ཉིན་གྲངས་ ༣ རིང་གི་གསུང་ཆོས་ལེགས་པར་གྲུབ།

དེ་རིང་གསུང་ཆོས་སྐབས་༧གོང་ས་མཆོག་གིས་ནད་ན་ཚ་ཅན་གྱིས་སྒྲོལ་མའི་གཟུངས་སྔགས་བཏོན་ན་ཕྲན་བུ་ཕན་པ་དང་མ་ཎི་ཡིས་སེམས་བརྒྱུད་དུལ་བ་དང་སེམས་ལྷོད་དུ་འགྲོ་བར་ཏོག་ཙམ་ཕན་གྱི་ཡོད་སྐོར་གསུངས་སོང་།ཟླ་འདིའི་ཕྱི་ཚེས་ ༤ ནས་ཉིན་གྲངས་གསུམ་རིང་། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་ཡོང་བའི་དད་ལྡན་དོན་གཉེར་ཅན་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མི་གྲངས་ ༦༠༠༠ ཡས་མས་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་དེ་རིང་ནས་ལེགས་པར་གྲུབ་སོང་བ་དང་། ༧གོང་ས་མཆོག་ནས་ཐེངས་འདིའི་ཆོས་འབྲེལ་ཚང་མ་ལེགས་པར་ཟིན་པས། ལོ་རྗེས་མའི་ཆོས་འབྲེལ་ལ་བསྒུག་གི་ཡིན། ཞེས་གསུངས་སོང་།

གསུང་ཆོས་སྐབས་༧གོང་ས་མཆོག་གིས། ནམ་རྒྱུན་གང་ཟག་ལ་དག་སྣང་དང་ཆོས་ལ་བརྟག་དཔྱད་དགོས་གསུང་གི་ཡོད་པ་རེད། དེ་བླ་མས་གསུངས་པ་རེད་ལབ་ནས་རྨོངས་དད་ལྟ་བུར་མ་ཕྱིན་པར་བླ་མའི་གསུངས་པ་དེའི་རྒྱུ་མཚན་དང་དགོས་པ་ག་རེ་ཡིན་པ་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད། སྔ་མོ་ངོས་ཀྱིས་དོལ་རྒྱལ་གསོ་ཡི་ཡོད་པ་རེད། དོལ་རྒྱལ་བསྟེན་གྱི་ཡོད་པ་རེད། རྗེས་སུ་༧གོང་ས་ལྔ་པ་ཆེན་པོའི་གསུང་གི་ནང་སྨོན་ལམ་ལོག་པའི་འབྱུང་བོ་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་གསུངས་འདུག རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པ་དང་ངོ་བོའི་ཁྱད་པར་འབྱུང་བོ། བྱེད་ལས་ཀྱི་ཁྱད་པར་བསྟན་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཟེར་བ་ཞིག་རྒྱལ་དབང་ལྔ་པས་གསུངས་འདུག རྒྱལ་དབང་ལྔ་པ་ལས་སླ་པོ་རང་ཡོད་པ་མ་རེད། ཆུང་དུས་ཡོངས་འཛིན་དཀོན་མཆོག་ཆོས་འཕེལ་གཙོ་བོ་བྱས་ནས་སློབ་སྦྱོང་ཤུགས་ཆེན་པོ་གནང་བ་དང་རྒྱལ་དབང་ལྔ་པར་ཕར་ཕྱིན་བློ་བཟང་དགོངས་རྒྱན་ཡོད་པ་རེད། དེ་བཞིན་དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཡོད་པ་རེད། དངོས་གནས་མཁས་གྲུབ་གཉིས་ལྡན་ཞིག་རེད་འདུག དེ་ནས་ལྷག་པའི་ལྷ་ཡི་ཞལ་གཟིགས་ཞེ་པོ་ཡོང་ཡོད་པ་རེད། དེ་བས་ལས་སླ་བོ་མེད་པ་དང་ཁོང་གིས་གསུངས་པ་དེ་ཚོར་རྒྱུ་མཚན་ཞིག་ཡོད་པ་རེད། རྗེས་སུ་ངས་བརྟག་དཔྱད་མང་པོ་བྱས་ཏེ་བརྟག་དཔྱད་ག་རེ་བྱས་པ་ཚང་མ་སྔ་ཕྱི་མཐུན་པ་ཞིག་གང་ལྟར་ངོས་ཀྱིས་དོལ་རྒྱལ་བསྟེན་ན་ཡག་པོ་མེད་པ་ཞིག་བྱུང་སྟབས། ངོས་ཀྱིས་དོལ་རྒྱལ་བཞག་པ་རེད། དོལ་རྒྱལ་གྱི་གནས་སྟངས་གང་འདྲ་ཡིན་པ་དེ་ ངོས་ཀྱིས་བརྟག་དཔྱད་རིམ་པ་བྱས་ནས་ཚོད་ཐུག་པོ་ཞིག་ཆགས་ཡོད་དུས་བཤད་དགོས་པ་དེ་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་མིན་སོ་སོའི་བསམ་བློ་རེད། དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་ལག་པར་རེད། གང་ལྟར་བསྟེན་ན་དགོས་མཚན་མེད་པར་གནོད་པ་ཡོད་པ། གང་ལྟར་འཇམ་མགོན་རྒྱལ་བའི་བསྟན་སྲུང་གསུང་གི་ཡོད་པ་རེད་དེ་རྒྱལ་པོ་ཤུགས་ལྡན་གྱིས་རྗེ་རིན་པོ་ཆེ་ཡི་བསྟན་པ་ལ་ཞབས་འདེགས་ག་རེ་བསྒྲུབས་འདུག གང་ལྟར་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་པ་ལ་ཞེ་པོ་བྱུང་འདུག་མ་གཏོགས་རྗེ་རིན་པོ་ཆེའི་བསྟན་པ་ལ་ཕན་པ་གང་ཡང་བྱུང་མི་འདུག ཅེས་གསུངས་འདུགཡང་སངས་རྒྱས་ཀྱི་བཀའ་བསྟན་ལ་སློབ་གཉེར་གནང་དགོས་སྐོར་༧གོང་ས་མཆོག་གིས། བཀའ་འགྱུར་བསྟན་འགྱུར་དེ་ཚོར་མ་བལྟས་པར་ཆོས་འཁོར་བསྐོར་རོགས་གནང་ཞུས་པ་ཡིན་ན། དཔེར་ན་དཔལ་ལྡན་ཆོས་གྲགས་ད་ལྟ་འདིར་ཡོད་པ་ཡིན་ན། ངོས་ཀྱིས་ཆོས་འཁོར་བསྐོར་ཚར་ཡིན་ལ་དཔེ་ཆ་མང་པོ་བྲིས་ཡོད། དེ་དག་ལ་ལྟ་ཡི་མི་འདུག་གསུངས་ཚེ། ག་རེ་བྱེད་ཀྱི་ཡིན་ནམ་ཞེས་ངོས་ཀྱིས་ནམ་རྒྱུན་ཟེར་གྱི་ཡོད། མཁས་པའི་དབང་པོ་དེ་དག་གིས་ལེགས་བཤད་བརྩམས་ནས་ཆོས་འཁོར་བསྐོར་བ་དེ་ཕར་བཞག་ནས་ཆོས་འཁོར་བསྐོར་རོགས་ཞུས་ན་ངོས་ཀྱིས་དེ་ཡ་མཚན་པོ་ཞིག་མཐོང་གི་འདུག ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཁྱེད་རང་ཚོ་ནད་དང་ན་ཚ་ཡོད་མཁན་གྱི་རིགས་དེ་ཚོས་སྒྲོལ་མའི་གཟུངས་སྔགས་བཏོན་ན་ཕྲན་བུ་ཕན་ཐོགས་ཡོང་གི་རེད། ཁྱེད་རང་ཚོ་དང་རང་ཉིད་ཀྱི་བུ་ཕྲུག་རྣམས་ལ་ཨ་ར་པ་ཙ་བགྲངས་ན་རིག་པ་ཡག་ཏུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པ་རེད། དེ་བཞིན་མ་ཎི་ནི་སེམས་བརྒྱུད་དུལ་བ་དང་སེམས་ལྷོད་དུ་འགྲོ་བ། སེམས་ལ་ཁོང་ཁྲོ་སླེབ་ན་མ་ཎི་བགྲངས་ཚེ་ཏོག་ཙམ་སེམས་ལྷོད་ལ་འགྲོ་ཡི་རེད། དེ་རིང་ཐེངས་འདིའི་ཆོས་འབྲེལ་ཚང་མ་ལེགས་པར་ཟིན་པས། ལོ་རྗེས་མའི་ཆོས་འབྲེལ་ལ་བསྒུག་གི་ཡིན། ཞེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༠༦

Leave a Reply