ཨེ་ཤ་ཡའི་ཁྱད་འཕགས་སྐར་ཆེན་གྱི་མཚན་སྙན་བྱ་དགའ་ཐོབ།

ལྷོ་ཀོ་རི་ཡའི་བྷོ་སན་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་སུ་ཆེས་ཁྱད་དུ་འཕགས་པ་དང་མིག་རྒྱང་རིང་བའི་ཨེ་ཤ་ཡའི་སྐར་ཆེན་གྱི་མཚན་སྙན་བྱ་དགའ་ཐོབ། 
ཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ལྷོ་ཀོ་རི་ཡའི་བྷོ་སན་ (Busan) གྲོང་ཁྱེར་དུ་ཚོགས་པའི་ཕྱི་ལོ་ ༢༠༡༩ ལོའི་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ ༢༤ པའི་སྟེང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་སུ་གློག་བརྙན་འཁྲབ་འཁྲིད་ཁྲོད་ཆེས་ཁྱད་དུ་འཕགས་པ་དང་མིག་རྒྱང་རིང་བའི་ཨེ་ཤ་ཡའི་སྐར་ཆེན་གྱི་མཚན་སྙན་བྱ་དགའ་སྤྲད་ཡོད་འདུག

པདྨ་ཚེ་བརྟན་ལགས་སུ་ཨེ་ཤ་ཡའི་སྐར་ཆེན་གྱི་མཚན་སྙན་བྱ་དགའ་དེ་ཧྥེ་ལི་པིན་ (Philippines) གྱི་རང་དབང་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་བྷིར་ལཱན་ཊི་མཱོན་དྷོ་ཛ་ (Brillante Mendoza) ཡིས་སྤྲད་ཡོད་པ་དང་། སྐབས་དེར་པདྨ་ཚེ་བརྟན་ལགས་ཀྱིས་བྷོ་སན་གློག་བརྙན་དུས་སྟོན་སྟེང་མཚན་སྙན་འདི་ལྟ་བུ་ཞིག་སྤྲད་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། མཚན་བརྙན་འདིར་ང་རང་ཧ་ཅང་དགའ་བོ་བྱུང་ལ་གློག་བརྙན་ནི་ངའི་མི་ཚེའི་ཆ་ཤས་སུ་གྲུབ་ཡོད་པས། གློག་བརྙན་གྱིས་ང་ལ་གནང་བའི་ཡོད་ཚད་ལ་ཐུགས་རྗེ་ཞུ་རྒྱུ་ཡིན། ང་ལ་ནམ་ཡང་རྒྱབ་སྐྱོར་དང་རོགས་རམ་གནང་བའི་གཉེན་ཉེ་དང་གྲོགས་པོ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

གློག་བརྙན་དུས་སྟོན་དེའི་སྟེང་། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་དབུགས་སྒང་བཟོ་སྐྲུན་པ་རྒྱ་རིགས་བུད་མེད་ཀྲའོ་ཞའོ་ཝུན་ (赵晓雯) དང་ཧོང་ཞིན་ཧྥེང་ (黄旭峰)། དེ་བཞིན་དབུགས་སྒང་གི་ལག་བསྟར་བཟོ་སྐྲུན་པ་ (王磊) བཅས་མཉམ་ཞུགས་བྱས་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོ་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ་དབུགས་སྒང་གློག་བརྙན་དུས་སྟོན་དེའི་སྟེང་གསར་དུ་གཟིགས་འབུལ་བྱས་ཡོད་པ་མ་ཟད། གློག་བརྙན་དབུགས་སྒང་ཨེ་ཤ་ཡའི་གློག་བརྙན་གྱི་སྒེའུ་ཁུང་ཞེས་པའི་སྡེ་ཚན་ཁྲོད་དུ་ཡང་ཚུད་ཡོད་འདུག

འདི་ལོའི་བྷོ་སན་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་རྒྱལ་ཁབ་ ༨༠ ལྷག་ནས་གློག་བརྙན་བརྩམས་ཆོས་ ༣༠༠ ལྷག་འཛུལ་ཞུགས་བྱས་ཡོད་པ་དང་། གློག་བརྙན་དེ་དག་ཁྲོད་ནས་ ༡༤༥ ལྷག་གསར་དུ་གཟིགས་འབུལ་ཞུ་བཞིན་ཡོད་པ་དང་། གློག་བརྙན་དེ་དག་ཨེ་ཤ་ཡའི་གློག་བརྙན་གྱི་སྒེའུ་ཁུང་(Asian Film Window) དང་། རླབས་རྒྱུན་གསར་བ་(New Wave)། འཛམ་གླིང་གློག་བརྙན་(World Film)། གཞི་རྒྱ་ཆེ་བའི་བརྙན་མིག་(Wide-angle Mirror) སོགས་སྡེ་ཚན་ ༡༠ ཙམ་ལ་བགོས་ཏེ་གཟིགས་འབུལ་དང་གཟེངས་རྟགས་སྤྲོད་བཞིན་ཡོད་འདུག
བྷོ་སན་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༡༩༩༦ ལོ་ནས་མགོ་འཛུགས་ཀྱིས་ལོ་རེ་བཞིན་ཐེངས་རེ་ཚོགས་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་དེ་ནི་ཨེ་ཤ་ཡ་ཁུལ་གྱི་གློག་བརྙན་དུས་སྟོན་ཆེ་གྲས་ཤིག་དང་། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཚོས་ཆེས་དོ་སྣང་དང་དགའ་བསུ་བྱ་ཡུལ་གྱི་དུས་སྟོན་གལ་ཆེན་ཞིག་ཆགས་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ཨེ་ཤ་ཡ་ཁུལ་གྱི་ཁྱད་འཕགས་གློག་བརྙན་དང་། ཕུལ་བྱུང་མི་སྣའི་ཁྱད་འཕགས་གློག་བརྙན་གསར་རྩོམ་གཟིགས་འབུལ་དང་གཟེངས་བསྟོད་བྱེད་རྒྱུ་སོགས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༧

Leave a Reply

One thought on “ཨེ་ཤ་ཡའི་ཁྱད་འཕགས་སྐར་ཆེན་གྱི་མཚན་སྙན་བྱ་དགའ་ཐོབ།

  1. ཐོས་པ་དགའ།

    པདྨ་ཚེ་བརྟན་ལ་རྟེན་འབྲེལ་གྲངས་མེད་མ་ཞུ། རླབས་ཆེན་གྱི་བྱས་རྗེས་བཞག་འདུག བོད་མཐོ་སྒང་ན། རྟ་ནོར་ལུག་གསུམ་གྱི་རྨུག་སྒྲ་རྒོད་ས། སྲོལ་རྒྱུན་རིག་གཞུང་གི་སྙིང་བཅུད་འོ་མའི་རྒྱ་མཚོ་ལྷོག་ཏུ་ཁོལ་བའི་རླབས་ཆེན་གྱི་མི་རིགས་ཤིག་རྒྱ་དམར་ཀླ་ཀློའི་དཔུང་གིས། ཆེས་ཀླ་ཀློ་དང་། ཆེས་མུན་ནག་ཆེས་རྗེས་ལུས་སུ་ལྟ་བཞིན་པའི་ངན་སྤྱོད་དང་སྡུག་རྩུབ་ཀྱི་སོ་ཁ་ནས། འཛམ་གླིང་སའི་གོ་ལའི་ཐོག་མི་རེ་རེ་ཡིས་འདི་འདྲ་བའི་འབུར་དུ་ཐོན་པའི་རང་མི་རིགས་ཀྱི་ཁྱད་ཆོས་རེ་ངོམ་ཐུབ་པ་བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་གསུབ་ཏུ་མེད
    པའི་རི་མོ་ཞིག་འཀོད་འདུག་བསམ་པའི་དགའ་སྤོབས་སྐྱེས་སོང་། བཀྲ་ཤིས་་བདེ་ལེགས་གྲངས་མེད་ཞུ།