ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལ་འཁྲིག་སྤྱོད་བརྙས་བཅོས་བཏང་།

དྷོ་ལན་ཇི་སམ་བྷོ་ཊ་སློབ་གྲྭའི་རང་ལོ་ ༡༣ ཙམ་ཡིན་པའི་སློབ་ཕྲུག་བུ་མོ་ཞིག་ལ་འཁྲིག་སྤྱོད་བརྙས་བཅོས་བཏང་བའི་གནད་དོན་དང་འབྲེལ་ཏེ་བོད་མིའི་སྤྱི་ཚོགས་ནང་གནད་དོན་དེ་རིགས་ངེས་པར་དུ་འགོག་ཐབས་དགོས་པའི་དགོངས་ཚུལ་ཤུགས་ཆེན་བྱུང་།ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་བུད་མེད་སྤྱི་འཐུས་རྣམ་གཙོ་བོར་གྱུར་བའི་སྤྱི་འཐུས་ཁག་ཅིག་གིས། ཧི་མ་ཅལ་མངའ་སྡེའི་སོ་ལན་(Solan) རྫོང་གི་ཉེ་འཁྲིས་དྷོ་ལན་ཇི་ (Dolanji) གྲོང་སྡེར་རྟེན་གཞི་བྱས་པའི་དྷོ་ལན་ཇི་སམ་བྷོ་ཊ་སློབ་གྲྭའི་བུ་མོ་ཆུང་ཆུང་ཞིག་ལ་སྐྱེས་པ་ཞིག་གིས་བཙན་གཡེམ་མམ། ཡང་ན་འཁྲིག་སྤྱོད་བརྙས་བཅོས་བྱས་ཡོད་སྐོར་ཐུགས་ཚོར་ཆེན་པོའི་ཐོག་ནས་གསུངས་སོང་བ་མ་ཟད། བཟོད་གསོལ་ཀླད་ཀོར་གྱི་སྲིད་བྱུས་(Zero tolerance)་འོག་ནས་གནད་དོན་དེ་རིགས་ནན་འགོག་ཡོང་ཐབས་དགོས་སྐོར་གསུངས་ཡོད་པ་དང་། དེ་རིང་ལས་ཉིན་ ༧ པར་བཙན་གཡེམ་མམ་ཡང་ན་འཁྲིག་སྤྱོད་བརྙས་བཅོས་བྱེད་མཁན་སྐྱེས་པ་དེ་སུ་ཡིན་ངེས་པར་དུ་མིང་འདོན་དགོས་པ་དང་། བཀའ་ཤག་ནས་གནད་དོན་དེའི་ཐད་དགོངས་ཚུལ་ཅི་ཡོད་སོགས་བཀའ་འདྲི་གནང་བ་ལྟར། ཤེས་རིག་བཀའ་བློན་མཆོག་ནས་རྒྱ་གར་གྱི་ཁྲིམས་ཡིག་ (POCSO)གཞིར་བཟུང་བྱས་ན་དྷོ་ལན་ཇི་ཡི་གནད་དོན་དེ་འཁྲིག་སྤྱོད་བརྙས་བཅོས་ཤིག་ཆགས་ཡོད་པ་དང་། བརྙས་བཅོས་བྱེད་མཁན་དེ་ཁྲིམས་ཞིབ་པ་ཟུར་པ་ཞིག་ཡིན་སྐོར་གསལ་བཤད་གནང་སོང་ལ། འཁྲིག་སྤྱོད་བརྙས་བཅོས་བྱེད་མཁན་དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་ཡིན་པ་འབྲེལ་ཡོད་ནས་ངོས་ལེན་གནང་སོང་།

དེ་རིང་སྔ་དྲོར་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་གཞི་རིམ་སློབ་གྲྭ་ཁག་ནང་བཙན་གཡེམ་དང་འབྲེལ་བའི་ཚུལ་མིན་གྱི་བྱ་སྤྱོད་རིགས་ཡོང་བཞིན་པའི་སྐོར་གྲོས་ཚོགས་སྔོན་མ་དག་ཏུ་གླེང་སློང་ཤུགས་ཆེན་པོ་གནང་ཡོད་པ་དང་། ཐེངས་འདིར་དྷོ་ལན་ཇི་སམ་བྷོ་ཊ་སློབ་གྲྭའི་ནང་དུ་གནས་ཚུལ་དེ་རིགས་བྱུང་ཡོད་མེད་དོགས་འདྲི་གླེང་སློང་བྱས་པར་བརྟེན། གནས་ཚུལ་དེའི་རིགས་ལ་མི་དཀྱུས་མ་དང་གནད་ཡོད་མི་སྣ་ཞེས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱི་ཐོག་ནས་གྲོས་ཚོགས་ར་བའི་ནང་གསལ་བོ་བཟོ་དགོས་པ་དང་། གོ་ཚུལ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་གིས་བྱས་ཡོད་སྐོར་རྗོད་ཀྱི་ཡོད་པར་བརྟེན། མི་སྣ་དེ་སུ་ཡིན་པ་དང་གནས་ཚུལ་ག་དུས་བྱུང་བ། གནད་དོན་དེ་བཀའ་ཤག་ལ་སྙན་གསེང་ཞུས་ཡོད་མེད་སོགས་བཀའ་ལན་གསལ་བོ་དགོས་སྐོར་བཀའ་འདྲི་གནང་།ཤེས་རིག་བཀའ་བློན་མཆོག་གིས། ཤེས་རིག་ལས་ཁུངས་ངོས་ནས་རྒྱ་གར་གཞུང་གིས་གཏན་འབེབ་བྱས་པའི་ཕྲུ་གུ་རྣམས་འཁྲིག་སྤྱོད་ཀྱི་གནོད་འཚེ་ལས་སྐྱོབ་པའི་ཁྲིམས་ཡིག་ (Protection of Children from Sexual Offence Act of 2012) ཞེས་པ་དེ་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ལག་བསྟར་ནན་པོ་བྱེད་ཀྱི་ཡོད་པ་དང་།  ཁྲིམས་ཡིག་གཞིར་བཟུང་སློབ་གྲྭ་ཁག་གི་ནང་ཚུལ་མིན་བྱ་སྤྱོད་འགོག་ཐབས་ཀྱི་ཚོགས་ཆུང་རིགས་འཛུགས་དགོས་པ་དང་། ཚོགས་ཆུང་ནང་དུ་བུད་མེད་མང་པོ་དགོས་པ་སོགས་དེབ་ཆུང་རིགས་བཟོས་ནས་འགྲེལ་སྤེལ་བྱས་ཡོད་པ་དང་། ཐེངས་འདིའི་གནས་ཚུལ་ཐད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་དྷོ་ལན་ཇི་བོན་གཞིས་སུ་རྟེན་གཞི་བྱས་པའི་སམ་བྷོ་ཊ་སློབ་གྲྭའི་ནང་ཁྲིམས་ཡིག་དེ་དང་འབྲེལ་སློབ་མ་རྣམས་ལ་གོ་རྟོགས་ཀྱི་ལས་གཞི་སྤེལ་སྐབས། སློབ་གྲྭའི་བུ་མོ་གཉིས་ཀྱིས་རང་ཉིད་ལ་མི་སྣ་རྒན་པ་ཞིག་གིས་བརྙས་བཅོས་བྱེད་བཞིན་འདུག་ཅེས་ཡར་ཞུ་བྱས་ཡོད་པ་དང་། གནས་ཚུལ་དེ་ཤེས་རྟོགས་བྱུང་འཕྲལ་སློབ་གྲྭའི་སློབ་སྤྱིས་དོ་བདག་དེ་རང་ལ་བཅར་ནས་སློབ་ཕྲུག་གིས་གནས་ཚུལ་དེ་འདྲ་ཡར་ཞུས་སོང་བས་བྱ་སྤྱོད་དེ་རིགས་གཏན་ནས་སྤེལ་མི་ཆོག་སྐོར་ཞུས་ཡོད་པ་དང་། གནས་ཚུལ་དེ་སློབ་མ་རྣམས་རང་ཁྱིམ་དུ་ལོག་པའི་སྐབས་སུ་བྱུང་བ་ཞིག་ཡིན་པ་དང་། ཤེས་རིག་ལས་ཁུངས་ངོས་ནས་དོ་བདག་དེར་རྗེས་ཕྱོགས་དེ་འདྲ་རིགས་བྱུང་བ་ཡིན་ན། ཁྲིམས་སྒྲིག་གཞིར་བཟུང་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཚ་ཐག་ཆོད་ཅིག་བཏང་ཚར་ཡོད་ལ། ཤེས་རིགས་ལ་འཁྲི་པའི་འགན་ཞིག་ཡོད་པ་དེ་སློབ་གྲྭ་ཁག་གི་འགན་དེ་ཡིན་པ་དང་། ཤེས་རིག་ལས་ཁུངས་ཀྱི་གནས་སྟངས་ལ་ཐུབ་པའི་གནས་ཚུལ་རིགས་དེ་ཤེས་རིག་རང་ནས་ཐག་གཅོད་བྱེད་ཀྱི་ཡོད་སྐོར་དང་། སློབ་ཕྲུག་བུ་མོ་དེར་བརྙས་བཅོས་གཏོང་མཁན་གོང་དུ་ཞུས་པའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དེ་ཡིན་སྐོར་གསུངས་སོང་།

ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། གྲོས་ཚོགས་ར་བའི་ནང་འགའ་ཤས་ཀྱིས་བཙན་གཡེམ་དང་། ཡང་འགའ་རེས་འཁྲིག་སྤྱོད་དང་བརྙས་བཅོས་སོགས་བརྗོད་ཀྱི་ཡོད་པ་དེ་ཕལ་ཆེར་མི་དང་མི་ལ་བསྟུན་ནས་བཤད་དགོས་ཀྱི་ཡོད་པའི་ཚོར་སྣང་བྱུང་བ་མ་ཟད། གནས་ཚུལ་དེའི་ཐད་བཀའ་ལན་གནང་སྐབས་ཀྱང་གསལ་བོ་གསུང་གི་མེད་པ་དེ་བཀའ་ཤག་གི་བཟོད་གསོལ་ཀླད་ཀོར་ཞེས་པའི་སྲིད་བྱུས་དང་ཏག་ཏག་སྡོད་ཀྱི་མེད་པའི་ཚོར་བ་བྱུང་ཡོད་སྐོར་དང་། ཤེས་རིག་ལས་ཁུངས་ངོས་ནས་ད་ལན་གྱི་གནས་ཚུལ་དེ་བཙན་གཡེམ་དང་། བརྙན་བཅོས་སོགས་གང་ཡིན་དང་། བཀའ་ཤག་གི་བཟོད་གསོལ་ཀླད་ཀོར་ཁོངས་སུ་ཚུད་ཀྱི་ཡོད་མེད། གལ་ཏེ་ཚུད་ཀྱི་ཡོད་ན་དེ་ལྟར་བྱེད་མཁན་དེའི་མིང་འབོད་ངེས་པར་དུ་གནང་དགོས་པ་དང་། ཤེས་རིག་བཀའ་བློན་ནས་གནས་ཚུལ་དེའི་ཐད་བཀའ་ཤག་ལ་སྙན་གསེང་མི་ཞུ་དོན་གང་ཡིན་དང་། དེའི་ཐད་བཀའ་ཤག་གི་སྲིད་བྱུས་དང་ལངས་ཕྱོགས་གང་ཡིན་གྲོས་ཚོགས་ར་བའི་སྟེང་གསལ་པོ་གསུང་དགོས་སྐོར་གསུངས་པའི་ཐད་ཤེས་རིག་བཀའ་བློན་མཆོག་གིས། རྒྱ་གར་གྱི་ཁྲིམས་ཡིག་ (POCSO) ནང་ sexual assault ཞེས་འཁྲིག་སྤྱོད་ཀྱི་བཙན་གཡེམ་དང་། sexual harassment ལ་འཁྲིག་སྤྱོད་ཀྱི་བརྙས་བཅོས་ཞེས་བསྒྱུར་ཡོད་པ་ལས། ད་ལན་གྱི་གནས་ཚུལ་དེ་འཁྲིག་སྤྱོད་ཀྱི་བརྙས་བཅོས་ཤིག་ཡིན་སྐོར་དང་། གནས་ཚུལ་དེ་གྲོས་ཚོགས་ནང་གླེང་སློང་ཟིན་པར་བརྟེན་བཀའ་ཤག་ལྷན་རྒྱས་ནས་ཤེས་རྟོགས་བྱུང་ཡོད་སྐོར་གསུངས་སོང་།ཐེངས་འདིའི་གྲོས་ཚོགས་དུས་ཐོག་བུད་མེད་སྤྱི་འཐུས་རྣམ་གཙོ་བོར་གྱུར་བའི་སྤྱི་འཐུས་མང་པོ་ཞིག་ནས་ཐུགས་ཚོར་ཆེན་པོའི་ཐོག་ནས་དྷོ་ལན་ཇི་ཡི་གནད་དོན་དེ་དང་འབྲེལ་ཏེ། བོད་པའི་སྤྱི་ཚོགས་ནང་བཙན་གཡེམ་གྱི་གནས་ཚུལ་རིགས་མུ་མཐུད་ཡོང་བཞིན་པར་བརྟེན། ཤེས་རིག་ལས་ཁུངས་ངོས་ནས་བཟོད་གསོལ་ཀླད་ཀོར་གྱི་སྲིད་བྱུས་དེ་ཚགས་ཚུད་དང་། རྒྱ་གར་དབུས་གཞུང་གིས་སློབ་གྲྭའི་ཕྲུ་གུ་རྣམས་བཙན་གཡེམ་དང་འབྲེལ་བའི་གནོད་འཚེ་རིགས་ལས་སྲུང་སྐྱོབ་ཀྱི་སྒྲིག་ཁྲིམས་དེ་ཉིད་ལག་བསྟར་དང་། དེའི་ཐད་སློབ་གྲྭ་ཙམ་དུ་མ་ཟད་སྤྱི་ཚོགས་ནང་ལ་ཡང་གོ་རྟོགས་སྤེལ་དགོས་སྐོར་གྱི་དགོངས་ཚུལ་བཏོན་གནང་སོང་།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་དྷོ་ལན་ཇི་སློབ་གྲྭའི་བུ་མོ་ཞིག་ལ་གནད་ཡོད་མི་སྣ་ཞིག་གིས་བཙན་གཡེམ་བཏང་ཡོད་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར། གསར་འགོད་པས་དྷོ་ལན་ཇི་སམ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་སྐལ་བཟང་ཆོས་སྒྲོན་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་མོས། འདི་ལོའི་ཕྱི་ཟླ་བཞི་པ་དང་ལྔ་པའི་ནང་སློབ་ཕྲུག་རྣམས་ལ་བཙན་གཡེམ་དང་འབྲེལ་བའི་གནད་དོན་སྐོར་གོ་རྟོགས་སྤེལ་བའི་སྐབས། རང་ལོ་ ༡༣ ཅན་གྱི་འཛིན་རིམ་ ༥ པའི་བུ་མོ་ཞིག་གིས། རང་ཉིད་ལམ་ཁར་ཡར་མར་སྐྱོད་སྐབས་སྤོ་པོ་ཞིག་གིས་ཤུ་སྒྲ་འདོན་པ་དང་འདིར་ཤོག་ལབ་པ་སོགས་བྱས་ཏེ་བརྙས་བཅོས་བྱེད་ཀྱི་ཡོད་སྐོར་ཡར་ཞུ་བྱས་ཡོད་པ་དང་།  ཁོང་མོར་བརྙས་བཅོས་བྱེད་མཁན་དེ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཞིག་ཡིན་སྐོར་བརྗོད་བྱུང་། གསར་འགོད་པས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དེ་བྱ་དུར་བསོད་ནམས་བཟང་པོ་ལགས་ཡིན་མིན་དྲིས་དུས་རེད་ཅེས་བརྗོད་བྱུང་།

ཡང་ཁོང་མོས།  སློབ་གྲྭའི་ངོས་ནས་ཚོགས་འདུ་ཚོགས་ཏེ་དོ་བདག་ལ་བཅར་ནས་སློབ་གྲྭའི་བུ་མོ་ཆུང་ཆུང་ཞིག་ལ་བརྙས་བཅོས་བཏང་ན་འགྲིག་གི་མེད་པ་དང་། དེ་ལྟར་བྱས་ཚེ་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་ཡོད་ཀྱང་། ཁྲིམས་ཞིབ་པ་ཆེ་བ་ཁོང་ནས་ཚོགས་ཆུང་ཀྱི་ཚོགས་མི་རྣམས་ལ་རང་ཉིད་ཀྱིས་དེ་ལྟར་བྱས་མེད་པ་དང་། ཁྱེད་ཚོར་དཔང་རྟགས་ཡོད་ན་འཁུར་ཤོག་ཅེས་བརྗོད་དེ་ངོས་ལེན་བྱས་མེད་པར་བརྟེན། འབྲེལ་ཡོད་བུ་མོ་དེ་སྐད་གཏོང་རྒྱུ་ཡིན་སྐོར་རྗོད་སྐབས་མ་ཉན་པར་རང་ཁྱིམ་དུ་ལོག་ཕྱིན་ཡོད་པ་དང་། ཟླ་བ་གཅིག་གཉིས་རྗེས་ཁོང་རང་སྒེར་ཐོག་ནས་ཤེས་རིག་ལས་ཁུངས་ལ་བཅར་ཏེ། ཁོང་ལ་མ་ཉེས་ཁག་གཡོག་བྱེད་ཀྱི་ཡོད་སྐོར་ཞུས་པར་བརྟེན། ཤེས་རིག་ལས་ཁུངས་ནས་འདྲི་རྩད་ཕེབས་པ་བཞིན་སློབ་གྲྭའི་ཚོགས་ཆུང་ནས་སློབ་ཕྲུག་གི་བརྗོད་ཚིག་དང་བཅས་གནས་ཚུལ་གང་བྱུང་བ་རྣམས་ཤེས་རིག་ལས་ཁུངས་ལ་སྙན་ཐོའི་ངོ་བོར་ཕུལ་ཡོད་སྐོར་བརྗོད་བྱུང་།

ཡང་སློབ་སྤྱི་ལགས་ནས་ངོ་སྤྲོད་གནང་བ་ལྟར་ན། ཕྱིས་སུ་ཤེས་རིག་ལས་ཁུངས་ནས་དྷོ་ལན་ཇི་སློབ་གྲྭའི་ལས་བྱེད་གཉིས་ཆེད་མངགས་ཁྲིམས་ཞིབ་པ་ཆེ་བ་དེའི་ཁྱིམ་དུ་ཕྱིན་ཏེ་ཤེས་རིག་གི་བཀའ་རྒྱ་དེ་ཁོང་གི་སྐུ་ཟླའི་ཕྱག་ལ་ཕུལ་ཡོད་ཀྱང་། ཕྱིས་སུ་ཁོང་གིས་བཀའ་རྒྱ་འབྱོར་མ་སོང་ཞེས་གསུངས་ཏེ་ཤེས་རིག་ལས་ཁུངས་སུ་བཅར་མེད་པར་བརྟེན། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་བརྒྱུད་ཁོང་ལ་མ་འོངས་པར་གནས་ཚུལ་འདིའི་རིགས་བྱུང་ཚེ་ཐད་ཀར་ས་གནས་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་པའི་ཉེན་བརྡ་ཞིག་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༠༩/༢༧

Leave a Reply

6 thoughts on “ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལ་འཁྲིག་སྤྱོད་བརྙས་བཅོས་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས

    འོ་ཡ་ད་ཡང་ཁ་མཆུ་ཨང་ཉི་ཤུ་ཙ་གཅིག་ཉེ་པོ་ཡོད་ས་རེད་སྤྱི་འཐུས་གྲོས་ཚོགས་ནས་
    ཞིབ་འཇུག་ཚོགས་ཆུང་མ་བཙུགས་པ་ནས་དོ་བདག་གི་ངོས་ནས་རང་ཉིད་དཀར་སེལ་
    ཆེད་ཆེས་མཐོའི་ཁྲིམས་ཁང་གི་སྒོ་བསྡུང་རྒྱུ་ཡིན་པ་ཐག་ཆོད་དེ་སྔོན་སྤྱི་འཐུས་གྲོས་ཚོགས་
    ནས་ཞིབ་འཇུག་ཚོགས་ཆུང་མ་བཙུགས་པ་ནས་ཁ་མཆུ་ཨང་ཉི་ཤུ་སླེབ་པ་དང་ད་ཆ་ཁ་
    མཆུ་ཨང་ཉི་ཤུ་ཙ་གཅིག་འདིའི་འབྲེལ་ཡོད་ཤེས་རིག་ལྷན་ཁང་དང་སློབ་་གྲ་སྤྱི་འཐུས་དུས་བབ་ཚང་
    སོགས་མཐོ་རིམ་མི་སྣ་མང་པོ་ཁྲིམས་ལ་སྦྱོར་རྒྱུ་ཡིན་པ་ལོང་བས་བལྟས་ཀྱང་ཁམས་
    གསུམ་གྱི་དཔེ་་ལྟར་མ་རེད་དམ།

  2. གཞུང་པ་ཚེ་དབང་བསོད་ནམས

    སྤྱི་འཐུས་གྲོས་ཚོགས་ནང་བགྲོ་གླེང་བྱུང་བའི་ཚབ་ཆེན་པོའི་ཛ་དྲག་གི་
    གནད་དོན་སློབ་ཕྲུག་བུ་མོའི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གནད་
    དོན་ཐོག་སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་
    ནས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཕྱི་གསལ་ནང་གསལ་
    བཟོ་དགོས་པ་དེ་མི་མང་གི་འཐུས་མི་སྤྱི་འཐུས་རྣམ་པས་ཐུགས་འགན་
    མིན་པ་ཡིན་མ་།