བཙན་བྱོལ་དུ་སྐུ་འཁྲུངས་པ་ཞེས་པའི་དཔེ་དེབ་དབུ་འབྱེད་གནང་།

ཐའེ་ཝན་གྱི་ཕུའུ་དབྱིན་སློབ་གྲྭ་ཆེན་མོའི་དགེ་རྒན་སུའུ་ཅཱ་ཧོང་ལགས་བཞུགས་སྒར་དུ་ཆེད་བཅར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་སྐུའི་ཡང་སྲིད་སྐོར་ལ་བྲིས་པའི་དེབ་ཅིག་དབུ་འབྱེད་གནང་འདུག 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག ཐའེ་ཝན་གྱི་ཕུའུ་དབྱིན་སློབ་གྲྭ་ཆེན་མོའི་དགེ་རྒན་སུའུ་ཅཱ་ཧོང་ལགས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་གནང་བའི་ཡང་སྲིད་སྐོར་གྱི་གསུང་བཤད་ཁག་དང༌། བརྒྱུད་ལམ་ཁག་གི་དྲི་བར་བཀའ་ལན་གནང་བ་རྣམས་སྐུ་ཞབས་ཁོང་གིས་ཕྱོགས་བསྒྲིགས་གནང་བའི་<<བཙན་བྱོལ་དུ་སྐུ་འཁྲུངས་པ།>>ཞེས་པའི་༧སྐུའི་ཡང་སྲིད་སྐོར་གྱི་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག་ལ། སྐུ་ཞབས་སུའུ་ལགས་ཀྱིས་དེ་སྔོན་བོད་སྐོར་དེབ་གཉིས་བརྩམས་ཡོད་འདུག

སྐུ་ཞབས་སུའུ་ཅཱ་ཧོང་ལགས་ཀྱིས་གསར་འགོད་པར། ཁོང་གིས་ཕྱོགས་བསྒྲིགས་གནང་བའི་དཔེ་དེབ་གསར་པ་དེ་༧གོང་ས་མཆོག་ལ་སྤྱན་འབུལ་དང་དབུ་འབྱེད་ཆེད་བཞུགས་སྒར་དྷ་རམ་ས་ལར་བཅར་ཡོད་པ་དང་། མཇལ་བཅར་སྐབས་ཐའེ་ཝན་ནང་གི་ནང་ཆོས་དང་འབྲེལ་བའི་གནད་དོན་འགར་ལམ་སྟོན་དང་། རྗེ་ཙོང་ཁ་པས་མཛད་པའི་གསུང་རབ་ཐོག་བཀའ་འཁྲིད་ཁག་ཅིག་གནང་ཡོད་སྐོར་དང་། ཐའེ་ཝན་གྱི་འོས་བསྡུ་ཡིས་མཚོ་འགག་གཉིས་ཀྱི་གནས་བབ་ཛ་དྲག་ལྟ་བུ་ཆགས་པའི་དུས་འདིར་ཐའེ་ཝན་མི་མང་གི་མངོན་འདོད་ལེགས་འགྲུབ་ཡོང་བར་ཐུགས་སྨོན་མཁོ་གལ་ཆེ་བ་ལྟར། ༧གོང་ས་མཆོག་ནས་ཐའེ་ཝན་མི་མང་ལ་ཐུགས་སྨོན་ཡོད་སྐོར་གསུངས་པ་དང་སྦྲགས། མཚོ་འགག་གཉིས་ནང་ཞི་བདེ་ལྷིང་འཇགས་ཡོང་བའི་ཐུགས་སྨོན་མཛད་ཡོད་སྐོར་བརྗོད་འདུག

ཡང་བོད་མིའི་བསམ་བློའི་དཔལ་ཡོན་སྐོར་ཁོང་གིས། ༧གོང་ས་མཆོག་གི་དབུ་འཁྲིད་འོག་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་བསམ་བློའི་འཚོ་བའི་ཐད་ནས་ཐའེ་ཐན་གྱི་མི་དང་བསྡུར་ན་ཕུན་སུམ་ཚོགས་པོ་འདུག་ཀྱང་། རྒྱ་གར་སོགས་ཕྱི་རྒྱལ་དུ་ཡོད་པའི་བཙན་བྱོལ་བོད་མི་ཚོར་དཀའ་ངལ་ཆེན་པོ་ཡོད་ཀྱང་། ས་གནས་གང་ཞིག་ཏུ་འཚོ་གནས་བྱེད་ཀྱི་ཡོད་ནའང་མི་རབས་གཉིས་པ་དང་གསུམ་པ་བྱས་ནས་མུ་མཐུད་ཆབ་སྲིད་སོགས་ཀྱི་ཐོག་ནས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བོད་ཕྱི་ནང་གང་ཟིག་ཡིན་ནའང་སེམས་ཤུགས་ཡོད་ན་བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་ཐུབ་པ་ཞིག་ཡིན་སྐོར་གསུངས་འདུག

དེ་ཡང་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱག་དཔེ་དེར་གླེང་བརྗོད་མཛད་པའི་ནང་། ཐའེ་ཝན་ཕུའུ་དབྱིན་སློབ་གྲྭ་ཆེན་མོའི་དགེ་རྒན་སུའུ་ཅཱ་ཧོང་གིས་ལོ་མང་རིང་བཙན་བྱོལ་བོད་མིའི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ། བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ་སོགས་ཀྱི་སྐོར་ལ་དེབ་གཉིས་བྲིས་ཤིང་པར་བསྐྲུན་བྱས་པར། རྒྱ་རིགས་དོ་སྣང་ཅན་རྣམས་ཀྱིས་བཙན་བྱོལ་བོད་མིའི་གནས་བབ་སྤྱི་དང༌། ལྷག་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་དར་སྤེལ་ཇི་ལྟར་བྱུང་བ་དང་། གྲུབ་འབྲས་ཅི་ཙམ་ཐོབ་པ་སོགས་ཤེས་རྟོགས་བྱེད་པར་ཕན་ཐོགས་ངེས་ཅན་ཡོད་པས་ཡི་རངས་བསྔགས་བརྗོད་བྱེད།  ད་ཐེངས་སྐུ་ཞབས་སུའུ་ལགས་ཀྱིས་ངོས་ཀྱི་ཡང་སྲིད་སྐོར་གྱི་གཏམ་བཤད་ཁག་དང་། བརྒྱུད་ལམ་ཁག་གིས་དྲི་བར་ལན་འདེབས་བྱས་པ་སོགས་ཕྱོགས་བསྒྲིགས་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཉམས་ཞིབ་ཀྱི་དེབ་ཅིག་འདོན་འཆར་ཡོད་པར། རྒྱ་ཡིག་ཀློག་པ་པོ་དག་གིས་ངོས་ཀྱི་བསམ་ཚུལ་ཤེས་རྟོགས་ཡོང་བར་དགོས་ཕན་ལྡན་པ་སྨོས་མེད་ཡིན། ལར་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་རྒྱུན་སྐྱོང་དགོས་མིན་བོད་མི་མང་གིས་ཐག་གཅོད་བྱེད་དགོས་རྒྱུ་སྔ་ས་ནས་ཡོངས་བསྒྲགས་ཟིན་པ་དང་། དེ་བཞིན་ཕྱི་ལོ་༢༠༡༡ལོའི་ཡང་སྲིད་སྐོར་གྱི་ཡོངས་ཁྱབ་གསལ་བསྒྲགས་སུ་ཞིབ་ཕྲ་གསལ་བརྗོད་ཡོད། མདོར་ན། བླ་མའི་ཡང་སྲིད་ཅེས་པ་ནི། བསམ་བཞིན་དུ་འགྲོ་བའི་དོན་ལ་བྱོན་པ་ཞིག་ཡིན་པས་བྱོན་པའི་དུས་དང་ཡུལ། རིགས་རུས་དང་ཡུམ་བཅས་གཟིགས་པ་ལྔ་ལ་གཟིགས་ནས་བྱོན་དགོས་པ་འདི་ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པས། གང་དུ་ཇི་ལྟར་སྐྱེ་བ་དང་། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་རང་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ཡིན། དེ་ལྟར་ངོས་ཀྱི་ཡང་སྲིད་ནི་ཆོས་ལུགས་ཀྱི་ལམ་སྲོལ་ཁོ་ན་ལས་སྲིད་དོན་དང་མ་འབྲེལ་བ་དགོས་རྒྱུ་ཧ་ཅང་གལ་ཆེ་བ་ནན་བརྗོད་ཟིན་པ་ཡིན། ཞེས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༡

Leave a Reply