རྒྱ་ནག་གཞུང་གིས་མཉེན་ཆས་བརྒྱུད་མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་འདུག་ཟེར།

རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ཟེར་བའི་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་སྟེ་ཨན་ཌོར་མ་ལག་ཅན་གྱི་ཁ་པར་བྱེད་སྤྱོད་པ་ས་ཡ་ ༡༠༠ ལྷག་གི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་དུག

ཉེ་ཆར་འཇར་མན་གྱི་དྲ་ལམ་བདེ་འཇགས་ཉམས་ཞིབ་ཁང་ (Cure53) གི་སྙན་ཐོ་ཞིག་ཝ་ཤིན་ཊོན་ཆ་འཕྲིན་གྱིས་ཕྱིར་བསྒྲགས་བྱས་པའི་ནང་། ཞི་ཅིན་ཕིན་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ཟེར་བའི་རྒྱ་ནག་གཞུང་འབྲེལ་གྱི་ཁ་པར་མཉེན་ཆས་བརྒྱུད། ཨན་ཌོར་མ་ལག་ཅན་གྱི་ཁ་པར་བེད་སྤྱོད་པ་ས་ཡ་ ༡༠༠ ལྷག་གི་སྒེར་གྱི་གནས་ཚུལ་ཚང་མ་མཁོ་སྒྲུབ་བྱེད་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། འབྲེལ་ཡོད་ཀྱིས་ཀུ་ཤུ་ཁ་པར་ནས་མི་སྒེར་གྱི་གནས་ཚུལ་གཅིག་མཚུངས་ཀྱིས་རྐུ་འཁྱེར་ཐུབ་ཀྱི་མེད་སྐོར་བརྗོད།

དྲ་ལམ་བདེ་འཇགས་ཉམས་ཞིབ་ཁང་དེའི་སྙན་ཐོའི་ནང་། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ (Huawei) དང་ཨོ་པོ་ (Oppo)། ཝི་ཝོ་ (Vivo) བཅས་ཀྱི་ནང་མཉེན་ཆས་དེ་སྤྱོད་བཞིན་པའི་ཨན་ཌོར་ (Android) མ་ལག་ཅན་གྱི་ཁ་པར་ནང་། རྒྱ་ནག་གཞུང་གིས་མི་སྒེར་གྱི་འཕྲིན་ཐུང་དང་བརྙན་པར་བསུབས་ཚར་བ་རྣམས་ཀྱང་སླར་གསོ་དང་། བརྙན་དང་སྒྲ་རང་འགུལ་གྱིས་ལེན་པ། ཁ་པར་བརྒྱུད་སུ་ལ་འབྲེལ་བ་ཡོད་མེད་དང་དྲ་ལམ་ནས་གནས་ཚུལ་ལ་བལྟས་པའི་ལོ་རྒྱུས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་སོགས་ཀྱི་སྐོར་བཀོད་འདུག་ལ། ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཟོ་ཚོང་ཁང་ནས་ཉམས་ཞིབ་ཁང་དེར་ཀུ་ཤུའི་ཁ་པར་གྱི་ནང་མཉེན་ཆས་དེ་ཕབ་ལེན་བྱ་ཐུབ་ནའང་མི་སྒེར་གྱི་གནས་ཚུལ་གཅིག་མཚུངས་སུ་ལེན་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་བཀོད་འདུག

རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་དང་ཨ་ལེ་བྷ་བྷ་ (Alibaba) འཕྲུལ་ལས་ཚོང་གཉེར་ཁང་གཉིས་མཉམ་འབྲེལ་གྱིས་བཟོས་པའི་མཉེན་ཆས་དེ་ཁ་པར་དུ་ནང་འཇུག་བྱེད་སྐབས། ངེས་པར་དུ་མི་སྒེར་གྱི་པར་དང་བརྙན། སྡོད་གནས་དང་རང་འགུལ་གྱིས་སྒྲ་ལེན་པ། འབྲེལ་མཐུད་ཨང་གྲངས་འཚོལ་བཤེར་དང་ཉིན་རེའི་དྲ་ལམ་སྤྱོད་ཕྱོགས། དེ་བཞིན་ཁ་པར་ནང་གི་མཉེན་ཆས་གཞན་ ༩༦༠ ནང་ཐད་ཀར་འཛུལ་ཏེ་ཉོ་ཚོང་དང་འགྲིམ་འགྲུལ། འཕྲིན་ཡིག་འབྱོར་གཏོང་ཅི་བྱས་སོགས་ལ་ལྟ་ཆོག་པའི་སྒྲིག་གཞི་ལམ་སྟོན་ངོས་ལེན་བྱ་དགོས་པ་མ་ཟད། མཉེན་ཆས་དེ་བརྒྱུད་རྒྱ་ནག་གཞུང་གིས་ཁ་པར་དེའི་གློག་སྒོ་འབྱེད་པ་དང་སྐུད་མེད་དྲ་བར་མཐུད་པ་སོགས་བྱེད་ཐུབ་ཀྱི་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཝ་ཤིན་ཊོན་ཆ་འཕྲིན་གྱིས་ཨ་ལེ་བྷ་བྷ་ (Alibaba) འཕྲུལ་ལས་ཚོང་གཉེར་ཁང་ལ་འདྲི་རྩད་བྱེད་སྐབས། གནས་ཚུལ་དེ་རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ལ་འབྲེལ་བ་ཡོད་པ་བརྗོད་ཡོད་པ་ཙམ་ལས་གཞན་གསལ་འདེབས་གང་ཡང་བྱས་མི་འདུག་ལ། རྒྱ་ནག་དྲིལ་བསྒྲགས་ལས་ཁུངས་ཀྱིས་མཉེན་ཆས་འཛིན་སྐྱོང་བྱེད་མཁན་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་གནས་ཚུལ་དེ་འདྲ་ཞིག་མེད་སྐོར་བརྗོད་ཡོད་འདུག

འདི་ལོའི་ལོ་མགོར་རྒྱ་ནག་གཞུང་གིས་ཞི་ཅིན་ཕིན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་ཞེས་པའི་ཞི་ཅིན་ཅིན་གྱི་གཏམ་བཤད་ཁག་དང་། རྒྱ་ནག་གཞུང་གི་ལངས་ཕྱོགས་ཐོག་མི་མང་ལ་གོ་རྟོགས་སྤེལ་བའི་མཉེན་ཆས་དེ་བསྒྲགས་པ་ནས་བཟུང་། མཉེན་ཆས་དེ་ཕབ་ལེན་བྱེད་མཁན་ས་ཡ་ ༡༠༠ ཙམ་བྱུང་སྟེ་རྒྱ་ནག་ནང་མཉེན་ཆས་ཕབ་ལེན་གྲངས་མང་ཤོས་དེ་ཆགས་ཡོད་འདུག་ལ། དེ་ནང་འཇུག་བྱེད་སྐབས་ངེས་པར་དུ་དངོས་མིང་དང་ཁ་པར་ཨང་གྲངས་དགོས་ཀྱི་ཡོད་པ་རེད། པེ་ཅིན་གྱི་ཁྲིམས་ལུགས་ཚོགས་པ་དང་པེ་ཅིན་སློབ་གྲྭ་ཆེན་མོ། ཅི་ནན་ཞིང་ཆེན་ (Jinan) གྱི་སྤྱི་སྤྱོད་རླངས་འཁོར་ཚོགས་པ་སོགས་ལ་མཉེན་ཆས་དེ་ཕབ་ལེན་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ཉེ་ཆར་པེ་ཅིན་གྱི་གསར་འགོད་པ་ཚོར་ལག་འཁྱེར་བསྐྱར་གསོ་ཡོང་བར་ཞི་ཅིན་ཕིན་གྱི་བསམ་བློ་ཅི་ཙམ་རྟོགས་ཡོད་མེད་ཀྱི་ཡིག་རྒྱུགས་གཏོང་རྒྱུ་ཡིན་པའི་བརྡ་ཁྱབ་སྤེལ་ཡོད་པ་མ་ཟད། སྲིད་བྱུས་དེ་མི་འགྱངས་བར་རྒྱལ་ཡོངས་སུ་ལག་བསྟེར་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༠/༡༨

Leave a Reply

One thought on “རྒྱ་ནག་གཞུང་གིས་མཉེན་ཆས་བརྒྱུད་མི་སྒེར་གྱི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་འདུག་ཟེར།