ཤེས་རིག་ལས་ཁུངས་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐོག་དོགས་འདྲི་དགོངས་ཚུལ་ཕུལ།

སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྟོང་པའི་དུས་ཚོད་བླངས་ཏེ་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་ཚོགས་གཙོ་མཆོག་ནས་ལམ་སྟོན་གནང་ཡོད་པ་ལྟར་གྲོས་ཚོགས་ར་བའི་ནང་དགའ་ལྡན་ཕོ་བྲང་གི་མཚན་འབོད་མི་གནང་བའི་འབོད་སྐུལ་ཞུས།

དེ་རིང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་ལྔ་པའི་སྟེང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐད་སྤྱི་ཡོངས་བགྲོ་གླེང་གནང་སྐབས། ཕྱི་རྒྱལ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭར་གཅིག་འགྱུར་གྱི་རྩ་འཛིན་བསླབ་གཞི་དགོས་གལ་ཆེ་བ་དང་། བལ་ཡུལ་བོད་མིའི་སློབ་མ་རྣམས་ལ་ལས་ཞུགས་སོགས་ཀྱི་ཐད་ནས་དཀའ་ངལ་ཆེན་པོ་ཡོད་པ།    སློབ་གྲྭ་ཁག་གི་དགེ་རྒན་གྱི་གནས་སྟངས་སྤྱི་དང་དགེ་རྒན་རྩེ་ཕུད་ལ་གཟེངས་བསྟོད་བྱ་དགའ་འབུལ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། བོད་མིའི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་སློབ་ཕྲུག་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་བོད་སྐད་ཡིག་གི་ཁོར་ཡུག་ལ་དོ་ཕོག་འགྲོ་ཡི་ཡོད་མེད་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་རྣམས་བོད་ཕྲུག་དང་མཉམ་བསྲེས་བྱེད་རྒྱུའི་ཚབ་ཏུ་ཁོང་ཚོར་མཐུན་རྐྱེན་གཅིག་མཚུངས་འབྱོར་སྤྲོད་ཀྱིས་སློབ་གྲྭ་ལོགས་སུ་འཛུགས་གལ་ཆེ་སྐོར་སོགས་ཀྱི་ཐད་ལ་དགོངས་ཚུལ་དོགས་འདྲི་དང་། ཤེས་རིག་བཀའ་བློན་མཆོག་ནས་གསལ་བཤད་གནང་སོང་།དེ་ཡང་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས་ད་ལན་གྱི་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ནང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་པའི་གཟའ་མཇུག་སློབ་གྲྭའི་སྐོར་གང་ཡང་འཁོད་མེད་པ་དེར་བློ་ཕམ་ཡོད་སྐོར་དང་། ད་ལྟའི་ཆར་ཕྱི་རྒྱལ་ཁག་ཏུ་གཟའ་མཇུག་སློབ་གྲྭ་དང་དེ་དག་ནང་སློབ་མ་ཅི་ཙམ་ཡོད་མེད། ཤེས་རིག་ལས་ཁུངས་ངོས་ནས་གཟའ་མཇུག་སློབ་གྲྭ་ཁག་ལ་ལམ་སྟོན་དང་། བཀོད་ཁྱབ། སྟངས་འཛིན་བྱེད་དགོས་ཀྱི་ཡོད་སྐོར་གྱི་དགོངས་ཚུལ་གསུངས་པའི་ཐད། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས། ང་ཚོས་ཕྱི་རྒྱལ་ཁག་གི་གཟའ་མཇུག་སློབ་གྲྭ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཞེས་གཏན་འབེབ་བྱས་ཡོད་པ་དང་། སློབ་གྲྭ་དེ་དག་ཤེས་རིག་གི་ཁྱབ་ཁོངས་སུ་མེད་པར་བརྟེན་ད་ལྟའི་ཆར་སློབ་གྲྭ་དང་སློབ་མ་ཅི་ཙམ་ཡོད་མེད་ཏག་ཏག་བཤད་ཚོད་ཐིག་གི་མེད་པས། མ་འོངས་པར་རྩད་གཅོད་གནང་རྒྱུ་ཡིན་སྐོར་དང་། ཤེས་རིག་ལས་ཁུངས་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་ཆ་རྐྱེན་དང་ཁོར་ཡུག་སོགས་ཀྱི་ཐད་ལ་དཀའ་ངལ་ཡོད་པར་བློ་འཚབ་ཡོད་པ་དང་། འདས་ལོར་མཚོན་ན། ཨ་རིའི་བོད་ཀྱི་དོན་ཁང་དང་མཉམ་འབྲེལ་ཐོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་རྣམས་ལ་ཆེད་དམིགས་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཤེས་རིག་ལས་ཁུངས་དང་ཨ་རིའི་དོན་ཁང་ངོས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྐོར་ནས་ཚོགས་ཆེན་ཞིག་ཚོགས་ཏེ། སློབ་གྲྭ་དེ་དག་ལ་གཅིག་འགྱུར་གྱི་བསླབ་གཞི་རྩ་འཛིན་ཞིག་གཏན་འབེབ་བྱས་ཡོད་སྐོར་སོགས་གསུངས་སོང་།

ཡང་བོད་མིའི་བྱིས་སྒྲུང་ཁྲོད་དུ་བོད་ཀྱི་སྲོལ་རྒྱུན་རང་གི་སྒྲུང་རྣམས་ཚུད་ཐབས་དགོས་པ་གལ་ཆེན་ཡིན་པ་དང་། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་རྒྱ་ནག་གི་ཁུང་ཙིའི་སློབ་གསོའི་སྒྲུང་གཏམ་དེ་འདྲ་མང་པོ་ཡོད་པར་སྣང་བས། དེས་སློབ་ཕྲུག་རྣམས་རྒྱ་ནག་གི་ཤན་ཤུགས་ངན་པ་ཕོག་སྲིད་པའི་བློ་འཚབ་ཡོད་སྐོར་གསུངས་པར་ཤེས་རིག་བཀའ་བློན་མཆོག་གིས། བྱིས་སྒྲུང་ནི་ཕྲུ་གུ་རྣམས་ལ་སློབ་གསོ་སྤྲོད་རྒྱུའི་བརྒྱུད་ལམ་ལེགས་ཤོས་ཤིག་ཡིན་པ་དང་། ང་ཚོ་བོད་པར་རང་བྱུང་ཁོར་ཡུག་དང་བཟང་སྤྱོད་སྐོར་གྱི་བྱིས་སྒྲུང་མང་པོ་ཡོད་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་རྒྱལ་སྤྱིའི་ཐོག་ནས་གདེང་འཇོག་མཐོན་པོ་ཡོད་པའི་མི་རིགས་གཞན་གྱི་བྱིས་སྒྲུང་བོད་ཡིག་ནང་ཕབ་བསྒྱུར་ཞུ་ཡི་ཡོད་པ་མ་ཟད། ལོ་རེར་བྱིས་སྒྲུང་ལྔ་རེ་གསར་རྩོམ་ཞུ་བཞིན་ཡོད་སྐོར་དང་། ཤེས་རིག་ལས་ཁུངས་ངོས་ནས་བོད་ཀྱི་ཐུན་མིན་ངོ་བོ་དང་སྲོལ་རྒྱུན་རིག་གཞུང་བཅས་ལ་གཞིར་བཞག་ཐོག་ནས་བྱིས་སྒྲུང་གསར་རྩོམ་སོགས་ཀྱི་ལས་གཞི་རིགས་སྤེལ་གྱི་ཡོད་ཀྱང་། མི་ཆ་དང་མཐུན་རྐྱེན་མེད་པའི་རྐྱེན་གྱིས་བསམ་པ་ལྟར་གནང་ཐུབ་ཀྱི་མེད་སྐོར་གསུངས་སོང་།སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས་ཀྱིས་བལ་ཡུལ་ལ་ཡོད་པའི་བོད་ཕྲུག་ཚོ་འཛིན་རིམ་བཅུ་གཉིས་ཐོན་རྗེས། རྒྱ་གར་ནང་ལས་ཞུགས་བྱེད་རྒྱུའི་ཆ་རྐྱེན་མེད་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཐད་ཤེས་རིག་ལས་ཁུངས་ངོས་ནས་དགོངས་བཞེས་གནང་དགོས་སྐོར་གསུངས་པར་ཤེས་རིག་བཀའ་བློན་མཆོག་གིས། གལ་ཏེ་བོད་ཕྲུག་ཚོར་བལ་ཡུལ་གྱི་སློབ་གྲྭ་ཁག་ནང་ཞུགས་རྒྱུར་དཀའ་ངལ་ཡོད་ཚེ། ཤེས་རིག་ལས་ཁུངས་ལ་ཡར་ཞུས་བྱས་ཏེ། ཤེས་རིག་ལས་ཁུངས་ངོས་ནས་ཁོང་ཚོ་རྒྱ་གར་གྱི་སློབ་གྲྭ་ཁག་ནང་སློབ་འཇུག་བྱ་རྒྱུ་དང་། དེ་བརྒྱུད་ནས་རྒྱ་གར་གྱི་མཐོ་སློབ་ནང་ཞུགས་རྒྱུར་རོགས་རམ་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་གསུངས་སོང་།

གཞན་ཡང་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས། བོད་མིའི་སློབ་གྲྭའི་ཆེད་པར་བསྐྲུན་བྱས་པའི་བྱིས་སྒྲུང་ཁྲོད་དུ་བོད་ཀྱི་སྲོལ་རྒྱུན་རང་གི་སྒྲུང་རྣམས་ཚུད་ཐབས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་ནང་རྒྱ་ནག་གི་ཁུང་ཙིའི་སློབ་གསོའི་སྒྲུག་གཏམ་དེ་འདྲ་མང་པོ་ཡོད་པར་སྣང་བས། དེས་བོད་མིའི་སློབ་ཕྲུག་རྣམས་རྒྱ་ནག་གི་ཤན་ཤུགས་ངན་པ་ཕོག་སྲིད་པའི་བློ་འཚབ་ཡོད་སྐོར་གསུངས་པར་ཤེས་རིག་བཀའ་བློན་མཆོག་གིས། བྱིས་སྒྲུང་ནི་ཕྲུ་གུ་རྣམས་ལ་སློབ་གསོ་སྤྲོད་རྒྱུའི་བརྒྱུད་ལམ་ལེགས་ཤོས་ཤིག་ཡིན་པ་དང་། ང་ཚོ་བོད་པར་རང་བྱུང་ཁོར་ཡུག་དང་བཟང་སྤྱོད་སྐོར་གྱི་བྱིས་སྒྲུང་མང་པོ་ཡོད་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་རྒྱལ་སྤྱིའི་ཐོག་ནས་གདེང་འཇོག་མཐོན་པོ་ཡོད་པའི་མི་རིགས་གཞན་གྱི་བྱིས་སྒྲུང་བོད་ཡིག་ནང་ཕབ་བསྒྱུར་ཞུ་ཡི་ཡོད་པ་མ་ཟད། ལོ་རེར་བྱིས་སྒྲུང་ལྔ་རེ་གསར་རྩོམ་ཞུ་བཞིན་ཡོད་སྐོར་དང་། ཤེས་རིག་ལས་ཁུངས་ངོས་ནས་བོད་ཀྱི་ཐུན་མིན་ངོ་བོ་དང་སྲོལ་རྒྱུན་རིག་གཞུང་བཅས་ལ་གཞིར་བཞག་ཐོག་ནས་བྱིས་སྒྲུང་གསར་རྩོམ་སོགས་པའི་ལས་གཞི་རིགས་སྤེལ་གྱི་ཡོད་ཀྱང་། མི་ཆ་དང་མཐུན་རྐྱེན་མེད་པའི་རྐྱེན་གྱིས་བསམ་པ་ལྟར་གནང་ཐུབ་ཀྱི་མེད་སྐོར་གསུངས་སོང་།སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྟོང་པའི་དུས་ཚོད་བླངས་ཏེ། ཉེ་ཆར་གྲོས་ཚོགས་ར་བའི་ནང་ལ་ཕྱག་འབྲེལ་སྤྱི་འཐུས་ཤིག་གི་རྒྱ་བོད་འབྲེལ་ལམ་སྐོར་གྱི་བཀའ་འདྲིར་བཀའ་ལན་གནང་སྐབས་སྲིད་སྐྱོང་མཆོག་གིས། ངའི་གྲོགས་པོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཅིག་གིས་དེའི་ཐད་ཕྱག་ལས་གནང་གི་ཡོད་ཅེས་གསུངས་ཡོད་པ་དང་། ཡང་ཆོས་རིག་བཀའ་བློན་མཆོག་གིས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གསུམ་སྔོན་ལ་སྤྲོ་སྐྱིད་བཏང་བའི་ཐད། དགའ་ལྡན་ཕོ་བྲང་གི་ལས་བྱེད་རྣམས་སྤྲོ་སྐྱིད་ཀྱི་སྐུ་མགྲོན་ལ་ཕེབས་རྒྱུའི་དུས་ཚོད་དང་བསྟུན་ནས་དེ་ལྟར་བཟོས་སྐོར་གསུངས་ཡོད་པ་རེད། དེར་བརྟེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་ཚོགས་གཙོ་མཆོག་ནས་གྲོས་ཚོགས་ནང་ལན་འདེབས་གསལ་བཤད་ཆེད་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མེད་པར་བརྟེན། དགའ་ལྡན་ཕོ་བྲང་གི་མཚན་སྨོས་མི་དགོས་པ་བྱུང་ན་ཡག་པོ་ཡོད་སྐོར་གྱི་ལམ་སྟོན་ཕེབས་ཡོད་པ་ལྟར། སྐབས་ཐོག་དེར་སྤྱི་འཐུས་རང་ཉིད་ནས་ལས་རིམ་རྣམ་གཞག་འདོན་དགོས་བསམ་བྱུང་ཡང་། བཀའ་ཤག་དང་བཀའ་བློན་གཅིག་གིས་གསུངས་པར་བརྟེན་གལ་ཆེན་པོ་ཡིན་པར་བསམ་སྟེ་ལས་རིམ་རྣམ་གཞག་བཏོན་ནུས་མེད་པ་དང་། གྲོས་ཚོགས་ར་བའི་ནང་དགའ་ལྡན་ཕོ་བྲང་གི་མཚན་འབོད་མི་གནང་རྒྱུའི་གསོལ་འདེབས་ཞུ་ཡི་ཡོད་སྐོར་གསུངས་སོང་།གཞན་ཡང་སྤྱི་འཐུས་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་དེ་སྔོན་སྤྱི་འཐུས་རང་ཉིད་ཀྱིས་གྲོས་ཚོགས་དང་ཚོགས་ཆེན་སོགས་ནང་སློབ་གྲྭ་ཁག་ཏུ་ཤེས་སྤྱོད་དང་། སློབ་མ་སྐྱོང་སྟངས་ལེགས་པོ་ཡོད་མཁན་འབུར་དུ་ཐོན་པའི་དགེ་རྒན་རྣམས་ལ་དམིགས་བསལ་གཟེངས་རྟགས་འབུལ་དགོས་པའི་དགོངས་ཚུལ་གསུངས་པ་དེར་ཤེས་རིག་བཀའ་བློན་མཆོག་ནས་མོས་མཐུན་གནང་སོང་བ་ལྟར། ད་བར་གཟེངས་རྟགས་གནང་ཡོད་མེད་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས། ཤེས་རིག་ལས་ཁུངས་ངོས་ནས་དགེ་རྒན་ལ་དམིགས་བསལ་གཟེངས་རྟགས་སྤྲོད་རྒྱུར་མོས་མཐུན་ཡོད་པ་དང་། གཟེངས་རྟགས་ལ་རིན་ཐང་ཡོང་ཆེད་གཟེངས་རྟགས་འབུལ་སའི་དགེ་རྒན་ལ་ཆ་རྐྱེན་གང་ཚང་དགོས་མིན་སོགས་དང་། དེ་བཞིན་རྒྱ་གར་གྱི་དགེ་རྒན་གཟེངས་རྟགས་འབུལ་ཕྱོགས་སོགས་ལ་དཔེ་བལྟས་ནས་ད་ལྟའི་ཆར་འཆར་གཞིའི་རགས་ཟིན་དང་པོ་དེ་གྲུབ་ཚར་ཡོད་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་ཕྱི་རྒྱལ་ཁག་ཏུ་སློབ་ཕྲུག་འདེམས་གཏོང་དང་འབྲེལ། མིང་སྨོས་མི་དགོས་པར་བོད་ཕྲུག་བཞི་ཙམ་ཕྱི་རྒྱལ་གྱི་སློབ་ཡོན་ནང་ཚུད་འདུག་སྐོར་བརྗོད་དེ་དྷ་སར་འབྱོར་དུས། ཁོང་ཚོར་བཅར་འདྲིའི་གོ་སྐབས་རྩ་བ་ཉིད་ནས་སྤྲད་མེད་པ་མ་ཟད། མཐའ་མཇུག་དེར་འབྲེལ་ཡོད་ཅིག་གི་ཕྲུ་གུར་སློབ་ཡོན་སྤྲད་ཡོད་པ་དང་། ཕྲུ་གུ་བཞི་དེའི་གཉེན་སྤུན་རྣམས་ཀྱིས་འདེམས་སྒྲུག་བྱེད་མཁན་མི་གཉིས་གསུམ་ལ་སྐད་ཆ་འདྲི་སྐབས། འདེམས་སྒྲུག་བྱེད་མཁན་ཞིག་གིས་ང་ལ་ཐབས་ཤེས་མེད་སྐོར་བརྗོད་ཡོད་པ་དང་། སློབ་ཡོན་ནང་ཚུད་མཁན་ལས་བྱེད་ཀྱི་ཕྲུ་གུའམ་གཉེན་འབྲེལ་ཡིན་པའི་བཟོ་ལྟ་བུ་འདུག་པས། འདེམས་སྒྲུག་བྱེད་མཁན་རྣམས་ཀྱིས་དྲང་བདེན་བྱས་མེད་སྐོར་སོགས་དོགས་འདྲི་གནང་བའི་ཐད། ཤེས་རིག་བཀའ་བློན་མཆོག་གིས། ཨ་རི་བོད་མིའི་སློབ་ཡོན་(TSP) ཆེད་འདས་ལོར་མཚོན་ན་ལྡི་ལི་ནས་ཨ་རིའི་ལྟེ་གནས་ཀྱི་མི་གཉིས་དང་། ཨ་རིའི་མི་གཅིག་བཅས་བོད་རིགས་མ་ཡིན་པའི་མི་སྣ་གཉིས་དང་། ཤེས་རིག་དྲུང་ཆེ་གཅིག་བཅས་ཀྱིས་འདེམས་སྒྲུག་གནང་གི་ཡོད་ཀྱང་། འདི་ལོར་ཨ་རི་ནས་མི་སྣ་སླེབ་མཁན་མེད་པའི་རྐྱེན་གྱིས་ལྡི་ལི་ཡི་ཨ་རིའི་ལྟེ་གནས་ཀྱི་མི་གཉིས་དང་། ཤེས་རིག་དྲུང་ཆེ་དང་ཨ་རི་བོད་མིའི་སློབ་ཡོན་ཐོབ་མྱོང་མཁན་སློབ་ཟུར་ཞིག་བཅས་མི་བཞིས་བཅར་འདྲི་བརྒྱུད་འདེམས་སྒྲུག་བྱས་ཡོད་པ་དང་། འདེམས་སྒྲུག་ཐད་ཤེས་རིག་ལས་ཁུངས་ངོས་ནས་དྲང་བདེན་དང་ཕྱི་གསལ་ནང་གསལ་གནང་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༥

Leave a Reply

2 thoughts on “ཤེས་རིག་ལས་ཁུངས་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐོག་དོགས་འདྲི་དགོངས་ཚུལ་ཕུལ།

  1. གཞུང་པ་ཚེ་དབང་བསོད་ནམས

    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགོ་འདྲེན་དང་ཕྱོགས་གཏོགས་སྐབས་ཚོལ་དང་ལྐོག་ཟ་རུལ་སྲུང་
    སོགས་མེད་པའི་ཡིད་ཆེས་བརྟན་པོ་ཡོད་ཀྱང་སྤྱི་འཐུས་གྲོས་ཚོགས་ནང་འགོ་འདྲེན་གྱི་གནད་དོན་སྐོར་
    གྲོས་ཚོགས་ལས་རིམ་ནང་ཐོན་ཡོང་དུས་གྲོས་ཚོགས་ནས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་འགན་འཁུར་
    ནས་ཞིབ་འཇུག་ཚོགས་ཆུང་འཛུགས་དགོས་པ་དེ་སྤྱི་ཚོགས་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་བཙན་
    བྱོལ་མི་མང་འཚོ་ཐུབ་པའི་འགན་དེ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པའི་ངོས་འཛིན་ཞུ་གི་ཡོད།

  2. གཞུང་པ་ཚེ་དབང་བསོད་ནམས

    གནད་དོན་དེ་གལ་ཆེན་པོ་རེད་ལ་བཀུར་འོས་སྤྱི་འཐུས་ཀ་བྲག་དངོས་གྲུབ་བསོད་ནམས་མཆོག་ནས་འབྲེལ་ཡོད་ཕྲུ་གུ་ཡིག་
    ཚད་གཏོང་མཁན་དང་འབྲེལ་བ་གནང་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནི་བཀུར་འོས་མི་མང་གི་འཐུས་
    མི་སྤྱི་འཐུས་ཞིག་གི་སྐད་ཆ་ལ་སོང་ཤེས་རིག་བཀའ་བློན་མཆོག་ནས་ང་ཚོའི་ངོས་ནས་དྲང་བདེན་དང་ཕྱི་གསལ་ནང་གསལ་
    བྱུང་ཡོད་པར་ངོས་འཛིན་ཡོད་གསུང་པ་ཙམ་གྱི་གྲོས་ཚོགས་ལ་འགན་བཞེས་སྟངས་དེ་ཁྲིམས་མཐུན་དང་བཟང་སྤྱོད་ལ་
    ནམ་ཡང་ངོས་འཛིན་མ་ཐུབ་ན་གནད་དོན་འདིའི་ཐོག་བར་མཐའ་གསུམ་གྱི་བྱུང་རིམ་ཐོག་སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་
    བཙུགས་ནས་བཙན་བྱོལ་སྤྱི་ཚོགས་ནང་འགོ་འདྲེན་དང་ཕྱོགས་གཏོགས་ཀྱི་དྲི་ངན་གྱང་དུ་རྡོར་ཐུབ་པའི་འགན་འཁུར་བཞེས་
    དགོས་པ་བཅས།