རྒྱ་ནག་ལ་དྲག་རྒོལ་མདེལ་འགོག་མཚོན་ཆ་བཟོ་རོགས་བྱེད་ཀྱི་ཡོད།

ཨུ་རུ་སུའི་སྲིད་འཛིན་གྱིས་རྒྱ་ནག་གི་རྒྱལ་སྲུང་ནུས་པ་མཐོར་འདེགས་ཆེད་ཨུ་རུ་སུས་རྒྱ་ནག་ལ་མེ་མདེལ་གྱི་དྲག་རྒོལ་སྔོན་ཚུད་ནས་ཤེས་རྟོགས་ཐུབ་པའི་མ་ལག་བཟོ་རྒྱུར་རོགས་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
དེ་རིང་གྷར་ཌེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་ཚོགས་པའི་རྒྱལ་སྤྱིའི་ལས་དོན་ལྷན་ཚོགས་སྟེང་(conference on international affairs)ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཨུ་རུ་སུས་རྒྱ་ནག་ལ་མེ་མདེལ་གྱི་དྲག་རྒོལ་སྔོན་ཚུད་ནས་ཤེས་རྟོགས་ཐུབ་པའི་མ་ལག་ཅིག་བཟོ་རྒྱུར་རོགས་འདེགས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག་ཀྱང་། ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་དེའི་སྐོར་གསལ་བཤད་གང་ཡང་བྱས་མི་འདུག

དེ་ཡང་ལྷན་ཚོགས་སྟེང་སྲིད་འཛིན་པུ་ཊིན་གྱིས། ད་ལྟ་ང་ཚོས་རྒྱ་ནག་ལ་མེ་མདེལ་གྱི་དྲག་རྒོལ་སྔོན་ཚུད་ནས་ཤེས་རྟོགས་ཡོང་རྒྱུའི་མ་ལག་བཟོ་རྒྱུར་རོགས་འདེགས་བྱེད་ཀྱི་ཡོད། ཅེས་དང་། འདི་ནི་རྒྱ་ནག་གི་རྒྱལ་སྲུང་ནུས་པ་མཐོར་འདེགས་བྱ་རྒྱུའི་ལས་གཞི་གནད་འགག་ཅན་ཞིག་རེད། རྒྱུ་མཚན་། ད་ལྟའི་ཆར་འདི་ལྟ་བུའི་མ་ལག་དེ་ཨ་རི་དང་ཨུ་རུ་སུ་ལ་མ་གཏོགས་མེད་པ་རེད་ཅེས་བརྗོད་ཡོད་ན་ཡང་། ཨ་རིའི་(Bloomberg)ཚོང་འབྲེལ་དུས་དེབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། སྲིད་འཛིན་པུ་ཊིན་གྱིས་འདི་ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཨ་རི་ཕྱི་ལོ་ ༡༩༨༧ ལོར་བཞག་པའི་བར་ཐག་འབྲིང་བའི་རྡུལ་ཕྲན་མཚོན་ཆའི་གྲོས་ཆིངས་(1987 Intermediate-Range Nuclear Forces Treaty) ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་དེས། རྒྱལ་སྤྱིའི་དམག་འཁྲུག་བརྟན་བརླིང་ལ་དོ་ཕོག་བཏང་ཡོད་སྐོར་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་འདས་པའི་ལོ་གཅིག་རིང་ནས་ཨ་རྒྱའི་བར་གྱི་ཚོང་དམག་གི་རྐྱེན་པས། རྒྱ་ནག་དང་ཨུ་རུ་སུའི་བར་གྱི་འབྲེལ་ལམ་དེ་སྔར་བས་ཤུགས་ཆེར་ཕྱིན་ཡོད་པ་མ་ཟད། ད་ཐེངས་ཨུ་རུ་སུས་རྒྱ་ནག་ལ་མེ་མདེལ་སྔོན་འགོག་གི་མ་ལག་བཟོ་རྒྱུར་རོགས་འདེགས་བྱེད་བཞིན་པ་དེས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་དེ་ཚད་མཐོར་སླེབས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་འདུག་པ་དང་། ད་བར་འདི་ལྟ་བུའི་མ་ལག་དེ་ཨ་རི་དང་ཨུ་རུ་སུ་མ་གཏོགས་རྒྱལ་ཁབ་གཞན་ལ་མེད་པ་དང་། མ་ལག་འདིས་གླིང་ཕྲན་ནས་གླིང་ཕྲན་བར་ལ་སྙོབ་ཐུབ་པའི་མེ་མདེལ་རིགས་འགས་འཐོར་མ་བྱུང་བའི་སྔོན་ཚུད་ནས་དེའི་ས་ཚིགས་སོགས་ཤེས་རྟོགས་ཐུབ་པ་བརྒྱུད། མེ་མདེལ་ལ་འགོག་རྒོལ་བྱེད་ཐུབ་ཀྱི་ཡོད་འདུག

སྤྱིར་འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་གྲང་དམག་མཇུག་ཏུ་བཞག་པའི་བར་ཐག་འབྲིང་བའི་རྡུལ་ཕྲན་མཚོན་ཆ་གཏན་འགོག་གི་གྲོས་ཆིངས་ནས་ཐོན་པའི་རྐྱེན་གྱིས། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་དང་ཨུ་རུ་སུ་གཙོས་པའི་རྒྱ་ནག་བར་གྱི་དམག་དོན་འབྲེལ་ལམ་དེ་ཅུང་ཛ་དྲག་ཏུ་གྱུར་ཡོད་པ་མ་ཟད། གྲོས་ཆིངས་རྩིས་མེད་བཏང་ནས་བདུན་ཕྲག་འགའི་རྗེས་ཨ་རིས་གྲུ་ཐོག་མེ་མདེལ་ (Cruise missile) གསར་བ་ཞིག་ཚོད་ལྟ་བྱས་པ་དེར། ཨུ་རུ་སུའི་ཕྱི་འབྲེལ་བློན་ཆེན་གྱིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཀྱང་། ཨུ་རུ་སུའི་ངོས་ནས་འཐབ་འཁྲུག་འགྲན་རྩོད་སློང་འདོད་མེད་སྐོར་བརྗོད་ཡོད་པ་རེད།

ཡང་རྒྱ་ནག་གིས་ཨ་རིས་མེ་མདེལ་ཚོད་ལྟ་དེས་དམག་འཐབ་འགྲན་རྩོད་གཞན་ཞིག་སློང་སྲིད་པ་མ་ཟད། རྒྱལ་སྤྱི་དང་རྒྱལ་ནང་གི་བདེ་འཇགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཆེན་པོ་ཐེབས་སྲིད་སྐོར་བརྗོད་པ་རེད།  འདི་ལོའི་རྒྱ་ནག་གི་བདེ་སྲུང་སྐོར་གྱི་སྙན་ཐོའི་ནང་དུ་ཡང་། ཨ་རིའི་གཙོས་པའི་ནུབ་གླིང་རྒྱལ་ཁབ་རྣམས་ཀྱིས་གོ་མཚོན་གསར་བསྐྲུན་གྱིས་རྒྱལ་སྤྱིའི་སྟེང་དམག་འཐབ་འགྲན་རྩོད་སློང་བཞིན་ཡོད་པ་དང་། རྒྱ་ནག་ངོས་ནས་རང་གི་ས་ཁོངས་བདག་དབང་དང་བདེ་འཇགས་སྲུང་སྐྱོབ་ཆེད་གང་ཡང་བྱ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༠༤

Leave a Reply

One thought on “རྒྱ་ནག་ལ་དྲག་རྒོལ་མདེལ་འགོག་མཚོན་ཆ་བཟོ་རོགས་བྱེད་ཀྱི་ཡོད།

  1. གཞུང་པ་ཚེ་དབང་བསོད་ནམས

    སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཨུ་རུ་སུ་རྒྱ་ནག་སོགས་ནས་མི་མང་གི་ལག་ནས་ཁྲལ་ངན་
    ལམ་ལུགས་ཀྱི་དཔྱ་ཁྲལ་བསྡུས་པའི་དངུལ་འབབས་ནས་མི་གསོད་རྒྱུའི་གོ་མཚོན་ནུས་ལྡན་
    ཇི་ཙམ་བཟོས་ཀྱང་མཐའ་མར་རང་གཞན་གཉིས་མེད་བཟོ་རྒྱུ་ཙམ་ལས་མི་བསད་ནས་རང་
    འཚོ་ཐུབ་པའི་ནུས་པ་སུ་གཅིག་ལ་མེད་ན་རང་གཞན་གཉིས་ཕུང་གྱིད་པ་སྙིང་རྗེའི་ཡུལ་ལས་
    མ་འདས་ན་ཤ་ཚ་སྙིང་རྗེ་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་ཧྲི་་་་་་་་་་་་་་་་་་་་་་་་་ཧྲི་་་་་་་་་་་་་ཧྲི