ས་ཐོ་ལག་འཛིན་འཕར་འགྱངས་མི་ཆོག་པའི་ངོ་རྒོལ་བྱས།

ཨོ་རི་ས་ཕུན་ཚོགས་གླིང་གི་བོད་མི་ཚོར་ས་ཐོ་ལག་འཛིན་འཕར་འགྱངས་ཀྱི་ཆོག་མཆན་སྤྲོད་མི་ཆོག་སྐོར་བརྗོད་དེ་ངོ་རྒོལ་ཞུ་གཏུག་བྱེད་ཀྱི་ཡོད་འདུགརྒྱ་གར་གྱི་མངའ་སྡེ་ཨོ་རི་སའི་ནང་ཡོད་པའི་ཕུན་ཚོགས་གླིང་གི་བོད་མི་ཚོས་མ་འོངས་ལོ་ ༢༠ ཡི་ས་ཐོ་ལག་འཛིན་འཕར་འགྱངས་ཞུ་ཐབས་གནང་གི་ཡོད་སྟབས། ས་གནས་མི་མང་གིས་བོད་མིར་ས་ཞིང་འདེབས་ལས་ཀྱི་བོགས་གཏོང་ལས་གཞི་མཚམས་འཇོག་དགོས་པའི་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། མངའ་སྡེ་གཞུང་ལ་ཞུ་གཏུག་ཡི་གེ་ཅིག་ཀྱང་ཕུལ་ཏེ། ཨོ་རི་ས་གཞིས་ཆགས་ནང་གནས་སྡོད་ཀྱི་བོད་མིའི་མི་འབོར་ཇེ་མང་དུ་སོང་སྟེ། ཉེ་འཁོར་གྱི་ས་གནས་མི་མང་ལ་དཀའ་ངལ་བཟོ་ཡི་ཡོད་པ་དང་། གལ་སྲིད་མངའ་སྡེ་གཞུང་ནས་བོད་མི་ཚོར་ས་ཆ་བདག་བཟུང་བྱེད་པའི་ཆོག་མཆན་སྤྲད་པ་ཡིན་ན། ཟིང་འཁྲུག་སློང་སྲིད་སྐོར་གྱི་ཉེན་བརྡ་ཡང་གཏོང་གི་ཡོད་འདུག་ལ། རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་བརྗོད་པ་ལྟར་ན། ས་གནས་ཀྱི་གྲོང་གསེབ་ཁག ༡༡ གི་མི་མང་གིས་ངོ་རྒོལ་བྱེད་ཀྱི་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཨོ་རི་ས་གཞིས་མགོ་ཆོས་ནོར་བསམ་འགྲུབ་ལགས་སུ། གནས་ཚུལ་དེའི་འབྱུང་རྐྱེན་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། ས་གནས་མི་མང་གིས་ཞུ་གཏུག་བྱེད་དོན་གཙོ་བོ་ནི། ས་གནས་མི་མང་ལ་ས་ཞིང་དང་ཟ་རྒྱུ་འཐུང་རྒྱུ་མེད་དུས། བོད་མི་ཚོར་ག་རེ་བྱས་ནས་ས་ཆ་རྒྱ་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། དེ་ཡག་པོ་མ་རེད་ཅེས་ཞུ་གཏུག་བྱེད་བཞིན་ཡོད་པ་རེད། ང་ཚོས་སྙན་ཞུ་རིམ་པ་ཕུལ་བ་བརྒྱུད་མངའ་སྡེ་གཞུང་ནས་ས་ཐོ་ལག་འཛིན་གྱི་ཆོག་མཆན་རག་གྲབས་ཡོད་སྟབས། ས་གནས་ཀྱི་ཚོགས་པ་ཁག་ཅིག་གིས་མཚན་རྟགས་བསྡུ་རུབ་བྱས་ཏེ་མངའ་སྡེ་གཞུང་ལ་སྙན་ཞུ་ཕུལ་ཡོད་པ་རེད། ཅེས་བརྗོད་བྱུང་།

ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ནང་ས་ཆའི་བདག་དབང་ཐད་དཀའ་རྙོག་དེ་སྔོན་ནས་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༣ དང་ ༢༠༡༤ བཅས་ལོ་གཉིས་རིང་ས་གནས་མི་མང་གི་ངོ་རྒོལ་ལས་འགུལ་བྱས་རྐྱེན། བོད་མི་ཚོས་ས་ཞིང་འདེབས་ལས་བྱེད་མ་ཐུབ་པའི་དཀའ་ངལ་རིམ་པར་བྱུང་ཡོད་འདུག་ལ། གཞིས་མགོ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་ས་ཐོ་ལག་འཛིན་གྱི་དཀའ་རྙོག་བྱུང་སྐབས། བོད་མིར་ས་ཞིང་འདེབས་ཏུ་མ་བཅུག་པའི་ས་ཆ་ཕལ་ཆེ་བ་ཚུར་རག་ཡོད་ཀྱང་།  དཀའ་ངལ་གཙོ་བོ་དེ་རྒྱ་གར་གཞུང་གིས་ས་ཆ་བོགས་མར་གཏོང་པའི་རྩ་འཛིན་ཡིག་ཆ་དེ་བོར་བརླག་ཕྱིན་པའི་རྐྱེན་གྱིས་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༨ བར་གྱི་ས་ཐོ་ལག་འཛིན་གྱི་དུས་ཡུན་རྫོགས་ཟིན་ཡོད་སྟབས། ད་རེས་མ་འོངས་ལོ་ ༢༠ ཡི་ས་ཐོ་ལག་འཛིན་འཕར་འགྱངས་ཞུ་ཡི་ཡོད་འདུགརྒྱ་གར་བང་ཆེན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཕྱི་ལོ་ ༡༩༦༠ ལོར་ཨོ་རི་ས་མངའ་སྡེ་གཞུང་གིས་བོད་མི་ཚོར་ས་ཁྱོན་ཨེ་ཀར་ ༢༢༥༠ ཙམ་སྤྲད་ཡོད་པ་དང་། དེ་དུས་མི་གྲངས་ཁྱོན་ ༢༥༠༠ ཙམ་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོར་བོད་མིའི་མི་འབོར་གྱི་གྲངས་ཀ་ཇེ་མང་དུ་སོང་ཡོད་སྐོར་སོགས་བརྗོད་འདུག་པས། གསར་འགོད་པས་གཞིས་མགོ་ཆོས་ནོར་བསམ་འགྲུབ་ལགས་སུ། ད་ལྟའི་ཆར་གཞིས་ཆགས་དེའི་ནང་ས་ཁྱོན་དང་མི་གྲངས་ག་ཚོད་ཡོད་སྐོར་དྲིས་པར་ཁོང་གིས། སྔོན་གྱི་ས་ཁྱོན་འདི་ཙམ་ཡོད་ཅེས་རྩ་འཛིན་བྱེད་ས་ཞིག་རག་གི་ཡོད་པ་མ་རེད། ང་ཚོས་ཞུ་གཏུག་རིམ་པ་བྱས་ཏེ་ས་ཆ་ཨེ་ཀར་ཁྱོན་ ༢༠༣༦ ལྷག་རག་བསྡད་ཡོད་པ་རེད། མི་འབོར་ཇེ་མང་དུ་སོང་འདུག་ཟེར་བ་རྫུན་རེད་ལ། ད་ལྟའི་ཆར་ཨོ་རི་ས་གཞིས་ཆགས་ནང་མི་འབོར་ཇེ་ཉུང་དུ་སོང་སྟེ་མི་གྲངས་ཁྱོན་ ༢༢༠༠ ལྷག་ཙམ་ལས་མེད།  ཞིང་ལས་འདེབས་མཁན་གྱི་མི་འབོར་ཡང་ཇེ་ཉུང་དུ་སོང་ཡོད། འོན་ཀྱང་། ཞིང་ལས་འདེབས་མཁན་ཚོས་ས་ཁྱོན་ཆེན་པོའི་སྟེང་འདེབས་ཀྱི་ཡོད། ཅེས་བརྗོད་བྱུང་།

ས་གནས་མི་མང་གིས་ཞུ་གཏུག་བྱས་རྐྱེན་བོད་མི་ཚོར་ས་ཐོ་ལག་འཛིན་གྱི་ཆོག་མཆན་རག་པར་དཀའ་ངལ་འཕྲད་སྲིད་མིན་སྐོར་ལ་ཁོང་གིས། ས་གནས་མི་མང་གིས་འགོག་རྐྱེན་བཟོ་ཡི་ཡོད་པ་དེར་བྱེད་རྒྱུ་གང་ཡང་མི་འདུག གཙོ་བོ་མངའ་སྡེ་གཞུང་གིས་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། གཅིག་བྱས་ན་ཁོ་ཚོས་ཞུ་གཏུག་བྱས་པ་དེས་ང་ཚོར་ཡིག་ཆ་རག་རྒྱུ་འཕར་འགྱངས་ཅུང་ཙམ་རེ་བྱེད་སྲིད་པ་རེད། དེ་མིན་མངའ་སྡེ་གཞུང་རང་གིས་ང་ཚོར་ཆོག་མཆན་སྤྲོད་ཀྱི་ཡོད་སྟབས། ཁོ་རང་ཚོས་གདོང་ལེན་གནང་གི་རེད། ཅེས་བརྗོད་བྱུང་།

གཞིས་མགོ་ཆོས་ནོར་བསམ་འགྲུབ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཨོ་རི་ས་ནི་རྒྱ་གར་གྱི་མངའ་སྡེ་སྐྱོ་གྲས་ཤིག་ཡིན་པ་དང་། དམིགས་བསལ་ཨོ་རི་ས་གཞིས་ཆགས་ཀྱི་ཉེ་འཁོར་གྲོང་གསེབ་ཁག་གི་འཚོ་བའི་གནས་བབ་སྐྱོ་བོ་ཡིན་སྟབས། ས་ཞིང་རག་གི་མེད་པའི་དཀའ་ངལ་ཡོད་པ་མ་ཟད། མངའ་སྡེ་དེར་དམར་ཤོག་ཤུགས་ཆེན་ཡོད་པ་དང་། ཆབ་སྲིད་ཀྱི་དགོས་མཁོ་སོགས་ཀྱི་སླད་མི་མང་བེད་སྤྱོད་གཏོང་གི་ཡོད་སྟབས། ནམ་རྒྱུན་ནས་བོད་མི་དང་རྒྱ་གར་བར་དཀའ་ངལ་ཅུང་ཙམ་རེ་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༣ སྔོན་ལ་ས་ཁུལ་ཁུག་ཀྱོག་ཡིན་པས་ས་ཆའི་རིན་གོང་དང་ཡོང་འབབ་སོགས་ཀྱི་སྐོར་ལ་གོ་རྟོགས་དེ་ཙམ་མེད་པས། བོད་མི་དང་ཡུལ་མིའི་བར་དཀའ་ངལ་ཞེ་དྲགས་མེད་ཀྱང་། དེའི་རྗེས་ནས་ས་ཆའི་རིན་གོང་དང་ཡོང་འབབ་སོགས་འཕར་ཡོང་དུས་གཞི་ནས་ཞུ་གཏུག་དང་ངོ་རྒོལ་གྱི་ལས་འགུལ་རིགས་ཡོང་གི་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་འདི་ག་གསར་ཁང་གིས་སྐབས་དེའི་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་ཞིང་ཁའི་དཀའ་རྙོག་དེའི་ཐོག་མའི་འབྱུང་རྐྱེན་སྐོར་འདྲི་སྐབས། ཐོག་མའི་བོགས་གཏོང་ཡིག་ཆ་དེ་རྩ་འཛིན་ནང་ཉར་མ་ཐུབ་པ་དང་། ཡང་ན། གཞིས་ཆགས་གསར་འཛུགས་སྐབས་ཀྱི་རྒྱ་གར་གཞུང་གི་དམིགས་བསལ་སྐུ་ཚབ་གང་དེས། བོད་མིའི་གཞིས་ཆགས་ལས་ཁུངས་ལ་ཚུར་ཡིག་ཆའི་ངོ་བཤུས་མ་སྤྲད་པའི་རྐྱེན་གང་ཡིན་གསལ་ཁ་མེད་ཀྱང་། གང་ལྟར་ ༡༩༦༥ ནས་ ༡༩༧༥ བར་ས་ཆ་བོགས་གཏོང་བྱས་ཡོད་པའི་ཡིག་འབྲེལ་ཙམ་ལས། ཐོག་མའི་བོགས་གཏོང་གན་རྒྱའི་ཡིག་ཆ་ངོ་མ་དེ་བརླགས་ཟིན་པ་དང་། ༡༩༧༥ ལོར་བསྐྱར་དུ་འཕར་འགྱངས་དུས་ཚོད་ལ་བསླེབས་སྐབས་ཀྱང་། ལོ་ ༢༠ རིང་བསྐྱར་དུ་བོགས་གཏོང་འཕར་འགྱངས་སྤྲད་པའི་ཡིག་འབྲེལ་ཙམ་ལས། བོར་བརླག་ཕྱིན་པའི་ཡིག་ཆ་བསྐྱར་དུ་རྒྱ་གར་གཞུང་ལ་མ་ཞུས་པ་དང་མ་སྤྲད་པ་གང་ལྟར་སྔར་བཞིན་རག་མི་འདུག ཡིན་ནའང་། སྐབས་དེར་རྒྱ་གར་གཞུང་གིས་བོད་མི་དོ་བདག་སོ་སོའི་ས་ཆ་ཐོབ་ཁོངས་ཀྱི་འགེངས་ཤོག་བསྐངས་ཏེ་ཡར་འབུལ་དགོས་པ་བརྗོད་འདུག་ཀྱང་། བོད་པ་རང་ངོས་ནས་ལྷོད་ཡངས་སུ་བཏང་སྟེ་འགེངས་ཤོག་ཡར་སྤྲད་མེད་པ་མ་ཟད། ༡༩༩༥ ནས་ ༢༠༠༨ ལོའི་བར་ས་ཆ་བོགས་གཏོང་དུས་ཚོད་འཕར་འགྱངས་ཀྱི་ཡིག་འབྲེལ་དེའང་མ་ཞུས་པར་སྣང་མེད་དུ་བཞག་པ་བཅས་ཀྱིས་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༠༩/༡༨

Leave a Reply

One thought on “ས་ཐོ་ལག་འཛིན་འཕར་འགྱངས་མི་ཆོག་པའི་ངོ་རྒོལ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    གོང་ས་མཆོག་གི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་བོད་མི་བཙན་བྱོལ་བ་ཚོར་འཚོ་བའི་མདུན་ལམ་
    གཉེར་སའི་ས་ཞིང་འདེབས་དང་འབྲེལ་བའི་ས་ཆ་གནས་ཡུལ་རྒྱལ་ཁབ་རྒྱ་གར་དབུས་གཞུང་དང་
    ས་གནས་གཞུང་གཉིས་ནས་གནང་བ་དེ་དག་ང་ཚོའི་ཁྲིམས་མཐུན་དུ་བདག་འཛིན་མ་བྱས་ནས་ས་སྟོང་
    བཞག་པ་དང་ཡུལ་མི་ལ་བོགས་མ་གཏོང་བ་སོགས་ཉལ་ས་བྱུང་ན་སྐྱོངས་སའི་དཔེ་ལྟར་རང་སྣང་གང་དྲན་
    བྱས་པ་འདིའི་ད་ཆ་གཞིས་ཆགས་ཁག་གི་ཉེ་འབྲེལ་ཡུལ་མི་ཉམས་ཆུང་ཚོའི་རང་རེ་བོད་མིའི་བྱེད་སྟངས་
    ཆ་ཚང་ཁོང་ཚོའི་རྒྱུས་ལོན་ཐུབ་ནས་བོད་མིར་མ་དགའ་བའི་རྣམ་འགྱུར་འདོན་མཁན་ཡང་ཡོང་སྲིད་པ་
    ནས་སོ་ནམས་གཞིས་ཆགས་ཁག་གི་བོད་མི་ཞིང་པ་ཚོའི་སོ་སོའི་ས་ཞིང་སོ་སོའི་འདེབས་ལས་དགོས་པའི་
    ལམ་སྟོན་ཁྲིམས་སྒྲིག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ད་ལམ་གྲོས་ཚོགས་ཚོགས་དུས་སྐབས་ས་ཁང་
    གི་སྒྲིག་གཞི་ལ་བསྐྱར་བཅོས་གནང་དགོས་པ་དང་གཞིས་ཆགས་ནང་ས་འོག་ཆུ་འདྲེན་ལས་གཞི་སྤེལ་མཁན་ཚོ་
    ཁྱིམ་ཚང་རང་གི་ས་ཞིང་ཆུ་ཞིང་ལ་རྒྱུར་ཆོག་པའི་ཆ་རྐྱེན་ས་ཁང་སྒྲིག་གཞིའི་ནང་ཡོད་མེད་མ་ཤེས་ཀྱང་ཁྱིམ་
    ཚང་གཞན་གྱིས་ས་ཞིང་བོགས་མ་བླངས་ནས་ཆུ་དང་གློག་ལ་རིན་པ་དངུལ་སྤྲོད་དགོས་མི་འདུག་བསམ་
    ནས་ས་འོག་ཆུ་ཉིན་ཚན་མེད་པར་བེད་སྤྱོད་གཏོང་ཀྱང་བྱས་ཚེ་ནམ་ཞིག་ས་གནས་གཞིས་མི་ཚོར་འཐུང་
    ཆུའི་དཀའ་ངལ་འཕྲད་སྲིད་པ་བཅས་གོང་གི་གནས་དོན་འདི་ཚོར་དབུས་བོད་མིའི་སྒྲིག་འཛུགས་ནང་
    སྲིད་ལྷན་ཁང་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཐུགས་སྣང་དུས་ཐོག་གནང་མ་ཐུབ་ཚེ་མ་འོངས་
    རི་ལུག་པ་ཐག་པའི་མི་འདུས་པའི་དུས་ཚོད་མི་ཤར་བའི་ངེས་པ་མེད་ན་སྤྱི་ལ་ཕན་པའི་ལྷག་བསམ་ལ་
    འགན་ཁྱེར་ནས་ཞུ་གི་ཡོད་ན་གསན་ཕྱོགས་མ་ནོར་བ་གནང་དགོས་པ་ནི་གཞིས་ཆགས་བསྲ་བརྟན་དང་
    རྒྱུན་གནས་ཟེར་བའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམ་ངག་ངོ་མ་དེ་མ་རེད་དམ།