རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐད་ཇུས་ངན་འདོན་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

དམིགས་བསལ་ཚོགས་ཆེན་སྟེང་ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་བོད་གངས་ཅན་པའི་བསྟན་དང་འགྲོ་བའི་དོན་དུ་ངེས་ཕེབས་ཡོང་བ་ཚོགས་ཆེན་འདིའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་མགྲིན་དབྱངས་གཅིག་གྱུར་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་ཡིན་པའི་གྲོས་ཆོད་བཞག

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་བོད་ཁང་ཆེན་མོའི་ཚོགས་ཁང་དུ་ཉིན་གྲངས་ ༣ རིང་གི་དམིགས་ཚོགས་ཆེན་ཐེངས་གསུམ་པའི་མཇུག་བསྡོམས་མཛད་སྒོ་ཚོགས་སོང་བ་དང་། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་སྐོར་གྱི་གྲོས་ཆོད་ ༤ དང་། ལྔ་དང་ལྔ་བཅུའི་ལས་འཆར་དང་འབྲེལ་བའི་ཚོགས་ཆུང་ཁག་གིས་ཕུལ་བའི་དགོངས་འཆར་རྣམས་ལག་བསྟར་བྱ་རྒྱུའི་གྲོས་ཆོད་ལ་སྤྱི་མོས་ཐོག་ནས་གཏན་འབེབ་གནང་སོང་།

མཇུག་བསྡོམས་མཛད་སྒོའི་བཀའ་ཤག་གི་གསུང་བཤད་སྐབས་སྲིད་སྐྱོང་མཆོག་ནས། ད་ལན་གྲོས་ཆོད་ཐོག་འཁོད་པ་ལྟར་ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་ཨང་ ༥ པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་མོས་མཐུན་མེད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་བར་ལ་བྲལ་ཐབས་མེད་པའི་འབྲེལ་བ་ཡོད་པ་མ་ཟད། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱང་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་ཉིད་ཀྱིས་ཐུགས་ཐག་གཅོད་རྒྱུ་དང་། གཉིས་ནས་ཡང་སྲིད་ཀྱི་ལམ་ལུགས་དེ་བོད་ཀྱི་ཐུན་མིན་ལམ་སྲོལ་ཞིག་ཡིན་སྟབས། སྲོལ་རྒྱུན་ཀྱི་བྱེད་སྟངས་རང་ཐོག་ནས་ཐག་གཅོད་བྱ་དགོས་པ་ལས། རྒྱ་ནག་དམར་ཤོག་ཚོགས་པ་དང་གཞན་གཞུང་སུ་རུང་གིས་ཐེ་བྱུས་བྱ་མི་ཆོག་པའི་གྲོས་ཆོད་བཞག་པ་དེས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རྩ་དོན་གཞིར་བཞག། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་རླབས་ཆེན་གྱི་བརྡ་ལན་ཞིག་བཏང་ཐུབ་ཡོད་པ་དང་། དེས་བོད་ཕྱི་ནང་གི་བོད་མི་རྣམས་ལ་རྡོག་རྩ་ཆིག་སྒྲིལ་དང་མཐུན་འབྲེལ། སེམས་ཤུགས་བསྐྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་མ་ཟད། རྒྱལ་སྤྱིའི་སྟེང་ལའང་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་པའི་རྒྱལ་ཁབ་གཞན་ཁག་ལ་གནོན་ཤུགསས་སྤྲོད་ཀྱི་ཡོད་སྟབས། ད་ལན་སྤྱི་མོས་ཐོག་གཏན་ལ་ཕབ་པའི་གྲོས་ཆོད་དེས་ལངས་ཕྱོགས་གསལ་པོ་བསྟན་ཡོད་པ་མ་ཟད། རྒྱལ་ཁབ་གཞན་ཞིག་གིས་ང་ཚོར་རྒྱབ་སྐྱོར་བྱེད་རྒྱུའི་གཞི་གསལ་པོ་ཞིག་བསྟན་ཐུབ་ཡོད་པ་དང་། དེ་ནི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་སྐོར་གསུངས་སོང་།

ཡང་ལོ་རྗེས་མ་དེ་༧གོང་ས་མཆོག་ལ་དཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་རྒྱུ་ཡིན་པའི་སྐོར་ལ་ཁོང་གིས།  ལོ་རྗེས་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ ༨༥ ལ་ཕེབས་ཀྱི་ཡོད་པ་དང་། བོད་མི་ཚོར་༧གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་མེད་སྟབས། ལོ་རྗེས་མ་ནི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་བྱ་འཆར་ཡོད་སྐོར་དང་། ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་དེར་ཆོས་དད་རང་དབང་གི་ངོ་བོའི་ཐོག་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་གི་ཡོད་པ་དང་། ད་ལན་གྲོས་ཆོད་ནང་བལ་སྡོད་བོད་མི་རྣམས་ལ་དམིགས་བསལ་གཟིགས་སྐྱོང་གནང་དགོས་པར་འཁོད་པ་གཞིར་བཟུང་། བཀའ་ཤག་ངོས་ནས་སྔར་མུས་བཞིན་མུ་མཐུད་དམིགས་བསལ་གཟིགས་སྐྱོང་གནང་རྒྱུ་ཡིན་སྐོར་དང་། དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཕྱིའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུར་སྟབས་བདེ་པོ་ཡིན་ཡང་། དེང་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་ཐུབ་ཀྱི་མེད་པར་བརྟེན། རང་བཞིན་གྱིས་གྲོས་ཚོགས་འཐུས་མི་རྣམས་ལ་ཐུག་འཕྲད་དང་རྒྱབ་སྐྱོར་སློང་རྒྱུ་ཡང་ཁག་ཏུ་སོང་ཡོད་པ་མ་ཟད། སྐབས་རེར་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཐུག་རྒྱུ་གཏན་འཁེལ་བྱས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་ཡང་ཐུག་འཕྲད་བྱེད་ཐུབ་ཀྱི་མེད་སྟབས། ད་ལྟའི་དུས་འདིར་བོད་མི་ཚང་མས་འགན་འཁུར་པའི་ཐོག་ནས་གྲོས་ཚོགས་འཐུས་མི་རེ་རེའི་སྒོ་བརྡུང་དགོས་པ་དང་། གསར་འགོད་པ་རེ་རེ་དང་། གནད་ཡོད་མི་སྣ་རེ་རེ། མཁས་པ་རེ་རེ་བཅས་ཐུག་སྟེ་རྒྱབ་སྐྱོར་རག་ཐབས་བྱེད་དགོས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་སྐབས། ཐོག་མར་དམིགས་བསལ་ཚོགས་ཆེན་དེ་མ་ཚོགས་སྔོན་ལ་ག་རེ་བྱུང་ཡོང་བསམ་ནས་སེམས་འཁྲལ་བྱུང་ལ། ལ་ཤས་ཚོགས་འདུ་ལ་ངོ་རྒོལ་བྱེད་དུ་ཡོང་གི་ཡོད་སྐོར་སོགས་བཤད་མཁན་བྱུང་སོང་། ང་ཚོས་བརྗོད་གཞི་གཉིས་དེར་ངོ་རྒོལ་བྱེད་སའི་ལམ་ཁ་ཞིག་ཁྱོན་ནས་མེད་སྟབས་ག་རེ་ལ་ངོ་རྒོལ་བྱེད་དུ་ཡོང་གི་ཡོད་པ་ཡིན་ནམ་བསམ་པ་བྱུང་ན་ཡང་། དེ་རིང་ང་ཚོ་རྒྱལ་ཁབ་ ༢༤ ནས་ཚོགས་བཅར་བ་ ༣༤༠ ཙམ་ལྷན་འཛོམས་གནང་བ་དང་། ལྷན་འཛོམས་གནང་ནས་སྙན་ཐོ་དེ་དག་ལ་གཟིགས་པ་ཡིན་ན་མང་ཆེ་བ་སྤྱི་མོས་རང་གི་སྟེང་ནས་སོང་ཡོད་པ་དང་། དོན་དངོས་སུ་ང་ཚོའི་སྤྱི་ཚོགས་ཀྱི་ལས་ཀ་ལས་སྟངས་དང་བསམ་བློ་གཏོང་སྟངས་གང་གི་ཐད་ནས་རྡོག་རྩ་གཅིག་སྒྲིལ་ཡིན་པ་ཞིག་སྟོན་ཐུབ་སོང་བསམ་པའི་ཚོར་སྣང་བྱུང་། ཞེས་གསུངས་སོང་།

ཡང་ཁོང་གིས་ཐེངས་འདིའི་བརྗོད་གཞི་གཙོ་བོ་དེ་རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བ་ཞེས་པ་དེ་ཡིན་པ་དང་། ང་ཚོས་དེ་རིང་འདིའི་ཐོག་གྲོས་ཆོད་འཇོག་ཐུབ་པ་དེ་ཕྱི་ལོ་ ༡༩༦༠ རེ་གྲངས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་གནང་ཡོད་པ་དེ་དག་ཐད་ང་ཚོའི་ལངས་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་པ་གསལ་བོ་བཟོ་ཐུབ་ཡོད་པ་དང་། དེ་འདྲ་ཡིན་ཙང་༧གོང་ས་མཆོག་ནས་ཡང་ནས་ཡང་དུ་བཀའ་གནང་མི་དགོས་པར་མི་རབས་ནས་མི་རབས་བར་ང་ཚོའི་ལངས་ཕྱོགས་ག་འདྲ་ཡིན་པ་གསལ་བོ་བཟོ་ཐུབ་ཡོད་པ་རེད་བསམ་གྱི་འདུག རྒྱལ་བ་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་བའི་སྐོར་ལ་གྲོས་གཞི་གྲོས་ཆོད་ ༤ ཞིག་ཡོད་པ་དང་། སང་ཉིན་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཇལ་ཁའི་སྐབས་ང་ཚོའི་གྲོས་ཆོད་དེ་སྙན་ཞུར་འབུལ་རྒྱུ་ཡིན། ཞེས་གསུངས་སོང་།

དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ལ་ཁོང་གིས། ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་ལ་མང་ཆེ་བ་ཞིག་གི་དགོངས་ཚུལ་གཅིག་པ་ཆགས་ཡོད་པ་དང་། དེ་དག་གི་ཁྲོད་ནས་ཁ་ཤས་ང་ཚོས་ལག་བསྟར་གནང་དང་གནང་བཞིན་པ་ཡོད་པ་དང་། གང་ལྟར་ག་རེ་ཡིན་ན་ཡང་ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་དགོངས་འཆར་ག་རེ་ཡོད་པ་ཚང་མར་ང་ཚོས་ངོས་བཞེས་གནང་ཡོད་ལ། རྗེས་སུ་བཀའ་སྤྱི་གཉིས་ལྷན་འཛོམས་གནང་བའི་ཐོག་ནས་གནང་ཟིན་པ་ག་རེ་ཡོད་པ་དང་གནང་བཞིན་པ་ག་རེ་ཡོད་པ། གནང་རྒྱུ་བསྡད་པ་ག་རེ་འདུག་དང་གནང་མི་ཐུབ་པ་ག་རེ་འདུག གནང་ཐུབ་པ་ག་རེ་འདུག་སོགས་དེ་དག་ཐད་མ་འོངས་པར་གསལ་བཤད་ཡོང་རྒྱུ་ཡིན་པ་དང་། ང་རང་གི་བསམ་བློ་གཏོང་ཚུལ་ལ་ལོ་ལྔའི་ནང་ལ་བོད་དོན་བདེན་མཐའ་གསལ་ན་ག་རེ་བྱ་དགོས་པ་དང་། དུས་ཡུན་རིང་པོ་ལོ་ལྔ་བཅུ་ལྷག་ཙམ་ལ་ལྷག་པ་ཡིན་ན་ག་རེ་བྱ་དགོས་རེད་ཅེས་པའི་ཐད། གལ་ཏེ་བོད་དོན་བདེན་མཐའ་གསལ་བ་ཡིན་ན་ང་ཚོས་ག་རེ་བྱ་དགོས་པ་རེད། དེའི་ཐད་ད་ལྟ་ནས་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག འདས་པའི་ལོ་རྒྱུས་ནང་རྒྱལ་ཁབ་ཆུང་ཆུང་དེ་འདྲ་རང་བཙན་རག་ཡོང་དུས་དེ་སྔའི་གནས་སྟངས་ལས་སྡུག་ཏུ་ཕྱིན་པ་དེ་འདྲ་བྱུང་ཡོད་པ་རེད། མ་འོངས་པར་བོད་དོན་བདེན་མཐའ་གསལ་ཐབས་ཐད་དབུ་མའི་ལམ་གཙོ་བོར་བཟུང་བའི་ཐོག་ནས་གོམ་པ་ག་རེ་རྒྱག་དགོས་པ་དང་། བདེན་མཐའ་གསལ་བ་ཡིན་ན་ག་རེ་བྱ་དགོས་ཀྱི་ཡོད་པ་སོགས་ཀྱི་ཐད་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

ཐེངས་འདིའི་དམིགས་བསལ་ཚོགས་ཆེན་སྟེང་བརྗོད་གཞི་གཉིས་ཐད་གཞི་གཉིས་ཀྱི་སྟེང་ཚུགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་བྱས་བྱས་པ་བརྒྱུད། དེ་རིང་སྤྱི་མོས་ཐོག་གཏན་འབེབ་གནང་བའི་གྲོས་ཆོད་ཁག་ལས་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་བར་གྱི་འབྲེལ་ལམ་ཐད་བཞག་པའི་གྲོས་ཆོད་ཁག་ནི།  ༡) བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ༢) ཇི་སྲིད་བོད་ཁ་བ་ཅན་གྱི་འགྲོ་བ་ནམ་གནས་ཀྱི་བར་དུ་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་བོད་གངས་ཅན་པའི་བསྟན་དང་འགྲོ་བའི་དོན་དུ་ངེས་ཕེབས་ཡོང་བ་ཚོགས་ཆེན་འདིའི་ཐོག་ནས་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་མགྲིན་དབྱངས་གཅིག་གྱུར་གྱིས་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ།

༣)  ༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད།  ༤) རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ལས་འཆར་ཐད། ཚོགས་ཆུང་སོ་སོའི་རྒྱབ་གཉེར་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་ཡིག་ཐོག་ཏུ་གང་ཡོད་པ་རྣམས་བཀའ་སྤྱི་གཉིས་ནས་བཀའ་བསྡུར་དཔྱད་ཞིབ་ཀྱིས་ལག་བསྟར་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༥

Leave a Reply

3 thoughts on “རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐད་ཇུས་ངན་འདོན་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

  1. གཞུང་པ་ཚེ་དབང་བསོད་ནམས

    རྒྱ་ནག་གཞུང་གི་རྒྱལ་བའི་ཡང་སྲིད་ཐད་བྱུས་ངན་འདོན་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར་བ་ནས་
    རྒྱ་ནག་གི་གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་བྱུས་ངན་ཇི་ཙམ་གཏིང་ཀྱང་རྒྱ་ནག་གི་བསམ་དོན་ནམ་ཡང་མི་འགྲུབ་
    པ་ནི་རྒྱ་ནག་གི་ཆོས་མཁས་མི་ལེན་པ་དང་ནང་ཆོས་དུག་ལ་རྩི་་མཁན་གྱི་རྒྱ་ནག་སྲིད་གཞུང་ནས་འཛམ་གླིང་ཐོག་གོང་
    ས་མཆོག་ལ་མཚན་སྨད་དང་སྐྱོན་བརྗོད་སོགས་བྱེད་བཞིན་པ་འཛམ་གླིང་མི་མང་གི་གསལ་པོ་མཐོང་བཞིན་པ་ནས་གོང་
    ས་མཆོག་གི་མ་འོངས་སྤྲུལ་སྐུའི་ཡང་སྲིད་ལ་ལག་པ་ཕྱང་རྒྱུ་དེ་གཏམ་ཕྱི་ཚིག་གི་སྔ་ཚིག་མི་ནོན་ཟེར་བའི་དཔེ་ལས་མ་
    འདས་པ་དང་གོང་ས་མཆོག་དང་བོད་མི་མང་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དམ་བཅའ་བའི་འབྲེལ་བ་ལ་སོང་སུ་གཅིག་
    གི་ནག་སྲུབ་གཏོང་མི་ཐུབ་པ་དེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ལས་དང་སྨོན་ལམ་གྱི་དམ་བཅའ་བའི་བོད་
    མི་རིགས་ཀྱི་ལྷ་སྐལ་དུ་ཕེབས་པའི་འཕགས་མཆོག་འཇིག་རྟེན་མགོན་པོ་མིའི་ཤ་ཚུགས་སུ་བཞེངས་ནས་བོད་གངས་ཅན་
    ལྗོངས་ཀྱི་ལྷ་མིའི་མགོན་སྐྱབས་དམ་པར་ཕེབས་པ་ཇི་བཞིན་འཇིག་རྟེན་གྱི་ས་གཞི་འདི་མ་འཇིག་བར་གོང་ས་སྐྱབས་མགོན་
    ཆེན་པོ་མཆོག་དང་བོད་མི་རིགས་གཉིས་ནམ་ཡང་ཁ་བྲལ་ཐབས་མེད་པ་མགོ་དང་འཇིང་པ་ལྟབུ་དང་ལུས་དང་དྲི་མ་བཞིན་
    ཇི་བཞིན་ཇི་སྲིད་སྐལ་བ་མ་སྟོང་བར་བླ་མ་དང་སློབ་མ་དཔོན་པོ་དང་འབངས་རྒྱལ་པོ་དང་མི་སེར་དགེ་རྒན་དང་དགེ་ཕྲུག་
    ཕ་མ་དང་ཕྲུ་གུ་ཇི་བཞིན་དུ་གནས་རྒྱུ་ལགས་མ་འོངས་རྒྱལ་བའི་ཡང་སྲིད་ཐད་རྒྱ་ནག་ཙམ་མ་ཟད་སུ་གཅིག་ལ་འགན་འཁུར་
    མེད་པ་ནས་གོང་ས་མཆོག་དང་བོད་མི་རིགས་ཀྱི་དད་པ་དང་དམ་ཚིགས་ལ་བརྟེན་ནས་རྒྱ་མིའི་དབང་ཤུགས་མེད་སའི་རང་
    དབང་ལུང་པའི་ནང་བོད་མི་ཁྱིམ་ཚང་ཞིག་ཏུ་སྤྲུལ་སྐུའི་ཟློས་གར་ཕེབས་དགོས་པའི་གསོལ་འདེབས་ཞུ་དགོས་པ་དེ་བོད་ཕྱི་ནང་
    གཉིས་ཀྱི་བོད་མི་ཚང་མས་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང།

  2. རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐད་ཇུས་ངན་འདོན་བཞིན་པར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། 😂 རྒྱལ་བའི་ཡང་སྲིད་ཐད་ རྒྱ་ནག་གཞུང་ལ་་་མཐའ་གཅིག་ཏུ་དགག་པ་བྱ་དགོས་དོན་མེད་བསམ། ཁྱེད་རང་ཚོ་གཏམ་བརྗོད་ཁྲབ་པ་མ་ཡིན་པ་ ཁ་བཤད་གཉིས་མེད་ཀྱི་བོད་རྒྱལ་ཁབ་ལ་ཤ་ཞེན་དང་༧གོང་ས་མཆོག་ལ་སྙིང་ཐག་པ་ནས་ཡིད་ཆེས་དང་དད་པ་ཡོད་པ་ཡིན་ན་་་ དེ་ལས་༧རྒྱལ་བའི་ཡང་སྲིད་ ཁོང་ཚོའི་ལག་པར་མ་ཐེབས་པར་བྱ་གལ་ཆེ་བསམ། 🌻🙏 ༄། །གངས་རི་རྭ་བའི་སྐོར་བའི་ཞིང་ཁམས་དེར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །། 🙏