སན་(Emmerson Mnangagwa)ཡི་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊི་ཝེ་ཊིར་སྟེང་།  ཛམ་བྷ་བྷེ་རྒྱལ་ཁབ་འཛུགས་སྐྲུན་མཁན་དང་རྒྱལ་ཁབ་ཀྱི་ཡབ་ཆེན་སྲིད་འཛིན་ཟུར་པ་རོ་བྷར་ཊི་མོ་གྷ་བྷི་(Robert Mugabe)རང་ལོ་ ༩༥ ཐོག་སེངྒ་པུར་གྱི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་སོང་ཡོད་སྐོར་བརྗོད་འདུག་ལ། སྲིད་འཛིན་ཟུར་པ་རོ་བྷར་ཊི་མོ་གྷ་བྷི་ཡིས་འདས་པའི་ལོ་ངོ་ ༤༠ མ་ཟིན་ཙམ་རིང་ཡུལ་དེའི་སྲིད་དབང་བཟུང་ཡོད་འདུག

སྲིད་འཛིན་ཟུར་པ་རོ་བྷར་ཊི་མོ་གྷ་བྷི་ཡིས་ཕྱི་ལོ་ ༡༩༨༠ ནས་ ༢༠༡༧ བར་ཁྱོན་ལོ་ངོ་ ༣༧ རིང་ཡུལ་དེའི་སྲིད་དབང་བཟུང་ཡོད་པ་དང་། ཡུལ་དེའི་མི་མང་པོ་ཞིག་གིས་སྲིད་འཛིན་མོ་གྷ་བྷི་ནི་ཨ་ཧྥེ་རི་ཁའི་རང་བཙན་རྩོད་ལེན་བྱེད་མཁན་དང་རྒྱལ་ཁབ་འཛུགས་སྐྲུན་མཁན་དཔའ་བོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་དང་། ཡང་མི་ཁག་ཅིག་གིས་ཁོ་ནི་སྲིད་དབང་སྒེར་གཅོད་པ་ཞིག་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་རྩ་རྒུད་དུ་གཏོང་མཁན་གཏེ་བོ་ཞིག་ཏུ་ངོས་འཛིན་གྱིས། ཁོང་སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་ཀྱང་།  ཁོས་དེ་སྔོན་དཀོན་མཆོག་ཁོ་ན་མ་གཏོགས་ང་སྲིད་དབང་གི་གོ་ས་ནས་འཕུད་ཐུབ་མཁན་མེད། ཅེས་བརྗོད་མྱོང་ཡོད་འདུག

ཡིན་ན་ཡང་། ཕྱི་ལོ་ ༢༠༡༧ ལོར་ཛིམ་བྷ་བྷེའི་ནང་ཆབ་སྲིད་རྙོག་ཟིང་དང་མི་མང་གི་ངོ་རྒོལ་ཤུགས་ཆེན་བྱུང་བ་དང་། དྲག་པོའི་དམག་མིའི་གནོན་ཤུགས་སོགས་ཀྱི་རྐྱེན་བྱས་ཏེ། མཐར་སྲིད་འཛིན་ཟུར་པ་རོ་བྷར་ཊི་མོ་གྷ་བྷི་ཡིས་ལོ་ན་ ༩༣ སྟེང་སྲིད་འཛིན་གྱི་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་རེད། སྐབས་དེར་ཁོང་གིས་ང་ལ་ད་ལྟ་བར་དུ་རང་ཉིད་ཀྱི་སྲིད་དོན་ཚོགས་པ་དང་། དམག་མི། དེ་བཞིན། མི་མང་བཅས་ཀྱིས་སྲིད་སྟེགས་ལས་རྩ་དགོངས་ཞུ་དགོས་པའི་གནོན་ཤུགས་སྤྲད་སྟབས། ད་ལྟ་ངས་དྭང་བླངས་ཐོག་རྩ་དགོངས་ཞུས་ཏེ། ཞི་བའི་ངང་གཞུང་འདིའི་སྲིད་དབང་འཕོ་འགྱུར་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་དང་། སྐབས་དེར་ཡུལ་དེའི་མི་མང་གིས་ཁོང་རྩ་དགོངས་ཞུས་པར་དགའ་སྤྲོའི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།ཕྱི་ལོ་ ༢༠༡༨ ལོར་ཛིམ་བྷ་བྷེའི་རྒྱལ་ཁབ་ནང་ལོ་ངོ་ ༤༠ མ་ཟིན་ཙམ་རྗེས་སུ་སྲིད་འཛིན་འོས་བསྡུ་ཐེངས་དང་པོ་བྱས་ཡོད་པ་དང་། འོས་བསྡུའི་ནང་ཛིམ་བྷ་བྷེའི་རྒྱལ་ཡོངས་ནང་མི་གྲངས་ས་ཡ་ ༥.༦ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་རྩ་དགོངས་ཞུས་ཚར་བའི་སྲིད་འཛིན་ཟུར་པ་རོ་བྷར་ཊི་མོ་གྷ་བྷི་ཡིས། ཁོང་རང་གི་བཟའ་ཟླ་གྷ་རཱ་སི་མུ་གྷ་བྷེ(Grace Mugabe)སྲིད་འཛིན་དུ་བསྐོ་བཞག་བྱེད་པར་འབད་བརྩོན་མང་པོ་བྱས་ཡོད་ཀྱང་ནུས་པ་ཐོན་མེད་པར།  དགུང་ལོ་ ༧༦  ཡིན་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེ་མར་ཟན་(Emmerson Mnangagwa)ལགས་སུ་རྒྱལ་ཁ་ཐོབ་ཡོད་པ་དང་། འོས་བསྡུའི་སྐབས་དང་བསྟུན་བྷི་བྷི་སིའི་གསར་འགོད་པས་རོ་བྷར་ཊི་མོ་གྷ་བྷི་ལ་བཅར་འདྲི་བྱས་པར། ཁོང་གིས་ང་ནི་སྲིད་འཛིན་དུ་འདུག་ཐུབ་མཁན་འོས་མི་གཅིག་པུ་དེ་ཡིན་ཞེས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱས་མེད་འདུག

ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ལྟེ་གནས་ཟེར་བ་ཞིག་གིས། ལོ་དེའི་ཁུང་ཙི་ཞི་བདེའི་གཟེངས་རྟགས་ཟེར་བ་དེ་རོ་བྷར་ཊི་མོ་གྷ་བྷི་ལ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ཁོང་གིས་གཟེངས་རྟགས་དེར་རིན་ཐང་མེད་པ་མ་ཟད། དེ་བླངས་བ་ཡིན་ན་རྩོད་རྙོག་ཡོང་གཞི་ཞིག་ཏུ་འགྱུར་སྲིད་སྐོར་བརྗོད་དེ་དྭང་ལེན་བྱ་རྒྱུ་མིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་གཟེངས་རྟགས་དེ་སྲིད་དབང་སྒེར་གཅོད་པ་ཞིག་ལ་སྤྲད་པ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་བྱུས་ཤིག་དང་། ཁུང་ཙི་ཞི་བདེའི་གཟེངས་རྟགས་ཟེར་བ་དེ་མིང་ཙམ་རེད་མ་གཏོགས་ཞི་བདེ་དང་གཏན་ནས་འབྲེལ་བ་མེད་པ་མ་ཟད། རྒྱ་ནག་གིས་གཟེངས་རྟགས་དེ་སྤྲད་ནས་གུང་ཁྲན་རིང་ལུགས་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་བྱེད་ཐུབ་པའི་དམིགས་ཡུལ་ཡིན་སྐོར་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོནམཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply