བཀའ་ཤག་གི་ཉམ་ཐག་ཁོངས་ནས་ཆ་རྐྱེན་གང་འཚམ་ཚང་བ་ཚོ་ཨོ་གླིང་དུ་གཏང་རྒྱུའི་ཐག་གཅོད་བྱུང་ཡོད།

བདེ་སྲུང་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྐབས་སྤྱི་འཐུས་རྣམ་པས་མ་འོངས་པར་བོད་ནང་གི་ཐེམ་ཐོ་ནས་བསུབས་ཡོད་པའི་བོད་མི་ཚོ་དང་ཕྱིར་བོད་ནང་ཕྱིན་ཡང་སྡོད་དུ་མ་བཅུག་པ་རྣམས་ལའང་ཨོ་གླིང་དུ་འགྲོ་བའི་གོ་སྐབས་སྤྲོད་དགོས་སྐོར་གསུངས་སོང་།

དེ་རིང་གྲོས་ཚོགས་ལས་ཉིན་ ༧ པའི་ཉིན་རྒྱབ་ཚོགས་ཐུན་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་ལོ་འཁོར་ལས་བསྡོམས་སྐོར་ལ་བགྲོ་གླེང་གནང་སོང་བ་དང་། ལས་བསྡོམས་ནང་སྔར་ལོ་བོད་ནས་གཏན་སྡོད་དང་གནས་སྐོར་ཕེབས་མཁན་གྲངས་ ༢༦༢ བྱུང་ཁོངས་ནས་བལ་ཡུལ་ཡན་ལག་དང༌། ལྡི་ལི་ཡན་ལག་སྣེ་ལེན་ཁང་གཉིས་བརྒྱུད་བོད་ནས་གཏན་སྡོད་ཆེད་བོད་མི་ཁྱོན་གྲངས་ ༣༢ རྒྱ་གར་ནང་བཙན་བྱོལ་དུ་ཕེབས་འདུག་པ་དང་། བོད་ནང་གཉེན་འཕྲད་ལ་ཕེབས་མཁན་གྲངས་ ༡༢༥ ཐོ་འགོད་བྱུང་ཡོད་སྐོར་འཁོད་འདུག

དེ་བཞིན་ལོ་འཁོར་འདིའི་ནང་རྒྱ་གར་སྐྱབས་བཅོལ་ལག་དེབ་གྲངས་ཁྱོན་ ༥༧༧ གསར་བཟོ་བྱུང་འདུག་པ་དང་། སྐྱབས་བཅོལ་ལག་དེབ་བོར་བརླག་དང་གནས་སྤོས་དྲ་ཐོག་རྒྱབ་གཉེར་བྱས་པ་གྲངས་ ༣༡༦ བྱུང་ཡོད་འདུག དེ་བཞིན་འདས་གྲོངས་སུ་ཕྱིན་པའི་སྐྱབས་བཅོལ་ལག་དེབ་ཕྱིར་སློག་ཞུས་པ་གྲངས་ ༡༠ བྱུང་ཡོད་འདུག་ལ། མི་གྲངས་ ༤༠༠ ཙམ་གྱི་སྐྱབས་བཅོལ་ལག་དེབ་གསར་བཟོ་ཆེད་ཐོ་འགོད་བྱས་ཟིན་ཡོད་འདུག་ནའང་། དོ་བདག་རྣམས་ལ་གསར་བཟོ་དང་འབྲེལ་ནས་འབྲེལ་བ་ཞུ་ཐབས་མ་བྱུང་བ་ལ་བརྟེན་ནས་གསར་བཟོ་མ་ཐུབ་པར་ལྷག་ཡོད་སྐོར་སོགས་འཁོད་འདུག

སྤྱི་ཡོངས་བགྲོ་གླེང་སྐབས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་ཆེད་གློག་གི་སྐས་འཛེགས་ཤིག་བཟོ་ཐབས་དགོས་པ་སྐབས་སྔོན་མའི་གྲོས་ཚོགས་ནང་ནན་སྐུལ་གནང་ཡོད་པ་ལྟར། ད་ལྟའི་ཆར་གནས་ཚུལ་དེ་གང་འདྲ་ཡིན་མིན་དྲིས་པར། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ནས། གཙུག་ལག་ཁང་དུ་༧གོང་ས་མཆོག་གི་ཕེབས་ལམ་བདེ་ཆེད་གློག་སྐས་ཤིག་དགོས་པའི་སྙན་གསེང་སྲིད་སྐྱོང་མཆོག་ནས་ཞུས་པ་ལྟར། ད་ལྟའི་ཆར་བཀའ་ཤག་ངོས་ནས་བཀའ་ཁྲོལ་ཐོབ་ཡོད་པ་དང་། ལས་གཞི་དེར་འགན་གཙང་བཞེས་ཀྱིས་སྤྱིའི་ལས་མགོ་བཙུགས་ཡོད་ནའང་། སྐུའི་དགོངས་ཀེག་ལ་འཁེལ་བར་བརྟེན་འཛུགས་སྐྲུན་གྱི་ལས་གཞིར་ཕར་འགྱངས་གནང་ཡོད་སྐོར་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་ཅིག་ནས་ཨོ་གླིང་དུ་གཞིས་སྤོའི་ལས་གཞི་བརྒྱུད་ཆབ་སྲིད་བཙོན་མ་གཏོང་གི་ཡོད་པ་དང་། དེང་སྐབས་ཆབ་སྲིད་བཙོན་མ་ཡིན་མིན་གཉིས་ཀ་གཏོང་ཀི་ཡོད་པ་ལ་བརྟེན་ནས། ཆབ་སྲིད་བཙོན་མ་རྣམས་ཀྱི་མཚན་མཐོང་སོགས་ལ་གནོད་ཀྱི་ཡོད་སྐོར་དང་། བོད་ནང་གི་ཐེམ་ཐོ་ནས་བསུབ་ཡོད་པའི་བོད་འབྱོར་བོད་མི་མང་པོ་དང་ཕྱིར་བོད་ནང་ཕྱིན་ཀྱང་སྡོད་དུ་མ་བཅུག་པ་རྣམས་ལའང་གོ་སྐབས་སྤྲོད་དགོས་པ། རྒྱ་གར་གྱི་སློབ་གྲྭའི་ནང་སློབ་སྦྱོང་ཡག་པོ་གནང་གི་ཡོད་པ་དང་རྒྱ་གར་ནང་ཕ་མ་མེད་མཁན་དང་བོད་ནང་ཕ་མ་དང་འབྲེལ་ཐག་ཆད་པའི་གཞོན་སྐྱེས་ཚོ་ཨོ་གླིང་དུ་གནས་སྤོ་ཐུབ་ཚེ་ཤེས་ཡོན་དང་ལས་ཀའི་ཐོག་ནས་ཕུགས་རྒྱང་རིང་པོར་ཕན་གྱི་ཡོད་པས་གོ་སྐབས་དམ་འཛིན་བྱ་ཐུབ་དགོས་པ། ལ་དྭགས་ནི་དཀའ་ཚེགས་ཅན་གྱི་ས་ཁུལ་ཞིག་ཡིན་པས་ཨོ་གླིང་དུ་གནས་སྤོ་ལས་གཞིའི་ཁོངས་སུ་ལ་དྭགས་བོད་མི་གང་མང་གཏོང་དགོས་པ་མ་ཟད། བསྟན་སྲུང་དང་བླངས་དམག་མིས་བོད་སྤྱི་དོན་ལ་སྐུ་ལས་བསྐྱོན་པར་ངོས་འཛིན་གྱིས་ཁོང་ཚོ་ཡང་གཏོང་ཐུབ་དགོས་སྐོར་གྱི་བཀའ་འདྲི་དགོངས་ཚུལ་གསུངས་པའི་ཐད། བདེ་སྲུང་བཀའ་བློན་མཆོག་ནས་ད་སྔ་བར་དུ་བདེ་སྲུང་ལས་ཁུངས་ནས་ཆབ་སྲིད་བཙོན་མ་དང་འབྲེལ་ཡོད། འབྲེལ་ཆགས་བཅས་ཡིན་པ་རྣམས་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་པ་བརྒྱུད་ཐག་གཅོད་གནང་གི་ཡོད་པ་དང་། ད་བར་གང་ཟག་སུ་རུང་ཞིག་གནས་སྤོ་ལས་གཞི་དང་འཚམ་གྱི་མེད་སྐོར་ཡིག་ཐོག་ནས་ཞུ་མཁན་མ་བྱུང་བ་དང་། བོད་མི་མང་པོ་གཏོང་རྒྱུར་དཀའ་ཁག་ཡོད་པས་དགོངས་འཆར་གསུངས་པ་བཞིན་ཚང་མ་གཏོང་ཐབས་མེད་སྐོར་དང་། དེ་བཞིན་བཀའ་ཤག་ངོས་ནས་ཉམ་ཐག་གི་ཁོངས་ནས་ཆ་རྐྱེན་གང་འཚམ་ཡོད་ཐོག་གཏང་རྒྱུའི་ཐག་གཅོད་བྱུང་ཡོད་ནའང་། མ་འོངས་གཏོང་འཆར་ལ་བོད་མི་མང་སྤྱི་འཐུས་རྣམས་ནས་དགོངས་འཆར་དང་བསམ་ཚུལ་ཕུལ་ན་འགྲིག་གི་ཡོད་སྐོར་སོགས་གསུངས་སོང་།

བདེ་སྲུང་ལས་ཁུངས་ཐོག་སྤྱི་ཡོངས་བགྲོ་གླེང་གྲུབ་རྗེས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྦྲགས། སྤྱི་འཐུས་རྣམ་པས་སྤྱི་ཡོངས་བགྲོ་གླེང་དང་དོགས་འདྲི་དགོངས་འཆར་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༠༩/༢༧

Leave a Reply

2 thoughts on “བཀའ་ཤག་གི་ཉམ་ཐག་ཁོངས་ནས་ཆ་རྐྱེན་གང་འཚམ་ཚང་བ་ཚོ་ཨོ་གླིང་དུ་གཏང་རྒྱུའི་ཐག་གཅོད་བྱུང་ཡོད།

  1. ཚེས་བཅུ་སྒྲོལ་མ།

    གང་ལྟར་ལྟ་ཞིབ་ནན་པོ་བྱེད་ན་་དམག་རྒན་རྙིང་ཁོངས་དེ་དག་བྱས་རྗེས་དུས་ནམ་ཡང་སྣང་མེད་དུ་འཇོག་གི་ཡོད་པ་ལས་དེ་དག་ལ་བཙན་བྱོལ་སྒྲིག་འཛུགས་ཐུགས་སྣང་ཡང་དག་པ་ཞིག་གནང་གི་ཡོག་མ་རེད

  2. གཞུང་པ་ཚེ་དབང་བསོད་ནམས

    གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཁ་ནས་བཤད་པ་ཙམ་ལས་དོན་ངོ་མ་བཙན་བྱོལ་
    བོད་མི་སྦར་བ་གང་ལས་མེད་པ་དེ་ཡང་ས་གཏོར་གནམ་གཏོར་བྱས་ནས་གཞིས་ཆགས་བསྲ་བརྟན་
    དང་རྒྱུན་གནས་ཟེར་བ་དང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུངས་སྐྱོབས་ཕར་བཞག་བོད་
    མི་རིགས་འདི་ཡང་ཤིང་ནག་དཀྱིལ་ལ་བྱ་སྤུ་གཏོར་བ་དང་ཞ་ལེའི་སྟེང་སྲན་མ་གཏོར་བ་ཇིན་ཁ་གཏོར་དགུ་
    གཏོར་་ལ་བཏང་ཐུབ་པ་ཙམ་གྱི་ང་ཚོའི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་ཡིན་ནམ།