ཚོགས་པ་ལྔ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ཀྱི་མི་རབས་གསར་པ་ཚོས་བོད་སྤྱི་པའི་སེམས་འཁུར་བླང་དགོས་པ་ཙམ་དུ་མ་ཟད་འཛམ་བུ་གླིང་གི་ས་ག་པར་ཡོད་པ་ཡིན་ན་ཡང་བོད་ཀྱི་ཚབ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་རྒྱུར་གང་ཡོང་ཅི་ཡོང་བྱེད་དགོས་སྐོར་གསུངས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཤང་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨར་ཤོད་གོ་འཇོ་མི་མང་། འབྲུག་སྡོད་བོད་མི། མདོ་ཁམས་ཆུ་བཞི་སྒང་དྲུག ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ཐུན་མོང་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྨིན་གླིང་གཏེར་བདག་གླིང་པའི་གཏེར་ཆོས་ཀྱི་ནང་ནས་ཚེ་སྒྲུབ་ཡོངས་སྙིང་ཀུན་བསྡུས་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་༧གོང་ས་མཆོག་གིས། ཁྱེད་རང་ཚོས་ལྷག་བསམ་གཅིག་ཏུ་དཀར་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། འདིས་བོད་རྒྱ་ཆེ་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་པ་མཚོན་གྱི་ཡོད་པ་རེད། ཅེས་གསུངས་སོང་།

བརྟན་བཞུགས་བསྟར་འབུལ་མ་ཞུས་གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཤང་དགའ་ལྡན་ཆོས་འཁོར་གླིང་དང་། སྤྱི་མཐུན་མཉམ་འབྲེལ། སྨར་ཤོད་གོ་འཇོ་མི་མང་དང་། འབྲུག་སྡོད་བོད་མི་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དང་། ཞབས་ཟུར་རབ་སྒང་བསོད་ནམས་དཔལ་འབྱོར་ནང་མི་བཅས་ནས་བརྟན་བཞུགས་འབུལ་རྒྱུ་རེད། ཁྱེད་རང་ཚོས་འདི་འདྲ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ང་ཚོ་དཀའ་ངལ་ཆེན་པོའི་དུས་ཚོད་ཅིག་ལ་བསླེབས་བསྡད་ཡོད་རེད་དེ། ཡིན་ན་ཡང་། ཕྱོགས་གཅིག་ནས་ང་ཚོ་ལ་བདེན་པ་ཡོད་པ་རེད། གཉིས་ནས་ང་རང་ཚོ་བོད་མི་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་གྱུར་བའི་འཛམ་གླིང་གི་ཕྱོགས་མཚམས་སུ་ཡོད་པའི་ང་ཚོ་བྱེས་འབྱོར་མི་མང་ཚང་མས། བོད་རིགས་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་བྱས་ཏེ། དེས་དྲངས་པའི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བསྡད་པ་རེད། བརྟན་བཞུགས་ངོ་མ་དེ་རེད། ང་ཚོ་གཞིས་བྱེས་མི་མང་ཚང་མས་ལྷག་བསམ་གཅིག་ཏུ་དཀར་བ་བྱས། དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་པ་རེད། ད་དེ་རིང་འདིར་བརྟན་བཞུགས་འབུལ་མཁན་ཁྱེད་རང་ཚོས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱི་ཡོད་པ་རེད། བོད་རྒྱ་ཆེ་མི་མང་ཟེར་དུས་དེ་སྔ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལ་ཡོད་བསྡད་པའི་སིམ་ལའི་ཆིངས་ཡིག་ནང་ཡིན་པ་ཡོད། བོད་ཕྱི་ནང་གཉིས་བཤད་བསྡད་པའི་བོད་ཕྱི་མ་ཟེར་བ་དེ་མ་རེད། ད་ང་ཚོ་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་སུ་རྫོགས་པ་དེ་ཕལ་ཆེར་སྔར་ཆོས་རྒྱལ་ཚོའི་སྐབས་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་གོང་བུ་གཅིག་འགྱུར་བྱས་ནས་སྡོད་ཀྱི་ཡོད་པ་རེད། ཡིན་ན་ཡང་བར་སྐབས་ནས་བོད་སིལ་བུར་ཆགས་རྗེས། ཁ་འཐོར་བའི་བཟོ་ལྟ་བུ་རེད། དཔེར་ན་ང་རང་སྐྱེ་སའི་ལུང་པ་ལ་ཆ་བཞག་ན། པཱ་ལགས་དང་ཨ་མ་ལགས་ཁོང་རང་ཚོ་ནང་པའི་ཆོས་ལ་དད་པ་ཡོད་རེད་དེ། ཡིན་ན་ཡང་དབུས་ལ་ཡོད་པའི་དགའ་ལྡན་ཕོ་བྲང་ཟེར་བ་དེར་རྒྱུས་ཁྱོན་ནས་ཡོད་པ་མ་རེད། ང་ཚོའི་དཔོན་པོ་སུ་རེད་ལབ་ན། པཱ་ལགས་དང་ཨ་མ་ལགས་ཀྱིས་རང་བཞིན་བཅོས་མེད་ཀྱི་ཐོག་ནས་ང་ཚོའི་དཔོན་པོ་ཟི་ལིང་མཱ་པུ་ཧྥང་རེད་ཟེར་གྱི་རེད། ཁམས་ཕྱོགས་ལ་ཆ་བཞག་ནའང་། རྒྱ་སྡེ་བོད་སྡེ་གཉིས་སུ་ཕྱེས་ནས་བསྡད་པ་རེད། མིང་ཁོ་རང་རྒྱ་སྡེ་ཟེར་བ་ཞིག་དང་བོད་སྡེ་ཟེར་བ་ཞིག་ཡོད་རེད། ས་མཚམས་དེ་ངེས་མེད་བྱས་ནས་བསྡད་པ་རེད། མཐའ་མ་དེར་སྐམ་ཐོག་གྲུ་ཁ་ཕན་ཆད་ཚུན་ཆད་བྱས་ནས་བསྡད་པ་རེད། དེ་ནས་བཟུང་ང་ཚོ་གནས་སྐབས་སྐྱོ་བོ་ཞེ་པོ་ཞིག་བྱུང་བ་རེད་དེ། ཡིན་ན་ཡང་བར་སྐབས་ནས་ང་ཚོ་སྤྱི་ལ་དཀའ་ངལ་འཕྲད་ཡོང་དུས། ང་ཚོ་ཚང་མས་སེམས་ཤུགས་གོང་བུ་གཅིག་འགྱུར་བྱས་ནས་བསྡད་བཞག་པ་རེད། བོད་ནང་ལ་ཡིན་ན་ཡང་གང་ལྟར་ཆོལ་ཁ་གསུམ་སྔར་ཆོས་རྒྱལ་ཚོའི་སྐབས་སུ་ཡོད་པ་ནང་བཞིན་གཅིག་སྒྲིལ་བྱས་ནས་བསྡད་ཡོད་པ་ཧ་ལམ་ལབ་ཆོག་གི་རེད། གཅིག་འགྱུར་དང་དམ་ཚིག་ཧ་ལས་པ་རེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོར་ཆ་བཞག་ན་ཡང་སྐབས་རེར་སྐད་ཆ་ཏོག་ཙམ་ཏོག་ཙམ་ཡོང་གི་ཡོད་པ་རེད། དེ་ཆོས་ཉིད་ཅིག་རེད། ཆེ་ས་ནས་བསམ་བློ་བཏང་པ་ཡིན་ན་དངོས་གནས་དྲང་གནས་གོང་བུ་གཅིག་འགྱུར་ཧ་ལས་པ་རེད། ཅེས་གསུངས་སོང་།མུ་མཐུད་༧གོང་ས་མཆོག་གིས། དེ་རིང་འདིར་ཆ་བཞག་ན་ཡང་། ཁྱེད་རང་ཚོས་ལྷག་བསམ་གཅིག་ཏུ་དཀར་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། འདིས་བོད་རྒྱ་ཆེ་མི་མང་གི་དད་པ་དམ་ཚིག་གཡོ་བ་མེད་པ་མཚོན་གྱི་ཡོད་པ་རེད། དེ་ག་ནང་བཞིན་ང་རང་ལ་ཆ་བཞག་ན་ཡང་། ཁྱེད་རང་ཚོ་ཚང་མས་གཅིག་འགྱུར་གྱི་ཐོག་ནས་ང་ལ་བློ་གཏད་རེ་བ་བཅོལ་ནས་བསྡད་པ་རེད། ང་ཚོ་བཙན་བྱོལ་ལ་ཆ་བཞག་ན་ཡང་། ང་ཚོ་ཐོག་མར་བཙན་བྱོལ་ལ་བསླེབས་སྐབས་དངོས་གནས་དྲང་གནས་ངོ་ཤེས་པ་ས་དང་གནམ་མ་ཏོགས་མེད་པའི་བཟོ་ལྟ་བུ་རེད། ཡིན་ན་ཡང་ཚང་མས་སེམས་ཤུགས་འདྲ་ཞིག་བསྐྱེད། ངས་འབོད་སྐུལ་འདྲ་ཞིག་བྱས་ནས་ང་ཚོ་ལོ་ ༦༠ ལྷག་ཅིག་ཕྱིན་པའི་རིང་དེ་ལ་འཛམ་བུ་གླིང་འདིའི་ནང་བཙན་བྱོལ་བ་ས་ཡ་བྱེ་བ་མང་པོ་ཡོད་པ་རེད་དེ། ཡིན་ན་ཡང་། ང་ཚོ་བོད་མི་ནང་བཞིན་གྱི་བཙན་བྱོལ་བ་རྡོག་སྒྲིལ་པོ་ཞིག་ཧ་ལམ་མེད་པ་རེད། ང་ཚོ་བཙན་བྱོལ་བྱས་ནས་སོ་སོའི་ལུང་པར་བྲལ་ནས་བསྡད་ཡོད་རེད་དེ། ཡིན་ན་ཡང་། ང་རང་ཚོའི་ཆོས་དང་རིག་གཞུང་དེ་དག་བཙན་བྱོལ་གྱི་གནས་སྐབས་འདིའི་སྒང་ནས་རྩ་བ་བཟུང་ནས་བསྡད་ཡོད་པ་རེད། དེའི་དུས་ཚོད་ཀྱི་མགོ་སྟོད་ལ་ནེ་རུ་བཞུགས་དུས། ནེ་རུས་ཐུགས་འཁུར་ཞེ་པོས་བཞེས་སོང་། ཁོང་གིས་ང་ལ་བོད་དོན་བདེན་མཐའ་གསལ་བར་ཆ་རྐྱེན་གཙོ་བོ་དེ་ཤེས་ཡོན་རེད་དཱ། བོད་མི་ན་གཞོན་ཚོས་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་། དེ་ནས་རྒྱ་གར་གཞུང་རང་གིས་ཐུགས་འགན་བཞེས་ནས་ང་ཚོའི་བོད་པའི་སློབ་གྲྭ་ལོགས་སུ་བཙུགས་རེད། དེ་འདྲ་ཡིན་དུས། དེ་ཚོའི་འགྲོ་སོང་རྒྱ་གར་གཞུང་གིས་གཏོང་གི་ཡོད་པ་རེད། ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན། དེ་ག་ནང་བཞིན་ང་ཚོའི་བདེན་པ་གསལ་རྒྱུ་དེ་རེ་བ་བཟང་ས་ནས་རྒྱག་དགོས་ཀྱི་རེད་དེ། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཀྱི་ཡོད་སྟབས། གལ་ཏེ་ད་ལྟའི་ང་ཚོའི་འཐབ་རྩོད་དེ་མི་རབས་གཅིག་གཉིས་འགོར་བ་ཡིན་ན་ཡང་། འཐབ་རྩོད་བྱེད་མཁན་དེ་མི་རབས་ནས་མི་རབས་དགོས་ཀྱི་ཡོད་སྟབས། ང་ཚོས་གཞིས་ཆགས་ཁག་དེ་ཚོ་བཙུགས་པ་རེད་ལ། མི་རབས་བརྗེ་འགྲོ་ཡི་ཡོད་པ་རེད། ཕྱི་ལོ་༡༩༥༩ ལོར་ཡོང་བའི་ང་ཚོ་བཙན་བྱོལ་བ་དེ་ཚོ་མང་ཆེ་བ་རྫོགས་ཚར་བ་རེད། ཡིན་ནའང་མི་རབས་གསར་པ་དེ་ཚོས་གཞུག་གུ་མཐུད་དེ་གང་ལྟར་བོད་སྤྱི་པའི་སེམས་འཁུར་བླང་དགོས་པ་ཙམ་དུ་མ་ཟད། འཛམ་བུ་གླིང་གི་ས་ག་པར་ཡོད་པ་ཡིན་ན་ཡང་བོད་ཀྱི་ཚབ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་རྒྱུར་གང་ཡོང་ཅི་ཡོང་ཞིག་བྱེད་དགོས་པ་རེད། ང་ཚོ་ ༡༩༥༩ ལོར་རྒྱ་གར་ལ་འབྱོར་སྐབས་ངོ་ཤེས་པ་ཧ་ལམ་ས་དང་གནམ་མ་གཏོགས་མེད་པ་ལྟ་བུ་ཆགས་བསྡད་ཡོད་རེད། ཡིན་ན་ཡང་། དེ་རིང་ཁ་སང་འཛམ་བུ་གླིང་ཤར་ནུབ་ལྷོ་བྱང་མང་པོ་ཞིག་ལ་བོད་ཀྱི་གནས་ཚུལ་ཤེས་མཁན་མང་པོ་ཆགས་ཡོད། ཅེས་གསུངས་སོང་།མཁན་ཆེན་ཞི་བ་འཚོས་བོད་དུ་ནང་ཆོས་དར་སྤེལ་མཛད་པའི་སྐོར་ལ་༧གོང་ས་མཆོག་གིས། མཁན་ཆེན་ཞི་བ་འཚོས་རྒྱ་གར་གྱི་ས་ནས་བསྣམས་ཕེབས་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པ་གཙོ་བོར་གྱུར་བའི་གཞུང་དེ་དག་ལ་བོད་ནང་སློབ་སྦྱོང་སྤྲོད་རྒྱུ་གསར་གཏོད་གནང་བ་དེ་ཙམ་དུ་མ་ཟད། ཁྱེད་རང་ཚོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་ནས་བོད་ཡིག་འདུག་པཱ། དེར་བརྟེན་ཁྱེད་རང་ཚོས་བོད་ཡིག་རང་གི་ཐོག་ནས་གཞུང་དེ་ཚོ་ཆ་ཚང་ཤེས་པར་བྱེད་དགོས་པ་རེད། ལེགས་སྦྱར་སྐད་ལ་བརྟེན་ནས་བྱས་ན་ལས་ཀ་སྣོན་མ་རེད། ད་བོད་ཡིག་ལ་བསྒྱུར་དགོས་ཀྱི་རེད་ཅེས་གསུངས་པ་རེད། ངའི་ངོ་ཤེས་པ་འགའ་ཤས་ཀྱིས་ལབ་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་ཁོང་རང་བགྲེས་སོང་རེད་དེ། བོད་སྐད་དང་བོད་ཡིག་ལ་ཐུགས་སྣང་ཆེན་པོ་གནང་བ་གོ་རྒྱུ་འདུག གང་ལྟར་ཡང་བསམ་ཡས་ལ་སྒྲ་བསྒྱུར་ལོ་པཎ་གླིང་ཟེར་བ་ཞིག་ཟུར་དུ་བཙུགས་ཏེ། དེའི་ནང་ལ་དཔེ་ཆ་བསྡུ་རྒྱུའི་འགན་འཁུར་ཏེ། རིམ་པས་བཀའ་འགྱུར་པོ་ཊི་བརྒྱ་ལྷག་དང་། བསྟན་འགྱུར་པོ་ཊི་ཉིས་བརྒྱ་ལྷག་བཅས་ཁྱོན་བཀའ་བསྟན་པོ་ཊི་ ༣༠༠ ལྷག་ཅིག་སྐད་ཡིག་གཞན་པ་ལ་བརྟེན་མི་དགོས་པར། སོ་སོ་རང་གི་སྐད་ཡིག་གི་ཐོག་ནས་རང་རྐྱ་འཕེར་བ་ཞིག་བྱུང་འདུགསྔ་མོ་ཡིན་ན་རྒྱ་གར་གྱི་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཤེས་ཡོན་གྱི་བསྟི་གནས་ཞེ་པོ་རྩ་ཆེན་པོ་ཆགས་བསྡད་ཡོད་རེད། ནཱ་ལེནྡྲ་ནས་ཐོན་པའི་མཁས་པ་མང་པོ་བྱུང་ཡོད། ད་ལྟ་འདིར་བཏོན་བསྡད་པའི་༧པཎ་གྲུབ་བཅུ་བདུན་ལ་སོགས་པ་ཆ་ཚང་ནཱ་ལེནྡྲ་ནས་ཐོན་པ་ཤ་སྟག་ཡིན། དེ་དག་གི་ལེགས་བཤད་རྨད་དུ་བྱུང་བ་མང་ཆེ་བ་ང་ཚོའི་བསྟན་འགྱུར་ནང་ཡོད་རེད། དེ་ནི་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་རེད། ཅེས་གསུངས་སོང་།

ཡང་ནུབ་ཕྱོགས་པའི་རིག་གནས་གསར་པ་ཚད་རྡུལ་དངོས་ཁམས་རིག་པ་ལྟ་བུ་ནི་བོད་ལ་སྔ་མོ་ནས་དར་ཡོད་སྐོར་༧གོང་ས་མཆོག་གིས།  དེང་སང་རིག་གནས་གསར་པའི་ནང་ Quantum Physics (ཚད་རྡུལ་དངོས་ཁམས་རིག་པ) ཟེར་བ་ཞིག་བཤད་སྡོད་ཀྱི་ཡོད་པ་རེད། ང་ཚོས་སེམས་ཙམ་པའི་གྲུབ་མཐའ་དང་དབུ་མའི་གྲུབ་མཐའ་གཉིས་ཚུར་འདྲེས་ནས་བཤད་པ་ཡིན་ན། ཚད་རྡུལ་དངོས་ཁམས་རིག་པ་ཟེར་བ་དེ་སྔར་ནས་བོད་ལ་དར་བསྡད་པ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡང་ངའི་གྲོགས་པོ་རྒྱ་གར་བའི་མཁས་པ་ཞིག་ཡོད། ཁོང་རང་ཚན་རིག་པ་མཁས་པ་ཞིག་རེད། ཁོང་གིས་ང་ལ་ཚད་རྡུལ་དངོས་ཁམས་རིག་པ་དེ་ནུབ་ཕྱོགས་ལ་རིག་པ་གསར་པ་ཆགས་བསྡད་ཡོད་རེད། ང་ཚོ་རྒྱ་གར་ནང་ལ་ལོ་ ༢༥༠༠ གོང་ནས་འདི་བྱུང་ཚར་བ་རེད་གསུངས་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་ཁ་ཤས་ཤིག་མར་བསྐྱོར་བྱུང་། དེར་བརྟེན་ང་ཚོ་བོད་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆ་ཚང་བ་ཞིག་དར་ཏེ། མི་རབས་འདི་དག་གི་རིང་ལ་བོད་གངས་ཅན་གྱི་དངོས་གནས་རྣམ་དཔྱོད་ཅན་མཁས་པ་མང་པོ་ཞིག་གིས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་དུས་ད་ལྟ་བར་དུ་གནས་པ་རེད། ད་ལྟ་འཛམ་བུ་གླིང་འདིའི་སྒང་ལ་ཚན་རིག་པ་ཡིན་ན་ཡང་དོ་སྣང་བྱེད་རྒྱུ་ཞིག་ཆགས་ཡོད། དེར་བརྟེན་ངས་ཚན་རིག་ལ་ཕལ་ཆེར་ལོ་ ༤༠ མཚམས་ནས་དོ་སྣང་བྱས་པ་རེད། ཆུང་ཆུང་སྐབས་ནས་དོ་སྣང་ལྟ་བུ་ཡོད། དེ་དུས་ཕྲུ་གུ་ཆུང་ཆུང་རེད། ལོ་ཕལ་ཆེར་དྲུག་བདུན་དེ་འདྲ་མིན་ནམ། ཕྱི་རྒྱལ་གྱི་མི་དེ་འདྲ་ལྷ་སར་ཡོང་དུས་ང་ལ་ཕྱག་རྟགས་ལྟ་བུ་རྩེད་ཆས་དེ་འདྲ་སྤྲོད་ཀྱི་ཡོད། ངས་རྩེད་ཆས་དེ་ཚོ་འཁྱུག་ཙམ་རྩེས་ནས་དེའི་ནང་ལོགས་ལ་གང་འདྲ་ཡོད་ན་བསམ་ནས་འཆར་ཅན་བཤིག་གི་ཡོད་པ་རེད། གང་འདྲ་བྱས་ནས་འགུལ་གྱི་ཡོད་མེད་སོགས་འཕྲུལ་འཁོར་གྱི་འགྲོ་སྟངས་ལྟ་བུ་ལ་ཆུང་ཆུང་སྐབས་ནས་དོ་སྣང་བྱེད་ཀྱི་ཡོད་པ་རེད། དེ་ནས་གལ་ཆེ་བ་ཞིག་མོ་ཊར་སྐོར་བ་རྒྱག་དུ་གློག་གི་ནུས་པ་ཇི་ལྟར་ཐོན་གྱི་ཡོད་མེད་སོགས་ལ་དོ་སྣང་བྱེད་ཀྱི་ཡོད། རིམ་པས་རྒྱ་གར་ལ་བསླེབས་ནས་ཚན་རིག་པའི་མཉམ་དུ་ཐུག་རྒྱུའི་གོ་སྐབས་མང་པོ་ཡོང་གི་ཡོད་པ་རེད། ཁོང་ཚོས་མཚམས་རེར་ང་ཕར་སྐད་བཏང་ནས་སྐད་ཆ་བཤད་རྒྱུ་དང་། ཡང་སྐབས་རེར་ཁོང་ཚོ་ཚུར་ཡོང་ནས་སྐད་ཆ་བཤད་རྒྱུ་དེ་འདྲ་བྱུང་བ་རེད། ཚན་རིག་པ་དེ་ཚོས་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག དེར་བརྟེན་ངས་ང་ཚོས་ཚན་རིག་པ་མཉམ་དུ་འབྲེལ་བ་བྱས་ན་ང་ཚོ་ནང་པ་ཞུམ་པ་སྐྱེ་རྒྱུ་དེ་འདྲ་ཡོང་ས་མ་རེད། ང་ཚོའི་དཔེ་ཆ་ལྟ་མཁན་ཚོས་ཚན་རིག་ཅིག་བསླབ་ཐུབ་ན་ཡག་པོ་འདུག་ལབ་པ་རེད། མགོ་སྟོད་དེར་ང་ཚོའི་བཤད་གྲྭའི་ནང་ཚན་རིག་བསླབ་པ་ཡིན་ན་ཆོས་དད་ལ་སྐྱོན་བྱེད་མི་འོང་ངམ་ཞེས་གསུང་མཁན་དེ་འདྲ་བྱུང་། ངས་སྐྱོན་བྱེད་ཀྱི་མ་རེད་ཟེར་ཡིན། ཅེས་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༥

Leave a Reply

One thought on “ཚོགས་པ་ལྔ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཆོལ་གསུམ་བོད་མིའི་ཆིག་སྒྲིལ།
    རྒྱལ་བ་དགྱེས་པའི་བརྟན་བཞུགས།
    ཆོལ་གསུམ་བོད་མིའི་ལྷག་བསམ།
    རྒྱལ་བ་དགྱེས་པའི་ཞབས་བསྟེན།
    རྒྱལ་བའི་སྐུ་ཚེ་བརྟན་ལ།
    ཆོལ་གསུམ་བོད་མིའི་དམ་གཙང།
    ནམ་ཡང་འགྱུར་བ་མ་གཏོང།
    ཆོལ་གསུམ་བོད་མིརེམ་ཨ།
    གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག།