ཚང་མ་མཉམ་གཅིག་ཏུ་འདུས་པར་བྱེད་མཁན་ཞིག་ཡོད་པ་དེ་ནི་བྱམས་བརྩེ་རེད།

༧གོང་ས་མཆོག་གིས་གོ་ལ་ཚ་འགྱུར་གྱི་གནད་དོན་དེ་ལོ་བཅུ་ཕྲག་འགའི་ནང་ཚབས་ཆེན་དུ་འགྱུར་ཉེནབར་བརྗོད་སོང་པས་བྱིས་པ་ཡོད་མཁན་ཚོས་བྱིས་པའི་མ་འོངས་པ་ལ་སེམས་འཁུར་བྱེད་དགོས་སྐོར་གསུངས་འདུགདེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་པན་ཇབ་མངའ་སྡེའི་ (Chitkara University) ཆི་ཀཱ་རཱ་གཙུག་ལག་སློབ་ཆེན་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། གཙུག་ལག་སློབ་ཆེན་དེའི་དབུ་ལས་སློབ་ཕྲུག་མང་པོར་ཤེས་ཡོན་ནང་ཡོངས་ཁྱབ་བཟང་སྤྱོད་མཁོ་གལ་ཆེ་བ་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། དུས་རབས་སྔོན་མའི་ནང་གྷན་དྷི་མཆོག་ནས་འཛམ་གླིང་ལ་འཚེ་མེད་ཞི་བའི་མིག་དཔེ་བསྟན་ཡོད་པ་ལྟར། དུས་རབས་འདིའི་ནང་རྒྱ་གར་གྱིས་འཛམ་གླིང་འདིའི་ནང་མིའི་ནང་སེམས་ཀྱི་ཞི་བདེ་ལ་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད་ཡོད་སྐོར་གསུངས་འདུག

༧གོང་ས་རྒྱལ་བ་རི་པོ་ཆེ་མཆོག་གིས། འཇིག་རྟེན་བཀོད་པ་པོ་ཁས་ལེན་བྱེད་མཁན་ཚོར་མཚོན་ན། ང་ཚོ་ཚང་མ་བྱམས་བརྩེ་ཚད་མེད་ཀྱི་དཀོན་མཆོག་གཅིག་གིས་བསྐྲུན་ཏེ། ཁོང་ནི་ང་ཚོའི་ཕ་ལྟ་བུར་གྱུར་ཡོད་པས་མི་ཚང་མ་སྤུན་གྲོགས་ཡིན་ཞེས་བརྗོད་པ་དང་།  ཡང་འཇིག་རྟེན་བཀོད་པ་པོ་ཁས་ལེན་མི་བྱེད་མཁན་ཚོར་མཚོན་ན། སྐྱེས་བ་ལ་ཐོག་མ་མེད་པར་སྐྱེས་བ་སྔ་མ་དང་ཕྱི་མར་ཡིད་ཆེས་བྱེད་ཀྱི་ཡོད་པས། གོ་ལ་འདིའི་སྟེང་དུ་དུས་གཅིག་ལ་ང་ཚོ་སྐྱེས་པ་ཡིན་སྟབས། འགྲོ་བ་མིའི་རིགས་ཡོངས་རྫོགས་དོན་དངོས་ཀྱི་སྤུན་གྲོགས་ཡིན་པ་དང་། ལྷག་པར་དུ་ནང་སེམས་ལ་མཛའ་བརྩེའི་ཚོར་བ་དེ་བྱུང་ཚེ། འཛམ་གླིང་གི་འགྲོ་བ་མི་དུང་ཕྱུར་ ༧༠ ལྷག་ཡོངས་རྫོགས་གཅིག་མཚུངས་དང་། འཛམ་གླིང་འདི་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཡོང་གི་ཡོད་ལ། ད་ལྟ་འཛམ་གླིང་འདིའི་ཐོག་དཀའ་རྙོག་མང་པོ་ཞིག་ང་ཚོ་དང་ཁོང་ཚོ་ཟེར་བར་མགོ་འཁོར་ནས་མཐར་བདག་འཛིན་གྱི་བློ་འཕེལ་ཏེ། གཞན་ལ་དོ་ཕོག་དང་གསོད་པ་སོགས་ཀྱི་ལས་བྱུང་གི་ཡོད་པས་གནས་སྟངས་དེར་ཐུགས་སྐྱོ་བོ་ཡོང་གི་ཡོད་སྐོར་གསུངས་སོང་།

དེང་རབས་ཀྱི་སློབ་གསོ་ཡིས་ཕྱི་དངོས་པོ་གཙོར་འཛིན་བྱེད་ཀྱི་ཡོད་པ་དང་། སློབ་གསོ་དེ་ལྟ་བུ་ཐོབ་མཁན་གྱི་མི་ཚེ་ནི་ཕྱི་དངོས་པོ་གཙོར་འཛིན་དང་རིག་གཞུང་ཞིག་གི་ནང་སྐྱེལ་ཀྱི་ཡོད་པ་རེད། ནང་སེམས་ཀྱི་དཀའ་ངལ་ཞིག་འཕྲད་ཚེ་ཁོང་ཚོས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད་པ་རེད། དེ་བས་ངོས་ཀྱིས་བྱིས་གཉོར་ཁང་ནས་བཟུང་ཕྱི་དངོས་པོ་དང་ནང་སེམས་ཀྱི་འཕྲོད་བསྟེན་སློབ་གསོ་གཉིས་ཀ་སྤྲོད་དགོས་པ་བཤད་ཀྱི་ཡོད། དེ་ནི་མིའི་ཁྱད་དུ་འཕགས་པའི་ཀླད་པའི་ནུས་ཡོངས་སུ་སྤྱད་དེ་གཞི་རྩའི་མིའི་རང་བཞིན་སེམས་པ་བཟང་པོ་ལ་རྒྱབ་བརྟེན་ཡོང་གི་ཡོད་པ་རེད། ངོས་ཀྱི་བསམ་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་རབས་སློབ་གསོ་གཉིས་མཉམ་འབྲེལ་བྱེད་པར་རྒྱ་གར་ལ་ནུས་པ་ཡོད་པ་དེ་འདྲ་གཞན་རྒྱལ་ཁབ་སུ་ལའང་མེད་པ་རེད། ངོས་ཀྱིས་གཞན་ལ་རང་ཉིད་ཀྱི་དམ་བཅའ་གསར་ཤོས་ནི་རྒྱ་གར་གྱི་གནའ་བོའི་སེམས་དང་ཚོར་བའི་རིག་གཞུང་སླར་གསོ་ཡོང་རྒྱུ་དང་། དེ་དེང་རབས་སློབ་གསོ་དང་མཉམ་འབྲེལ་ཡོང་ཐབས་བྱ་རྒྱུ་དེ་ཡིན་པར་བཤད་ཀྱི་ཡོད། རྒྱ་གར་ནང་སེམས་ཀྱི་འགྲོ་སྟངས་ཀྱི་རིག་གཞུང་གསར་པ་ཞིག་མིན་པར་ལོ་ངོ་སྟོང་ཕྲག་ ༣ ཙམ་ནས་ཡོད་པས་སླར་གསོ་ཡོང་ཐབས་བྱ་རྒྱུ་དེ་རེད། དེང་རབས་སློབ་གསོ་ཡིས་ནང་སེམས་ཀྱི་འཕྲོད་བསྟེན་སྣང་མེད་དུ་བཞག་ཡོད་པས་ཐོག་མར་རྒྱ་གར་ནང་སླར་གསོ་བྱས་རྗེས། དུས་རབས་སྔོན་མའི་ནང་གྷན་དྷི་མཆོག་ནས་འཛམ་གླིང་ལ་འཚེ་མེད་ཞི་བའི་མིག་དཔེ་བསྟན་ཏེ། མི་མང་པོས་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལག་ལེན་ལ་དགའ་མོས་ཆེན་པོ་བྱུང་བ་ལྟར། ངོས་ལ་དུས་རབས་འདིའི་ནང་རྒྱ་གར་གྱིས་འཛམ་གླིང་འདིའི་ནང་མིའི་ནང་སེམས་ཀྱི་ཞི་བདེ་ལ་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། ཅེས་གསུངས་སོང་།དེའི་རྗེས་ཚོགས་ཞུགས་པ་ཞིག་གིས་ད་ལྟའི་རྙོག་འཛིང་དང་སྡང་སེམས། ཁ་ཁར་གྱེས་བཞིན་པའི་སྤྱི་ཚོགས་འདིའི་ནང་འཛམ་གླིང་དང་རྒྱ་གར་གྱི་ཆབ་སྲིད་པ་དང་དབུ་འཁྲིད་ཚོར་སྐུལ་མ་ཞུ་རྒྱུ་ཅི་ཡོད་བཀའ་འདྲི་ཞུ་སྐབས་༧གོང་ས་མཆོག་གིས། ནུབ་ཕྱོགས་ནས་དར་ཡོང་བའི་དེང་རབས་སློབ་གསོ་ཟེར་བ་དེ་ནི་ཕྱི་དངོས་པོའི་རིན་ཐང་གཙོར་འཛིན་བྱེད་ཀྱི་ཡོད་པས། ངོས་ཀྱི་བསམ་པར་དེ་ལྟ་བུའི་སློབ་གསོ་ཐོབ་པའི་དབུ་འཁྲིད་ཚོས་རང་ཉིད་ལ་ནང་སེམས་ཀྱི་དཀའ་ངལ་ཞིག་དང་འཕྲད་ཚེ་ག་འདྲ་བྱེད་ཤེས་ཀྱི་ཡོད་པ་མ་རེད། དེ་བས་ཁོང་ཚོ་ལ་ལེ་བརྡ་བྱས་པས་ཕན་པ་དེ་ཙམ་མེད་པ་དང་ད་ཡོད་ཀྱི་སློབ་གསོའི་ལམ་ལུགས་ནི་ཡོངས་སུ་ཆ་ཚང་བ་ཞིག་མིན་སྟབས། ངོས་ཀྱི་བསམ་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་ནུས་པ་ཆེན་པོ་ཞིག་མཐོང་གི་འདུག བྱིས་པ་ཡིན་པའི་སྐབས་མིའི་ལྷན་སྐྱེས་ཀྱི་མཛའ་གྲོགས་དང་སེམས་པ་བཟང་པོ་བྱེད་པ་སོགས་ཀྱི་རང་བཞིན་ཡོད་པས། སློབ་གསོ་ཡིས་ཆུང་དུས་ནས་མིའི་རིན་ཐང་དེ་དག་འཕེལ་ཐབས་བྱས་ཏེ། ང་ཚོས་འཆར་གཞི་ལྡན་པའི་ཐོག་ནང་སེམས་དང་ཕྱི་དངོས་པོ་ཡོངས་སུ་ཆ་ཚང་བའི་སློབ་གསོ་ཞིག་སྤྲོད་ཐབས་ལ་འབད་བརྩོན་བྱས་ཚེ། ལོ་ངོ་ ༣༠ ཙམ་གྱི་རྗེས་དང་དུས་རབས་འདིའི་ཕྱི་མའི་ནང་མི་གསར་པ་མ་འདྲ་བ་ཞིག་དང་། དེ་བརྒྱུད་མིང་དོན་མཚུངས་པའི་འཛམ་གླིང་ཞི་བདེ་འབྱུང་གི་རེད། ད་ཡོད་ཀྱི་སློབ་གསོའི་ཐོག་མུ་མཐུད་ཕྱིན་ཚེ་ད་ལྟའི་མིའི་དཀའ་རྙོག་རྣམས་མུ་མཐུད་འབྱུང་གི་རེད། ཅེས་གསུངས་སོང་།

ཡང་ང་ཚོའི་འཛམ་གླིང་འདིའི་ཐོག་གི་རྒྱལ་ཁབ་དང་ཆོས་ལུགས། རིག་གཞུང་སོགས་འདྲ་མིན་རྣམས་འགྲོ་བ་མིའི་སྤྱི་ཚོགས་གཅིག་གི་ནང་ཇི་ལྟར་མཉམ་གནས་ཐུབ་མིན་དྲིས་པར་༧གོང་ས་མཆོག་གིས། འགྲོ་བ་མི་དུང་ཕྱུང་བདུན་ཅུ་ཚང་མ་གཅིག་ཡིན་པའི་འདུ་ཤེས་ང་ཚོར་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། མི་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་སྟབས་ཚང་མ་མཉམ་གཅིག་ཏུ་འདུས་པར་བྱེད་མཁན་ཞིག་ཡོད་པ་དེ་ནི་བྱམས་བརྩེ་ཡིན་པ་རེད། གནའ་སྔ་མོར་སྤྱི་ཚོགས་ཀྱི་འདུ་ཤེས་ནི་ཧ་ཅང་རྒྱ་ཆུང་ཆུང་ཡིན་པ་དང་རིམ་བཞིན་རྒྱལ་ཁབ་དང་། རྒྱལ་ཁབ་གཅིག་ལ་སྐད་ཡིག་དང་རིག་གཞུང་འདྲ་མིན་ཡོད་པའི་རྒྱ་གར་ལྟ་བུ་བྱུང་བ་རེད། འདིའི་མཉམ་གནས་ནི་འགྲོ་བ་མིའི་སྤྱི་ཚོགས་ཡོངས་ལ་དར་སྤེལ་གཏོང་དགོས་པ་རེད། དེང་སྐབས་འཛམ་གླིང་གི་ཤར་ནུབ་དང་ལྷོ་བྱང་ཕན་ཚུན་གྱི་མ་འོངས་བའི་བདེ་སྡུག་གཅིག་ལ་གཅིག་བརྟེན་ཡིན་པས། མི་འབོར་དུང་ཕྱུར་བདུན་ཅུ་ཡོངས་རྫོགས་སྤྱི་ཚོགས་ཆེན་པོ་གཅིག་ཡིན་པའི་འདུ་ཤེས་དགོས་པ་རེད། དེ་བས་རྒྱལ་ཁབ་དང་ཆོས་ལུགས་སོགས་ཀྱི་མངོན་འདོད་དེ་ཕལ་བ་ཆགས་ཡོད་པ་རེད། ཚན་རིག་པ་རེ་འགས་ཟླ་བ་དང་རྒྱུ་སྐར་གཞན་ཐོག་འཚོ་ཐབས་སྐོར་བཤད་ཀྱི་ཡོད་ནའང་། དེར་ཕྱིན་ནས་སྐྱིད་པོའི་ངང་འཚོ་སྡོད་ཐུབ་ཐབས་མེད་པས་གོ་ལ་འདི་ཇི་ཙམ་རྙོག་འཛིང་ཅན་ཞིག་ཡིན་ནའང་འདི་ནི་འགྲོ་བ་མིའི་སྡོད་ཁང་ཁོ་ན་དེ་ཡིན་པ་མ་ཟད། ངེས་པར་དུ་མཉམ་གནས་བྱེད་དགོས་པ་དང་། ཁོར་ཡུག་གི་ཐད་ལའང་དོ་སྣང་འཕར་མ་བྱེད་དགོས་པ་རེད། ཐོག་མར་ངོས་རང་དྷ་སར་འབྱོར་དུས་གངས་ཆེན་པོ་བབས་ཡོད་པ་དང་ལོ་རེ་རེ་བྱས་ནས་རིམ་གྱིས་ཉུང་དུ་ཕྱིན་ཡོད་པས། གོ་ལ་ཚ་འགྱུར་གྱི་གནད་དོན་ནི་ཧ་ཅང་ཚབས་ཆེན་རེད། དེ་བཞིན་བོད་ནང་དུའང་ཁོར་ཡུག་འགྱུར་ལྡོག་ཤུགས་ཆེན་འགྲོ་བཞིན་པ་རེད། ངོས་ཀྱིས་སི་ཝེ་ཊན་གྱི་བུ་མོ་ཆུང་ཆུང་ (Greata Thunberg)གིས་ཁོར་ཡུག་སྐོར་ལ་གོ་རྟོགས་སྤྲོད་ཐབས་བྱེད་བཞིན་པར་བསྔགས་བརྗོད་དང་ཡི་རང་བྱེད་ཀྱི་ཡོད། དེ་ནི་ཧ་ལས་པ་ཞིག་རེད། ད་ནི་གོ་ལ་ཚ་འགྱུར་གྱི་གནད་དོན་ནི་གལ་ཆེན་ཡིན་པ་དང་ཚབས་ཆེན་ཡིན་པ་ཤེས་མཁན་མང་ནས་མང་དུ་འགྲོ་ཡི་འདུག ཉེ་ཆར་ཐའེ་ཝན་ནས་ཡིན་པའི་ཁོར་ཡུག་གི་ཚོགས་འདུ་ཞིག་གི་སྐབས། གོ་ལ་ཚ་འགྱུར་གྱི་གནད་དོན་དེ་ལོ་བཅུ་ཕྲག་འགའི་ནང་ཚབས་ཆེན་དུ་འགྱུར་བར་བརྗོད་སོང་པས། ངོས་ནི་ད་ལྟ་ལོ་ ༨༠ ནང་བསླེབས་ཡོད་པས་བྱིས་པ་ཡོད་པའི་ཁྱེད་ཚོས་ཁོང་ཚོའི་མ་འོངས་པ་ལ་སེམས་འཁུར་བྱེད་དགོས་རེད། ཅེས་སོགས་གསུངས་སོང་།

སང་ཉིན་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག ཅན་དྷེ་གྷར་གཙུག་ལག་སློབ་གྲྭའི་ (Chandigarh University ) ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་རབས་སློབ་གསོའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ (Secular Ethics in Modern Education in the Context of Guru Nanak Dev Ji) ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༤

Leave a Reply