དབུ་མའི་ལམ་གྱི་ན་གཞོན་བསམ་བློ་བའི་ཚོགས་འདུ་ཚོགས།

དབུ་མའི་ལམ་གྱི་ན་གཞོན་བསམ་བློ་བའི་ཚོགས་འདུའི་སྟེང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་དེང་སྐབས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ་ཟམ་གདོང་བླ་མའི་དབུ་མའི་ལམ་ལ་སོགས་ཀྱི་ནང་དོན་འདྲ་བོ་ཡོད་པ་མ་རེད་ཅེས་བརྗོད་མཁན་ཡོད་པ་ནི་དངོས་ཡོད་གནས་ཚུལ་མ་ཤེས་པ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག  ཉིན་གྲངས་ ༢ རིང་གི་དབུ་མའི་ལམ་ཐོག་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་བློ་བཟང་སྙན་གྲགས་ལགས། ས་རཱ་མཐོ་སློབ་ཀྱི་དབུ་འཛིན་དང་སློབ་སྤྱི། དགེ་ལས་དང་སློབ་མ། ཚོགས་ཞུགས་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་འཛོམས་འདུགམཛད་སྒོའི་ཐོག་མར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་རྒྱུན་ལས་ཀྱི་འགྲིག་ཆས་དབུ་འབྱེད་དང་འབྲེལ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ནས་མཛད་སྒོའི་གཏམ་བཤད་གནང་སྐབས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དེ་ཕྱི་ལོ་ ༢༠༡༨ ལོའི་ཚོགས་ཆེན་དང་བསྟུན་དབུ་འཛུགས་བྱས་ཏེ། ལོ་དེའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཁྲུང་སྐར་དང་བསྟུན་ལས་ཁུངས་སྒོ་འབྱེད་བྱས་ཡོད་པ་དང་། ད་ལྟའི་ཆར་ལས་ཁུངས་ནང་ཕྱག་ལས་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པའི་དབུ་མའི་ལམ་གྱི་བཀའ་སློབ་ཁག་ཕྱོགས་སྒྲིག་དང་། བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དང་མཁས་པ་ཚོས་བོད་ཡིག་ཐོག་བརྩམས་པའི་ཡིག་ཆ་དང་། རྒྱལ་སྤྱིའི་མཁས་པ་དང་ཆབ་སྲིད་མི་སྣ་ཚོས་གསུང་ཡོད་པའི་དབྱིན་ཡིག་གི་ཡིག་ཆ་ཕྱོགས་སྒྲིག་སོགས་ལས་དོན་གཙོ་བོ་དེ་འདྲ་ཞིག་བྱེད་བཞིན་ཡོད་ལ། རྩ་བའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་འགུལ་གྱི་ཁ་ཕྱོགས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་སམ་ལྟ་གྲུབ་དེ་དག་ལག་ལེན་བསྟར་ཏེ། མ་འོངས་པར་བོད་གཞིས་བྱེས་གཉིས་ནས་བོད་པ་དེ་མི་རིགས་ཁྱད་ཆོས་སྣ་མང་ལྡན་པ་ཞིག་ཆགས་དགོས་ན་སྲིད་བྱུས་འདིར་མ་བརྟེན་ཐབས་མེད་ཆགས་ཡོད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་སྟེང་མི་མང་རང་བཞིན་གྱི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་དང་། མི་མང་གི་མགོ་འཁྲིད་མཁན་ན་གཞོན་ཤེས་ཡོན་ཅན་མང་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་སོགས་ཡིན་པས། ཁ་ཕྱོགས་དེ་འདྲ་ཞིག་གི་འོག་ནས་ན་གཞོན་གྱི་ཚོགས་འདུ་འདི་ལྟ་བུ་ཞིག་གོ་སྒྲིག་དང་མ་འོངས་པར་མུ་མཐུད་ཚོགས་རྒྱུ་ཡིན་སྐོར་བརྗོད་སོང་།དེའི་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། དབུ་མའི་ལམ་གཞུང་འབྲེལ་གྱིས་གཏན་ལ་ཕབས་ནས་མི་ལོ་ ༤༥ ཙམ་འཁོར་གྱི་ཡོད་པ་དང་། བོད་པའི་སྤྱི་ཚོགས་དང་བོད་རིགས་ན་གཞོན་ཚོའི་ཁྲོད་དབུ་མའི་ལམ་གྱི་སྲིད་ཀྱི་དགོངས་དོན་དང་བྱུང་རིམ། འགྱུར་བ་དང་འཕེལ་རིམ་སོགས་མ་ཤེས་པ་མེད་དགོས་པ་ལྟ་བུ་ཞིག་ཡིན་པ་དང་། དེ་ནི་རྩ་དོན་གྱི་ལྟ་གྲུབ་ཞིག་དང་སྲིད་བྱུས་ཤིག་ཡིན་སྟབས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་དང་ལྷག་པར་དུ་བོད་རིགས་ཤེས་ཡོན་ཅན་ཚང་མས་གསལ་པོ་ཤེས་དགོས་པ་དང་ཤེས་ཡོད་ཤག་ཡིན་ནའང་། ཆབ་སྲིད་ཀྱི་བསམ་བློ་དང་དམངས་གཙོའི་བསམ་བློའི་གནས་ཚད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་ལྗོངས་ཀྱི་བསམ་བློའི་གནས་ཚད་སོགས་ད་ལྟའང་མ་འདང་བ་ལྟ་བུ་ཞིག་མཐོང་གི་ཡོད་སྐོར་དང་། དེང་སྐབས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་ཡི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ། ཟམ་གདོང་བླ་མའི་དབུ་མའི་ལམ་ལ་སོགས་ཀྱི་ནང་དོན་འདྲ་བོ་འདྲ་བོ་ཡོད་པ་མ་རེད་ཅེས་བརྗོད་མཁན་ཡོད་པ་ནི་ཡིག་ཆ་དང་དངོས་ཡོད་གནས་ཚུལ་ལ་ཡག་པོ་མ་བལྟས་པ་དང་དེ་ལྟར་ཡོང་མི་དགོས་པ་ལྟ་བུ་ཞིག་ཡིན་སྐོར་གསུངས་སོང་།

དབུ་མའི་ལམ་གྱི་གྲུབ་འབྲས་དང་འབྲེལ་ནས་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་མི་ཡོངས་ནས་དབུ་མའི་ལམ་ཁས་ལེན་བྱས་ཏེ་ད་ལྟ་བར་ལས་འགུལ་གཞན་མི་སྤེལ་མཁན་བྱུང་མྱོང་མེད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་གྲུབ་འབྲས་མ་ཐོན་པ་དང་སྲིད་བྱུས་གཞན་ལ་གྲུབ་འབྲས་ཐོན་པ་ཡིན་ཚེ་དེ་གསལ་པོ་མི་མང་ངོས་ནས་མཁྱེན་དགོས་པ་ཞིག་རེད། མི་མང་ངོས་ནས་གྲུབ་འབྲས་ཡོད་པ་དེ་འདེམས་ཀྱི་ཡོད་པ་རེད་མ་གཏོགས་མེད་པ་དེའི་ཐོག་སྡོད་དགོས་པ་ཡོད་མ་རེད། དེ་བས་དབུ་མའི་ལམ་ལས་གཞན་ལ་གྲུབ་འབྲས་ཅི་བྱུང་ཡོད་པའི་གནས་སྟངས་ལ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་རེད། གྲུབ་འབྲས་མེད་པ་འདྲ་འདྲ་ཡིན་ན་མ་འོངས་པར་གང་ལ་གྲུབ་འབྲས་ཡོང་བར་རེ་བ་ཆེ་བ་ཡོད་པ་དེའི་ཐོག་ལ་བལྟ་རྒྱུ་རེད་མ་གཏོགས། ད་ལྟ་ཕན་ཆད་དུ་འདི་དང་དེ་ལ་གྲུབ་འབྲས་ཆེ་བ་ཐོན་གྱི་ཡོད་པའི་མཚུངས་བསྡུར་བྱ་རྒྱུ་ཡོད་པ་ཞིག་ཡིན་ན་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་ཡོད་པ་མ་རེད་ལབ་ན་ཞལ་རྫུན་ཆགས་ཡོད་པ་མ་རེད། དེ་མེད་པ་ཞིག་གསུངས་ན་ཞལ་རྫུན་དང་ཧམ་པ་ཆེན་པོ་བྱས་ནས་གསུང་གི་ཡོད་པ་རེད། ཅེས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མ་འོངས་སྔོན་གཟིགས་ཀྱིས་ཕྱི་ལོ་ ༡༩༧༤ ལོར་དབུ་མའི་ལམ་གྱི་སྲིད་བྱུས་གཏན་ལ་ཕབས་ཏེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་གནང་མེད་པ་ཞིག་ཡིན་ཚེ། ད་ལྟ་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་འཚོ་གནས་ཐུབ་ཡོད་མེད་དང་། ལོ་ནས་ལོ་བསྟུད་ཆབ་སྲིད་དང་འབྲེལ་ཡོད་ཀྱི་ལས་དོན་གཞི་རྒྱ་ཆེན་པོ་དང་རྣམ་གྲངས་མང་པོའི་ཐོག་བྱེད་ཀྱི་ཡོད་པ་དག་བྱེད་ཐུབ་མིན་དོགས་གཞི་ཡིན་སྐོར་སོགས་གསུངས་སོང་།མཇུག་ཏུ་འདི་གའི་གསར་འགོད་པས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་ཆོས་གྲགས་རྒྱ་མཚོ་ལགས་སུ་བོད་རིགས་གཞོན་སྐྱེས་བསམ་བློ་བའི་ཚོགས་འདུ་ཐེངས་གཉིས་པ་འདི་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་ཅི་ཡིན་དྲིས་པར། གཞོན་སྐྱེས་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་དང་ལངས་ཕྱོགས་ལ་སོ་སོས་མགོ་འཚོས་ཏེ་ཤར་སྐྱོད་བྱེད་པར་རེ་བ་བཟུང་སྟེ། དབུ་མའི་ལམ་ནི་མི་རབས་རྒན་པའི་ཆོས་ཕྱོགས་དང་འབྲེལ་བའི་སྲིད་བྱུས་ཤིག་མིན་པར་གཞོན་སྐྱེས་ཚོས་ཞིབ་འཇུག་མཐིལ་ཕྱིན་པ་གནང་ཚེ། དེའི་ཐོག་ནས་དེང་རབས་སྤྱི་ཚོགས་དང་། དངོས་ཡོད་དང་མཐུན་པའི་གནས་ལུགས་མང་པོ་ཞིག་ཡོད་སྟབས། གཞོན་སྐྱེས་ཚོས་ཆ་ཤས་མང་ཙམ་ལེན་ཐུབ་པ་དང་དོ་སྣང་མང་ཙམ་སྤྲོད་ཐུབ་ཆེད་གོ་སྒྲིག་ཞུས་པ་ཡིན། ཞེས་དང་། ཐེངས་འདིའི་ཚོགས་འདུར་ས་གནས་ཁག་ ༡༡ དང་། སུ་ཇཱ་དང་གྷོལ་པ་པུར་བོད་ཁྱིམ་གཉིས་ནས་སློབ་མ་རྩེ་ཕུད་གཉིས་རེ་བཅས་ཁྱོན་གཞོན་སྐྱེས་གྲངས་ ༥༠ མ་ཟིན་ཙམ་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༠༧

Leave a Reply

7 thoughts on “དབུ་མའི་ལམ་གྱི་ན་གཞོན་བསམ་བློ་བའི་ཚོགས་འདུ་ཚོགས།

  1. གཞུང་པ་ཚེ་དབང་བསོད་ནམས

    དབུ་མའི་ལམ་གྱི་དམིགས་ཡུལ་དེ་འགྲུབ་དགོས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོ་དང་ང་ཚོའི་འགོ་འཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱ་གཉིས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་པ་དང་ཡིད་ཆེས་ཐུབ་ནས་བོད་རྒྱ་གཉིས་ལ་འཕྲད་པའི་དཀའ་ངལ་སེལ་དགོས་པ་ལས་དབུ་མའི་ལམ་གྱི་དགོས་འདུན་དེ་ང་ཚོའི་རྒྱ་མིའི་ལག་ནས་ཐོབ་དགོས་པ་ལས་ང་ཚོ་་བོད་མིའི་ལག་ནས་ཕར་རྒྱ་མི་ལ་སྤྲོད་དགོས་པ་གང་ཡང་མེད་པ་ནས་ང་ཚོའི་ངོས་ནས་བྱེད་དགོས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དབུ་མའི་ལམ་རྒྱུད་ནས་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་དེ་དག་བཅའ་ཁྲིམས་ནང་འཁོད་ཐུབ་པའི་འགན་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པ་དང་དེ་སྔོན་ཕྱི་ལོ་1997 ཕྱི་ཟླ་9 ཚེས་18 ཉིན་སྤྱི་འཐུས་གྲོས་ཚོགས་ནས་དབུ་མའི་ལམ་དང་འབྲེལ་བའི་གྲོས་ཆོད་ལ་དེ་ཙམ་ནུས་པ་མེད་པ་ནས་ད་ཆ་ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚེ་བཅའ་ཁྲིམས་ནང་དབུ་མའི་ལམ་འཁོད་དགོས་དེ་ཁྲིམས་མཐུན་གྱི་གཏན་ལ་ཕབ་པའི་སྲིད་བྱུས་ཡང་དག་ལ་སོང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་རྩི་བཀུར་བློ་གཏད་ཞུས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་བོད་མི་ཚང་མས་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོ་སྤྲོད་ཞུ་འདོད་བྱུང་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ང་ཚོར་དགོས་པའི་དགོས་འདུན་སྟོན་པ་འདི་རྒྱ་མིའི་ལག་ནས་ང་ཚོར་ཐོབ་དགོས་པ་ལས་ཕྱིའི་རྒྱལ་ཁབ་སུ་གཅིག་གི་ང་ཚོར་མི་སྤྲོད་པ་དེ་འདས་པའི་རྒྱལ་སྤྱིའི་ཆབ་སྲིད་འཕེལ་རིམ་ནས་ང་ཚོར་སླབ་བྱ་ཐོབ་མེད་པ་ཡིན་ནམ།

  2. གཞུང་པ་ཚེ་དབང་བསོད་ནམས

    ང་ཚོའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྤྲད་པའི་དབུ་མའི་ལམ་གྱི་དགོས་མདུན་དེ་
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་
    སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་གི་དགོས་མདུན་
    སྟོན་པ་འདི་ལ་དེང་དུས་མཁས་པ་ཚོའི་འབྲེལ་བཤད་རིང་ཙམ་ཐུང་ཙམ་རྒྱབ་ནས་ཕྱི་ནང་གི་
    མི་མང་པོ་ཞིག་མགོ་འཐོམ་ནས་བསྡད་ཡོད་ན་དབུ་མའི་ལམ་ལ་འབྲེལ་བཤད་དང་གོ་རྟོགས་སྤེལ་དགོས་
    ཀྱི་ཡོད་ན་རྒྱ་མིའི་འགོ་འཁྲིད་དང་རྒྱ་ནག་མི་དམངས་ལ་གོ་རྟོགས་སྤེལ་དགོས་པ་དེ་དབུས་བོད་
    མིའི་སྒྲིག་འཛུགས་ནང་རྒྱ་རིགས་འབྲེལ་མཐུད་ཀྱི་མི་སྣ་མང་པོ་གསོ་སྐྱོང་དུ་ཡོད་པ་དེ་ཚོ་བེད་སྤྱོད་
    གཏོང་དགོས་པ་དེ་དུས་ལ་བབ་མི་འདུག་གམ།

  3. བསོད་ནམས་རྒྱལ་མཚན།

    ཝཻ། 👋 🐽. དབུ་མའི་ལམ་གྲོས་གཞི་དེ་་་ 2019 ཁ་སང་ཁ་ཉིན་སྟོན་བཞག་པ་མ་རེད་ཏོ། 1974 ནས་རེད་ཏོ། མི་ལོ་ 45 ཕྱིན་ཚར་འངུག་གོ། 😂😂 😂