ཨ་རིའི་གྲོས་ཚོགས་ནང་༧སྐུའི་ཡང་སྲིད་སྐོར་གྱི་བསྐྱར་བཅོས་ཁྲིམས་འཆར་བཏོན།

ཨ་རིས་བོད་སྐོར་གྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ་ཡིན་ན་བོད་དེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་ཐབས་ཁོ་ནས་ལོ་ངོ་བཅུ་ཕྲག་འགའི་དཀའ་རྙོག་སེལ་ནུས་པའི་བརྡ་ལན་སྤྲོད་ཐུབ་ཀྱི་ཡོད་སྐོར་བརྗོད་འདུགཨ་རིའི་གྲོས་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇེམ་སི་མེག་གྷོ་ཝེན་(James McGovern) ལགས་ཀྱིས། ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་ཡིག་དེའི་ཐོག རྒྱ་ནག་གི་མགོ་འཁྲིད་སུ་རུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཐད་ཐེ་བྱུས་བྱས་ཚེ། དེར་འོས་འཚམ་གྱིས་དཔལ་འབྱོར་ཉེས་ཆད་གཅོད་དགོས་པ་དང་། ལྷ་སར་ཨ་རིའི་གཞུང་ཚབ་མ་བཙུགས་གོང་ཨ་རིར་རྒྱ་ནག་གཞུང་ཚབ་གསར་པ་འཛུགས་མི་ཆོག་པ་བསྐྱར་སྣོན་དགོས་པའི་ཁྲིམས་འཆར་བཏོན་ཡོད་འདུག

ད་ལན་གྱི་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མཱ་ཊེའོ་མེ་ཁ་སེ་ (Matteo Mecacci) ལགས་ཀྱིས། རྒྱ་ནག་གིས་རང་དབང་ལྡན་པའི་འཛམ་གླིང་འདིའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཐབས་དང་། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ནུས་པས་གཞན་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པའི་སྐབས་འདིར། ཁྲིམས་འཆར་འདིས་པེ་ཅིན་གཞུང་གི་དྲག་གནོན་ལ་ཁ་གཏད་བཅག་སྟེ།  བོད་མི་ནང་པ་རྣམས་ཀྱིས་གཞུང་གི་ཐེ་བྱུས་མེད་པའི་ཐོག་ནས་རང་གི་ཆོས་ལུགས་མགོ་འཁྲིད་འདེམས་རྒྱུ་དང་དེར་དད་པ་བྱེད་རྒྱུའི་འཇིག་རྟེན་ཀུན་ཁྱབ་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱས་ཡོད། དེ་ཙམ་དུ་མ་ཟད། ཁྲིམས་འཆར་འདིས་ཨེ་ཤ་ཡའི་ཁུལ་གྱི་མི་གྲངས་ཐེར་འབུམ་ལྷག་གི་འཚོ་རྟེན་དུ་གྱུར་བའི་བོད་ཀྱི་ཁོར་ཡུག་དང་ཆུ་མོ་རྣམས་སྲུང་སྐྱོང་བྱེད་རྒྱུར་དམིགས་ཡོད་པས། བོད་ནང་གི་ཨ་རིའི་ཚོང་འབྲེལ་ལས་དོན་ཕྱོགས་ནས་ཀྱང་བོད་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་འཁུར་དགོས་པ། དེ་བཞིན་ལྷ་སར་ཨ་རིའི་གཞུང་ཚབ་མ་བཙུགས་གོང་ཨ་རིར་རྒྱ་ནག་གི་གཞུང་ཚབ་གསར་པ་ཞིག་འཛུགས་རྒྱུར་བཀག་འགོག་བྱས་ཡོད། ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱིས་ཁྲིམས་འཆར་འདིར་རྒྱབ་སྐྱོར་གནང་ཚེ། འདིས་རྒྱ་ནག་གཞུང་ལ་ཨ་རིའི་ངོས་ནས་བོད་དེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་ཐུབ་པའི་སྲིད་དོན་ཐབས་བྱུས་ཁོ་ནས་ད་གཟོད་ལོ་ངོ་བཅུ་ཕྲག་འགའི་དཀའ་རྙོག་འདི་སེལ་ཐུབ་པ་བརྡ་ལན་སྤྲོད་ཐུབ། ཅེས་བརྗོད་འདུགཐེངས་འདིའི་ H.R.4331 ཕྱི་ལོ་ ༢༠༠༢ ལོའི་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་ཡིག་ལ་བསྐྱར་བཅོས་དང་ཕན་ནུས་ལྡན་པར་བཟོ་ཆེད། དེ་བཞིན་གནད་དོན་གཞན་གྱི་ཐོག་ (H.R.4331- To modify and reauthorize the Tibetan Policy Act of  2002, and for other purposes) ཅེས་པའི་ཁྲིམས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁི་རི་སི་ཊོ་ཧྥར་སི་མིཌ་(Christopher Smith) དང་། མཱར་སི་ཀབ་ཊོར་ (Marcy Kaptur)། བྷེ་རེ་ཌི་ཤེར་མན་ (Brad Sherman)། མཱག་མི་ཌོ་སི་ (Mark Meadows)། ཐོ་མ་སི་སུའོ་ཛི་ (Thomas Suozzi)། ཊོམ་མེ་ལི་ནོག་སི་ཀི་ (Tom Malinowski)། བྷེན་མེག་ཨེ་ཌེམ་སི་ (Ben McAdams) བཅས་ཁྱོན་འཐུས་མི་ ༧ ནས་རྒྱབ་གཉེར་གནང་བའི་ཐོག་ནས་གྲོས་ཚོགས་ནང་བཏོན་འདུག་པ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། གྲོས་ཚོགས་གོང་མའི་ཁྲིམས་ཞིབ་ཚོགས་ཆུང་ལ་ཡང་ཆེད་དོན་སྙན་གསེང་ཞུས་ཡོད་འདུག་ལ། བདུན་ཕྲག་འདིའི་ནང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མཱར་ཁོ་རུ་བྷི་ཡོ་(Marco Rubio) ལགས་ཀྱིས་བསྐྱར་བཅོས་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་གདོན་འཆར་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་ལན་གྱི་བསྐྱར་བཅོས་ཁྲིམས་འཆར་དེའི་ནང་། ཕྱི་ལོ་ ༢༠༠༢ ལོར་གཏན་འབེབ་བྱས་པའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་གཞིར་བཞག་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་རྩད་འཚོལ་ཐད་ཚུལ་མིན་གྱི་ཐེ་བྱུས་བྱེད་མཁན་རྒྱའི་དཔོན་རིགས་སུ་རུང་ཞིག་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱ་དགོས་པ་མ་ཟད། ཨ་རིར་ཡོད་པའི་དཔོན་རིགས་དེའི་རྒྱུ་དངོས་རྣམས་གཞུང་བཞེས་བྱ་དགོས་པ། དེ་བཞིན་ད་ལྟ་བསྐོ་གཞག་བྱས་ཐུབ་མེད་པའི་ཨ་རིའི་འཛིན་སྐྱོང་སྡེ་ཚན་གྱི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་དེས་རྐང་འགན་འཁུར་པའི་ཐོག རྒྱལ་སྤྱིའི་སྟེང་མནའ་འབྲེལ་ཚོགས་པ་གསར་འཛུགས་ཀྱིས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཐད་ཐེ་བྱུས་བྱ་རྒྱུར་བཀག་འགོག་བྱ་དགོས་སྐོར་བཀོད་འདུག གཞན་ཡང་ཕྱི་ལོ་ ༡༩༩༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་ (The International Religious Freedom Act of 1998) དང་། ཕྱི་འབྲེལ་དབང་ཚད་ཁྲིམས་ཡིག་ (The Foreign Relations Authorization Act)། ཕྱི་ལོ་ ༢༠༠༠ ལོའི་རྒྱལ་སྲུང་དབང་ཚད་ཁྲིམས་ཡིག་ (National Defense Authorication Act of  2000) བཅས་ནང་ཡང་སྲིད་སྐོར་གྱི་གནད་དོན་དང་། བོད་ཀྱི་ཆུ་མོའི་གལ་གནད་སྐོར་ཚུད་དགོས་པ་མ་ཟད། ཆོས་དད་རང་དབང་གི་སྙན་ཐོའི་ནང་བོད་ཀྱི་གནད་དོན་དེ་སྡེ་ཚན་ལོགས་སུ་དགར་དགོས་སྐོར་བཀོད་ཡོད་འདུག

གཞན་ཡང་བསྐྱར་བཅོས་ཁྲིམས་འཆར་དེའི་ནང་། ཨ་རིའི་གཞུང་ངོས་ནས་ལྷོ་ཤར་ཨེ་ཤ་ཡའི་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ཁེ་ལས་དང་། རིག་གཞུང་ཉར་ཚགས་བཅས་ཀྱི་ཐད་ལ་རོགས་དངུལ་སྦྱིན་དགོས་པ་མ་ཟད། ཨ་རིའི་འཛིན་སྐྱོང་གིས་བལ་ཡུལ་གཞུང་ལ་ཡུལ་དེར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་རྣམས་ལ་གཞུང་འབྲེལ་ཡིག་ཆ་སྤྲོད་དགོས་པར་སྐུལ་འདེད་གཏོང་དགོས་སྐོར་བཀོད་འདུག་པ་མ་ཟད། ཨ་རིའི་འཛིན་སྐྱོང་ལྷན་ཁང་གིས་བོད་ཀྱི་ཁོར་ཡུག་གཙིགས་ཆེར་ངོས་འཛིན་གྱིས། རྒྱ་ནག་དང་རྒྱལ་སྤྱིའི་ལྟེ་གནས་ཁང་ཁག་དང་མཉམ་འབྲེལ་ཐོག་བོད་མཐོ་སྒང་གི་ཁོར་ཡུག་ཐད་དོ་ཁུར་གནང་དགོས་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༡༧

Leave a Reply

2 thoughts on “ཨ་རིའི་གྲོས་ཚོགས་ནང་༧སྐུའི་ཡང་སྲིད་སྐོར་གྱི་བསྐྱར་བཅོས་ཁྲིམས་འཆར་བཏོན།

  1. ལྷ་སར་ཨ་རིའི་གཞུང་ཚབ་མི་དགོས་ལབ་མཁན་བཀའ་བློན་ཁྲི་ཟུར་གདོང་རིན་པོ་ཆེ་མ་ཡིན་ནམ། ངས་དེ་སྔོན་རིན་པོ་ཆེས་དེ་འདྲ་གསུངས་ཡོད་བསམས་སོང་།

  2. གཞུང་པ་ཚེ་དབང་བསོད་ནམས་

    བོད་གངས་ཅན་ཞིང་གི་ལྷ་སྐལ་གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཕྱོགས་བཅུའི་རྒྱལ་བ་
    སྲས་དང་བཅས་པའི་སྨོན་ལམ་གྱིས་ལུང་གིས་ཟིན་པའི་བོད་གངས་ཅན་པའི་ལྷ་སྐལ་
    དུ་ཕེབས་པ་ནས་འཇིག་རྟེན་གྱི་ས་གཞི་འདི་མ་འཇིག་བར་དེ་སྲིད་དུ་བོད་གངས་ཅན་
    ཞིང་གི་སྐྱེ་འགྲོའི་མགོན་དཔུང་དམ་པར་སྐུ་ཕྲེང་རིམ་སྦྱོན་དུ་ལུས་དང་དྲི་མ་ཇི་བཞིན་
    ནམ་ཡང་ཁ་བྲལ་ཐབས་མེད་པ་ནི་ཚད་མས་སྒྲུབ་ཡོད་ན་རྒྱ་ནག་གིས་མཚོན་པའི་འཛམ་
    གླིང་འདིའི་སྒང་འཚོ་བའི་རྒྱལ་ཁབ་དང་མི་སྒེར་སོགས་སུ་གཅིག་གི་གོང་ས་ཏཱ་ལའི་བླ་མའི་ཡང་
    སྲིད་སྐོར་ལ་འགན་འཁུར་གང་ཡང་མེད་པ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་
    ཇི་ལྟར་ལུང་དུ་ཟིན་པ་ལྟར་གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དེ་གོང་ས་ཏཱ་ལའི་བླ་མ་རིན་པོ་ཆེ་
    མཆོག་དང་བོད་མི་མང་གིས་དད་པ་དང་དམ་ཚིག་ཁོ་ནར་རག་ཡོད་ན་སུ་གཅིག་ལ་ཇུས་
    གཏོགས་དང་འགན་འཁུར་བྱ་རྒྱུའི་འགན་དབང་དངོས་དོན་དང་ཁྲིམས་དོན་གང་གི་ཆ་ནས་ཀྱང་
    མེད་པ་དེ་ཡང་གསལ་པོ་ཤེས་དགོས་པ་བཅས།
    སྟོང་ཉིད་སྙིང་རྗེ་བཟུང་དུ་འཇུག་པའི་ལམ།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག།