རྒྱ་ནག་གི་ཚོགས་སྡེ་ཁག་ ༢༨ མིང་ཐོ་ནག་པོའི་ནང་བཅུག

ཨ་རིའི་ཚོང་ལས་སྡེ་ཚན་གྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ནག་ཉེས་འོག་རྒྱ་ནག་གི་ཚོགས་སྡེ་ ༢༨ མིང་ཐོ་ནག་པོའི་ནང་བཅུག་ཡོད་འདུག

ཁ་སང་ཨ་རིའི་ཚོང་ལས་སྡེ་ཚན་(Commerce Department)གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཁག་དང་ཚོགས་པ་ཁག་ཅིག་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་ཤིན་ཅང་ཡུ་གུར་ནང་དམ་དྲག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྐོར་བརྗོད་དེ། རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་དང་ཚོགས་པ་ཁག་ ༢༨ མིང་ཐོ་ནག་པོའི་ནང་དུ་བཅུག་སྟེ། ཚོགས་པ་དེ་དག་གིས་ཨ་རི་ནས་ཅ་དངོས་རིགས་ཉོ་ཚོང་དང་མཉམ་ལས་རིགས་མེད་པ་བཟོས་ཡོད་འདུག

གནད་དོན་དེའི་ཐད་ཨ་རིའི་ཚོས་ལས་སྡེ་ཚན་གྱི་ཚོགས་པ་དེ་དག་གིས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་ཤིན་ཅང་ཡུ་གུར་ནང་ཚད་བརྒལ་གྱི་དམ་དྲག་དང་། བཙོན་འཇུག་མནར་གཅོད། ཚད་མཐོ་བའི་འཕྲུལ་ཆས་བེད་སྤྱོད་ཀྱིས་ཡུ་གུར་གྲངས་ཉུང་མི་རིགས་དང་། ཁཱ་ཛཱ་ཁི་སི་(Kazakhs)གཙོའི་ཁ་ཆེའི་ཚོགས་སྡེ་ཁག་གི་ནང་ལྟ་རྟོག་དང་སོ་ཉུལ་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་ཆེན་པོ་གཏོང་བཞིན་ཡོད་པས། ད་ནས་བཟུང་ཚོགས་པ་དེ་དག་གིས་ཨ་རིའི་གཞུང་གི་ཆོག་མཆན་མེད་ན་ཅ་དངོས་རིགས་ཉོ་ཚོང་དང་མཉམ་ལས་རིགས་མི་ཆོག་སྐོར་བརྗོད་ཡོད་པ་དང་། ཡང་ཨ་རིའི་ཚོང་ལས་སྡེ་ཚན་གྱི་དྲུང་ཡིག་ཝེལ་བྷིར་རའོ་སི(Wilbur Ross)ཡིས། ཨ་རིའི་གཞུང་གིས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་བྱེད་བཞིན་པར་ནམ་ཡང་གུ་ཡངས་གཏོང་གི་མིན་སྐོར་སོགས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེའི་ཐད་ལན་འདེབས་སོགས་གང་ཡང་བྱས་མེད་ན་ཡང་། མིང་ཐོ་ནག་པོའི་ནང་དུ་བཅུག་པའི་ཚོགས་པ་ཁག་ནས་རྒྱ་ནག་འཕྲུལ་ལས་བརྙན་མིག་བཟོ་ལས་ཁང་ཆེ་ཤོས་ཧེག་ཝེ་ཤོན་(Hikvision)དང་དྷ་ཧྭ(Dahua)འཕུལ་ལས་བཟོ་གྲྭ།  གཞན་མཱེ་གྷི་ཝེ(Megvii)འཕྲུལ་ལས་བཟོ་གྲྭ་གཙོའི་ཤིན་ཅང་ཡུ་གུར་ས་གནས་བདེ་སྲུང་ལས་ཁུངས་སོགས་ཡིན་པ་དང་། དེ་མིན་ཚོགས་པ་ཁག་ ༡༩ དེ་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་ཚོགས་པ་ཆུང་ཆུང་དང་ཉེན་རྟོག་པའི་སློབ་གྲྭ་ཞིག་བཅས་ཡིན་འདུག

ཐེངས་འདིར་ཨ་རིའི་རྒྱ་ནག་གི་འཕྲུལ་རིགས་བཟོ་ལས་ཁང་ཁག་མིང་ཐོ་ནག་པོའི་ནང་གཡུགས་པ་ཐེངས་དང་པོ་མིན་པར། འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་གི་འཕྲུལ་ལས་བཟོ་སྐྲུན་ཁང་ཆེ་ཤོས་ཧཱ་ཝེ་བདེ་འཇགས་གནད་དོན་དང་འབྲེལ་ནས་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཨ་རི་དང་ཚོང་འབྲེལ་ལ་བཀག་སྡོམ་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་ཅ་དངོས་བཟོ་ལས་ཁང་ཁག་ཅིག་ཀྱང་བཀག་སྡོམ་འོག་བཞག་སྟེ། དེ་དག་གིས་ཨ་རི་དང་ཚོང་འབྲེལ་བྱེད་པར་ཨ་རིའི་གཞུང་ནས་ཆོག་མཆན་དགོས་པ་བཟོས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཉེན་བརྡ་བཏང་ཡོད་པ་རེད།

རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས། ཨ་རིའི་གཞུང་གིས་རྒྱ་ནག་གི་འཕྲུལ་ལས་བཟོ་གྲྭ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་མགོ་ཚུགས་པ་ནི་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་ནག་གིས་ཨ་རིའི་འཕྲུལ་ལས་ལག་རྩལ་རྐུ་འཁྱེར་རིགས་བཀག་བསྡོམས་དང་ཚོང་དམག་དང་འབྲེལ་བ་ཡོད་ན་ཡང་། ཐག་གཅོད་དེས་རྒྱ་ནག་གི་བཅོས་མིའི་འཕྲུལ་ཆས་ཤུགས་ཆེར་ཡར་རྒྱས་བཏང་སྟེ། མི་མང་གི་འགྲོ་འདུག་སྤྱོད་གསུམ་གཙོའི་མི་མང་ལ་ལྟ་རྟོག་དང་སོ་ཉུལ་རིགས་སུ་སྤྱོད་བཞིན་པ་ཇེ་ཉུང་ཐད་ཕན་ཐོགས་ཀྱང་། འཕྲུལ་ལས་ཚོང་འབྲེལ་བཀག་སྡོམ་དེ་དག་གནས་སྐབས་ཙམ་ལས་ཡུན་རིང་གནས་མི་ཐུབ་པ་ཞིག་ཡིན་སྐོར་བརྗོད་འདུག

འདི་ལོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་རྒྱ་ནག་གཞུང་གི་ཚོགས་སྒེར་མང་པོ་ཞིག་ཨ་རིས་མིང་ཐོ་ནག་པོའི་ནང་གཡུགས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༩ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་མིང་གཞུང་ནག་པོའི་ལོ་འཁོར་སྙན་ཐོ་ཡོངས་བསྒྲགས་བྱས་ཏེ། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མིང་གཞུང་ནག་པོའི་མང་གཡུགས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་མཱེ་ཤལ་བྷ་ཆཱེ་ཊི(Michelle Bachelet)ཡིས། རྒྱ་ནག་གཞུང་གིས་ཡུ་གུར་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཁག་ལ་ཉེས་རྡུང་མནར་གཅོད་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་དང་། རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ཁག་གི་ས་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་ཆེད་མངགས་ཀྱིས་རྟོག་ཞིབ་བྱེད་དུ་འཇུག་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༠༨

Leave a Reply