དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བར་མང་མོས་འདེམས་ཐོན་བྱུང་།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གསུམ་པའི་སྔ་དྲོར།  སྤྱི་འཐུས་ཚོགས་གཙོ་མཆོག་ཕུད་པའི་ངོ་ཡོད་སྤྱི་འཐུས་ ༤༢ ཀྱིས་འོས་ཤོག་བླུགས་པ་བརྒྱུད།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་ལ་འོས་གྲངས་ ༨ དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་འོས་གྲངས་ ༣༠ དང་། འོས་སྟོང་པ་ ༣ དང་རྩིས་མེད་ ༡ བཅས་དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བར་མང་མོས་འོས་འདེམས་བྱུང་། དེ་བཞིན་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་མི་ཚེ་དབང་དངོས་གྲུབ་ལགས་སུ་འོས་གྲངས་ ༡༡ དང་། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ལ་འོས་གྲངས་ ༢༨། འོས་སྟོང་པ་ ༡ དང་རྩིས་མེད་ ༢ བཅས་བསྟན་འཛིན་ལུང་རྟོགས་ལགས་ཁྲིམས་ཞིབ་པ་གཞན་གཅིག་ལ་མང་མོས་འོས་འདེམས་བྱུང་། གཞན་ཡང་། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་ཀྱི་འོས་མི་སྤྱི་ཁྱབ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ལ་འོས་གྲངས་ ༡༨ དང་། ནང་སྲིད་དྲུང་ཆེ་དབང་འདུས་ཚེ་རིང་ལགས་ལ་འོས་གྲངས་༢༣། འོས་རྩིས་མེད་ ༡ བཅས་དབང་འདུས་ཚེ་རིང་ལགས་མང་མོས་ཐོག འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་མང་མོས་འདེམས་ཐོན་བྱུང་སོང་།གསར་འགོད་པས་དྭགས་པོ་བསོད་ནམས་ནོར་བུ་ལགས་ལ་ཁྲིམས་ཞིབ་པ་ཆེ་བར་མང་མོས་འོས་འདེམས་བྱུང་བར་ཐུགས་ཚོར་ཅི་བྱུང་བཀའ་འདྲི་ཞུས་པར་ཁོང་གིས། བཙན་བྱོལ་བོད་མིའི་དམངས་གཙོའི་ཀ་བ་གསུམ་དེ་གལ་ཆེན་པོར་རྩི་ཡི་ཡོད་པ་དང་། དེའི་ནང་གི་གཅིག་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཆགས་ཀྱི་ཡོད་པས། ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་བ་རེད། ང་ཚོར་དམངས་གཙོ་གལ་ཆེན་པོ་ཡིན་པའི་ཆ་ནས་བོད་མི་མང་སྤྱི་འཐུས་ཀྱི་སྐུ་དབང་ཐོག་ནས་འོས་འདེམས་བྱས་སྟབས་བོད་མི་མང་སྤྱི་འཐུས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་འོས་འདེམས་བྱས་མ་ཐག་ཡིན་སྟབས་ངའི་ཚོར་བ་དང་མ་འོངས་བྱེད་འཆར་དམིགས་བསལ་ཅི་དྲན་གྱི་མི་འདུག གང་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གཅིག་གི་ཁྲིམས་དཔོན་ཆེ་བའི་ནང་བསླེབས་པ་ཡིན་ཙང་དགའ་ཚོར་ཆེན་པོ་བྱུང་། ཅེས་གསུངས་བྱུང་།

དམངས་གཙོའི་སྤྱི་ཚོགས་ནང་ཁྲིམས་ཞིབ་ཁང་དང་ལྷག་པར་དུ་ཁྲིམས་ཞིབ་པ་ཆེ་བར་ཐུགས་འགན་ཧ་ཅང་ཆེན་པོ་ཡོད་སྟབས། ཐུགས་འགན་དེའི་ཐོག་དགོངས་པ་བཞེས་ཕྱོགས་གང་འདྲ་ཡིན་མིན་དྲིས་པར། གཙོ་ཆེ་ཤོས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནི་མིའི་དབང་བསྒྱུར་མིན་པར་བཅའ་ཁྲིམས་ཀྱི་དབང་བསྒྱུར་ཡིན་པའི་ཆ་ནས། བཅའ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཐོག་ཁྲིམས་ཞིབ་ཁང་གི་སྒྲིག་གཞི་མང་པོ་ཡོད་པའི་ཐོག་ལ་ཞིབ་འཇུག་བྱས་ནས་མ་འོངས་པར་བཅའ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཐོག་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཞུ་བའི་འདུན་པ་ཡོད། ཅེས་གསུངས་བྱུང་།

དྭགས་པོ་བསོད་ནམས་ནོར་བུ་ལགས་ཕྱི་ལོ་ ༡༩༨༨ ལོར་ལྡི་ལོ་སྐུ་ཚབ་དོན་གཅོད་ཀྱི་ཆབ་སྲིད་སྡེ་ཚན་གྱི་རྒན་དྲུང་དུ་ཐོག་མར་བསྐོ་བཞག་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༩༠ ལོར་གནས་རིམ་སྤར་ཏེ་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་དང་ཟུང་དྲུང་གི་ཕྱག་ལས་གནང་། ཕྱི་ལོ་ ༡༩༩༣ ལོར་ཨ་རིར་གཞུང་འབྲེལ་སློབ་སྦྱོང་དུ་ཕེབས། ཕྱི་ལོ་ ༡༩༩༤ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་གར་དང་ཕྱི་སྡོད་རྒྱ་རིགས་འབྲེལ་མཐུད་འགན་འཛིན་དུ་བསྐོས་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་དང་། ཕྱི་ལོ་ ༡༩༩༩ ལོ་ནས་ ༢༠༠༤ བར་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་དང་དྲུང་ཆེའི་ཕྱག་ལས་གནང་།  ཕྱི་ལོ་༢༠༠༩ ལོར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དུ་བསྐོས་བ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ཕྱི་འབྲེལ་དྲུང་ཆེ་ཡི་ཕྱག་ལས་གནང་ཡོད་པ་བཅས། བོད་མིའི་སྒྲིག་འཛུགས་ནང་ལོ་ངོ་ ༣༧ ཙམ་གྱི་རིང་ཕྱག་ལས་གནང་ཡོད་པ་དང་། དེ་སྔོན་བོད་རྒྱ་ཞི་མོལ་ཆེད་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གནང་སྟེ་རྒྱ་ནག་ཏུའང་ཕེབས་མྱོང་ཡོད་འདུགཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཁྲིམས་ཞིབ་པ་གཞན་གཅིག་ལ་འདེམས་ཐོན་བྱུང་བར་ཐུགས་ཚོར་ཅི་བྱུང་དྲིས་པར། ཁྲིམས་ཞིབ་པ་ཆེ་བ་དང་གཞན་ལ་ཕེབས་པར་རང་ལོ་ ༥༠ ཟིན་དགོས་ཡོད་པ་རེད། ད་ལྟའི་བར་དུ་ལོ་ཆུང་ཤོས་དེ་ང་ཆགས་ཀྱི་ཡོད་པ་འདྲ་པོ་འདུག འོས་གཞིར་འདོན་མཁན་དང་བཀུར་འོས་བའི་སྤྱི་འཐུས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། བོད་མིའི་སྒྲིག་འཛུགས་ནང་ལ་ལས་བྱེད་བྱས་ནས་ལོ་ངོ་ ༢༥ མ་ཟིན་ཙམ་འགྲོ་ཡི་ཡོད་པ་དང་། ཚང་མས་མཁྱེན་གསལ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་དམངས་གཙོའི་ཀ་བ་གསུམ་གྱི་ནང་གི་ཀ་བ་གལ་ཆེན་ཞིག་ཆགས་ཡོད་སྟབས། འཛིན་སྐྱོང་གི་ལས་བྱེད་ཅིག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་ཐོབ་ཆགས་ཀྱི་ཡོད་པ་མ་གཏོགས། རྩ་བའི་བོད་མིའི་སྒྲིག་འཛུགས་རང་གི་ནང་དུ་ཞབས་ཞུ་ཞུ་རྒྱུ་ཆགས་འགྲོ་ཡི་ཡོད་དུས། དམིགས་བསལ་གྱི་ཚོར་བ་དེ་འདྲ་ཞུ་ཚོད་ཐུག་གི་མི་འདུག ཅེས་དང་། ད་ལྟ་རང་འདེམས་ཐོན་བྱུང་ཚར་ཙམ་ཡིན་པས་ལམ་སང་འདི་ཞེས་ང་ལ་དམིགས་བསལ་གྲ་སྒྲིག་མེད། གང་ལྟར་ལས་གནས་གལ་ཆེན་ཞིག་ལ་འདེམས་ཐོན་བྱུང་བ་རེད། དུས་རྒྱུན་སོ་སོའི་བསམ་བློའི་ནང་སྡེ་ཚན་གང་དུ་ལས་ཀ་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར། གང་ལྟར་དྲང་པོ་དྲང་བཞག་དང་སོ་སོའི་ངོས་ནས་ཧུར་ཐག་བྱེད་པ་དེ་དང་པོར་འཇོག་གི་ཡོད། སོ་སོའི་བསམ་བློའི་ནང་དྲང་པོ་དྲང་བཞག་དང་ཧུར་ཐག་གིས་ཞབས་ཞུ་ཞུ་བའི་གྲ་སྒྲིག་ཨང་གསར་ཡོད། ཅེས་གསུངས་བྱུང་།

ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མོན་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོ་ནས་དྲུང་གཞོན་ལས་རོགས་གནས་རིམ་ཕྱག་ལས་དང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་སུ་བསྐོས།  ཕྱི་ལོ་ ༡༩༩༦ ལོར་ཤེས་རིག་ལས་ཁུངས་སུ་དྲུང་གཞོན་དུ་གནས་སྤོ་དང་། ཕྱི་ལོ་ ༢༠༠༢ ལོར་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོ་གནང་། ཕྱི་ལོ་ ༢༠༠༥ ལོར་ཟུང་དྲུང་དུ་གནས་སྤོ་གནང་། ཕྱི་ལོ་ ༢༠༡༦ ལོར་ཆོས་རིགས་ལས་ཁུངས་ཀྱི་དྲུང་ཚབ་དུ་བསྐོ་བཞག ཕྱི་ལོ་ ༢༠༡༧ ལོར་ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གིས་མི་ལོ་ ༢༤ ལྷག་ཙམ་ལ་བོད་སྤྱི་བའི་ཐོག་ཞབས་ཞུ་གནང་ཡོད་འདུག

དཔེ་ཟུར་དབང་འདུས་ཚེ་རིང་ལགས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམ་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་སུ་མང་མོས་འདེམས་ཐོན་བྱུང་བར་ཐུགས་ཚོར་ཅི་བྱུང་དྲིས་པར།  སྤྱིར་ང་རང་གཞི་རིམ་གྱི་ལས་ཀ་ལྟ་བུ་མ་གཏོགས་ང་ལ་འདུན་པ་ཤུགས་ཆེན་པོ་དེ་འདྲ་མེད། ཡིན་ནའང་། ཐུགས་རེ་ཞིག་གནང་པ་རེད། གནང་པ་ནང་བཞིན་གང་ཡོང་ཅི་ཡོང་ཞུ་ཡི་ཡིན། སེམས་ལ་དམིགས་བསལ་དགའ་ཚོར་དེ་འདྲ་མི་འདུག ནམ་རྒྱུན་ཞབས་ཞུ་ཞུ་བཞིན་ཡོད་པ་དང་མུ་མཐུད་ཞུ་ཡ་རེད། ལྷག་པར་དུ་དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་བསྡུ་ཡི་གནས་བབ་དེ་ཞེ་དྲགས་གལ་ཆེན་པོ་རེད། གང་ཡོང་ཅི་ཡོང་གིས་འབད་འབུངས་ཞབས་ཞུ་ཞུ་ཡ་ཡིན། ཞེས་གསུངས་བྱུང་།ཕྱི་ལོ་ ༢༠༢༡ ལོའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུ་བསླེབ་ལ་ཉེ་བ་དང་དེར་གདོང་ལེན་ཇི་ལྟར་གནང་འཆར་ཡོད་མེད་དྲིས་པར། ད་ལྟ་དམིགས་བསལ་འཆར་གཞི་དེ་འདྲ་སེམས་ལ་དྲན་མ་སོང་། དེ་རིང་འདེམས་ཐོན་གནང་པའི་གནས་བབ་ཆགས་ཡོད་པ་རེད། ཡིན་ནའང་། རྩ་བའི་འོས་བསྡུ་དང་འབྲེལ་བའི་ལས་དོན་དེ་ང་ལ་གསར་པ་དེ་འདྲ་གང་ཡང་མ་རེད། གཞུང་ཞབས་བྱས་ནས་ལོ་ངོ་ ༤༡ ཙམ་འགྲོ་ཡི་ཡོད་པ་རེད། ལོ་ ༣༠ ལྷག་ཙམ་རིང་འོས་བསྡུའི་ལས་དོན་ཐད་ས་གནས་རང་དུ་བསྡད་དེ་ལས་ཀ་བྱས་ཚར་བ་ཞིག་ཡིན་དུས། དེར་དཀའ་ངལ་ཡོད་ཀྱི་རེད་བསམ་གྱི་མི་འདུག འདིར་དམིགས་བསལ་ཞུ་ཡ་ཞིག་ལ་སྤྱི་འཐུས་སྐབས་བདུན་པའི་སྐབས་ནས་བཟུང་འོས་བསྡུའི་སྒྲིག་གཞི་དང་འབྲེལ་ནས་བསྐྱར་བཅོས་ཤུགས་ཆེན་པོ་ཕྱིན་ཡོད་པ་རེད། དེ་དག་ས་གནས་རང་དུ་གོ་བརྡ་འཕྲོད་པར་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་རེད། ད་ལྟའི་འོས་བསྡུའི་འགན་འཛིན་མཆོག་ནས་ཀྱང་ཕྱག་ལས་དེ་ཚོ་འཐུས་ཚང་གནང་ཡོད་པ་རེད་ལ། ངའི་ངོས་ནས་ཀྱང་མཇུག་སྐྱོང་ཞུས་ཏེ་གཙོ་བོ་བཅའ་ཁྲིམས་དང་། དེ་བཞིན་སྒྲིག་གཞི་ཁག་གི་དགོངས་དོན་བཞིན་ཤར་སྐྱོད་ཐུབ་པར་འབད་བརྩོན་ཞུ་ཡ་ཡིན། ཞེས་གསུངས་བྱུང་།

དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༦༠ ལོར་འབྲས་ལྗོངས་སྒང་ཏོག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༩ ནས་རང་ཁུངས་ལས་བྱེད་ཀྱི་ངོ་བོར་སྦེལ་ཀོབ་ཕྱུགས་གསོ་བཟོ་གྲྭའི་དོ་དམ་པའི་ལས་འཁུར་ཞུས་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་དབུས་དཔལ་འབྱོར་ལས་ཁོངས་སུ་གནས་སྤོས་ཀྱིས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་འདུ་འགོད་སྡེ་ཚན་གྱི་འགན་འཛིན་གནང་། ༢༠༡༤ ལོ་ནས་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དང་། ཕྱི་ལོ་ ༢༠༡༨ ཟླ ༡༠ ཚེས་ ༡ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་སྤར་བ་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ནས་ནང་སྲིད་ཀྱི་དྲུང་ཆེའི་ལས་འཁུར་ཞུ་མུས་ཡིན་པ་སོགས། མི་ལོ་ ༤༡ ཙམ་རིང་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༣

Leave a Reply

One thought on “དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བར་མང་མོས་འདེམས་ཐོན་བྱུང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྤྱི་འཐུས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་དཔོན་དང་ཁྲིམས་དཔོན་གཞན་འོས་བསྡུ་དང་འདེམས་ལྷན་
    བཅས་ཀྱི་མི་འགྲོ་འོས་བསྡུ་གནང་བ་རྗེས་སུ་ཡིད་རང་ཞུ་གི་ཡོད་འོན་ཀྱང་སྡེ་ཚན་ཁག་གི་འགན་འཛིན་བསྐོ་རྒྱུ་
    དེ་དག་ཡིན་ཅིག་མིན་ཅིག་ལས་བྱེད་པའི་ནང་ནས་བསྐོ་དགོས་པའི་ཁྲིམས་དང་སྒྲིག་གཞི་སོགས་ལམ་སྟོན་དང་ཆ་རྐྱེན་
    ག་འདྲ་ཡོད་པ་ཡིན་ནམ་བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་ཤེས་ཡོན་ཅན་བརྒྱ་ཕྲག་མང་པོ་ལས་མེད་སྤྱི་ཚོགས་
    ནང་ཡོད་པ་དེ་ཚོ་མ་བཀོད་པ་རྡ་སའི་གངས་སྐྱིད་ལས་བྱེད་མི་གྲངས་ཉི་བརྒྱ་གསུམ་བརྒྱའི་ནང་ཡར་འཐེན་མར་འཐེན་
    དང་གཡས་སྐོར་གཡོན་སྐོར་རྒྱབ་ནས་བསྐོ་རྒྱུ་དེ་མང་གཙོ་ལ་འགན་འཁུར་བ་རེད་དམ་དམངས་གཙོ་ལ་འགན་འཁུར་བ་
    རེད་གསལ་པོ་ཤེས་ཐུབ་མ་སོང།