དཔྱད་སྒོམ་ཐོག་ནས་སློབ་སྦྱོང་བྱ་ཐུབ་ཚེ་ནང་ཆོས་འདི་འབྱུང་འགྱུར་ལོ་གཉིས་བརྒྱ་གསུམ་བརྒྱ་གནས་ཐུབ་རྒྱུ་རེད།

ཕྱི་ཚེས་ ༢༣ ནས་ཉིན་གྲངས་༢ རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཀའ་རྙོག་ཅན་གྱི་རྒྱལ་ཁབ་ ༡༡ ནས་ཕེབས་པའི་ན་གཞོན་ཞི་བདེ་འཛུགས་སྐྲུན་པ་ཚོ་དང་མཉམ་དུ་དྲག་སྤྱོད་དང་དཀའ་རྙོག་ལ་གདོང་ལེན་བྱེད་ཕྱོགས་སྐོར་ནས་བཀའ་མོལ་དང་བགྲོ་གླེང་གནང་རྒྱུ་ཡིན་འདུག 

ཁ་སང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ་ཨེ་ཤ་ཡའི་རྒྱལ་ཁབ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ཝན།  ཐཱ་ལན་ཌི། འབར་མ། སིན་ཧ་ལ། བྷང་ལ་དྷེ་ཤི། ཨ་རི།  རྒྱ་གར།  སུད་སི། ཧང་གྷ་རེ་།  སུ་ཝེ་ཌན་སོགས་རྒྱལ་ཁབ་བཞི་བཅུ་ནས་ཕེབས་པའི་ཡེ་ཤུ་དང་། ནང་པ། ཧིན་དུ། ཁ་ཆེ་སོགས་ནས་ཕེབས་པའི་ནང་པའི་མཛའ་འབྲེལ་ཚོགས་པའི་(International Network of Engaged Buddhists)ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་ཆོས་ལ་དད་པ་གཙོ་བོར་བྱས་ནས་མ་ཡིན་པར་དཔྱད་སྒོམ་ཐོག་ནས་སློབ་སྦྱོང་བྱས་པ་ཡིན་ན། ནང་ཆོས་དེ་འབྱུང་འགྱུར་ལོ་གཉིས་བརྒྱ་གསུམ་བརྒྱ་གནས་ཐུབ་རྒྱུ་ཡིན་པ་དང་། དད་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ཕྱིན་པ་ཡིན་ན་ནང་ཆོས་འདི་མི་རབས་གཅིག་གཉིས་རྗེས་ནས་ཡལ་འགྲོ་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ངོས་ཀྱིས་ནང་པའི་ཆོས་གྲོགས་ཚོར་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་པ་བརྗོད་ཀྱི་ཡོད་ཅེས་གསུངས་འདུག

གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་ཚང་མས་བདེ་བ་འདོད་ཀྱང་དེང་སྐབས་ང་ཚོར་དཀའ་ངལ་ཧ་ཅང་མང་པོ་ཞིག་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་ཕལ་ཆེ་བ་ང་ཚོ་རང་གིས་བཟོས་པ་རེད།  དེ་ནི་ང་ཚོ་དང་ཁོ་པ་ཚོ།  ཞེས་ཆགས་སྡང་གི་བློ་ཤུགས་ཆེ་དྲག་པ་ལས་བྱུང་བ་རེད། ཆོས་དད་ལ་མཚོན་ནའང་ང་ཚོའི་ཆོས་དང་ཁོ་པ་ཚོའི་ཆོས། ཟེར་ནས་དབྱེ་འབྱེད་ཀྱི་བློ་ཧ་ཅང་ཤུགས་དྲག་པོ་འཛིན་བཞིན་ཡོད། སྐབས་རེ་ཆོས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་ཡོང་བཞིན་ཡོད། ཨ་རབ་དང་སེ་རི་ཡའི་ས་ཁུལ་ལ་གཟིགས་དང་། ཁ་ཆེའི་ཆོས་ལུགས་གཅིག་གྱུར་ཡིན་ཡང་ཤི་ཡ་དང་སུན་ནི་དབར་རྙོག་གྲ་གང་འདྲ་འདུག་གམ།  ཕྱོགས་མཚུངས་ཨབ་གྷ་ནི་སི་ཐན་ནང་དེ་མཚུངས་རྙོག་གྲ་ཧ་ཅང་འདུག ངོས་ཀྱི་འགན་ཁུར་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་བྱ་རྒྱུ་དེ་རེད། ཅེས་གསུངས་འདུག

དེ་བཞིན་ཐེག་ཆེན་དང་ཐེན་དམན་ཞེས་དབྱེ་བ་ཕྱེ་རྒྱུ་མེད་པའི་སྐོར་ལ་ཁོང་ཉིད་ཀྱིས། ཐེག་པ་དམན་པ་ཟེར་བའི་སྐད་ཆ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་ཞིག་རེད།  དེ་ལ་བརྟེན་ནས་མཐོང་ཚུལ་ཞིག་ཡོང་གི་འདུག  པཱ་ལིའི་གཞུང་འདི་ནང་ཆོས་ཀྱི་རྨང་གཞི་ཡིན། ལེགས་སྦྱར་གྱི་ཆོས་བརྒྱུད་དེ་ནི་རིག་པའི་རྗེས་སུ་འབྲངས་ནས་འགྲོ་བ་རེད།  ད་ཆ་པཱ་ལིའི་ཆོས་བརྒྱུད་དང་ལེགས་སྦྱར་ཆོས་བརྒྱུད་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་རྒྱུའི་དུས་ལ་བབ་ཡོད།  དེའི་ཐོག་ནས་ནང་ཆོས་འདི་ཚན་རིག་དང་ལྷན་དུ་འགྲོ་ཐུབ་པ་རེད།  གལ་ཏེ་ང་ཚོས་ནང་ཆོས་འདི་དད་པ་གཙོ་བོར་བྱས་ནས་མ་ཡིན་པར་དཔྱད་སྒོམ་ཐོག་ནས་སློབ་སྦྱོང་བྱ་ཐུབ་ཚེ་ནང་ཆོས་འདི་འབྱུང་འགྱུར་ལོ་གཉིས་བརྒྱ་གསུམ་བརྒྱ་གནས་ཐུབ་རྒྱུ་རེད། དད་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ཕྱིན་པ་ཡིན་ན་ནང་ཆོས་འདི་མི་རབས་གཅིག་གཉིས་རྗེས་ནས་ཡལ་འགྲོ་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ངོས་ཀྱིས་ནང་པའི་ཆོས་གྲོགས་ཚོར་དུས་རབས་ ༢༡ ནང་པ་ཞིག་བྱེད་དགོས་པར་བརྗོད་ཀྱི་ཡོད། ནང་ཆོས་ལ་སློབ་གཉེར་བྱས་ནས་མིའི་ཕུལ་དུ་བྱུང་བའི་རྣམ་དཔྱོད་དེ་བཀོལ་སྤྱོད་ཚུལ་བཞིན་བྱེད་ཐུབ་པ་དགོས།ཞེས་གསུངས་འདུག

གཞན་ཡང་ངོས་ཀྱིས་གོང་དུ་བརྗོད་པ་ལྟར་དེང་སྐབས་འཛམ་གླིང་ནང་རྙོག་གྲ་ཧ་ཅང་ཡོད། རྙོག་གྲ་དེ་དག་ང་ཚོ་མིས་བཟོས་པ་རེད། སེམས་ཞི་བདེ་ཡོང་ཆེད་ཆོས་ལུགས་གཙོ་ཆེ་བ་ཚང་མས་བསླབ་བྱ་སྐྱོན་བཞིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དེ་དག་གཙོ་བོ་དད་པའི་རྗེས་སུ་འབྲངས་བ་རེད། འོན་ཀྱང་ནང་ཆོས་དེ་དད་པ་ཙམ་གྱི་རྗེས་སུ་འབྲང་གི་མེད། རིག་པའི་ལམ་ནས་དཔྱད་པ་བྱེད་ཀྱི་ཡོད།  དེར་བརྟེན་ད་ལྟའི་འཛམ་གླིང་ནང་གི་ནང་པ་ཚོར་ནང་གི་བསམ་བློ་དུལ་བའི་ཐོག་ནས་འཛམ་གླིང་ཞི་བདེ་སྐྲུན་རྒྱུའི་དམིགས་བསལ་འགན་ཞིག་འདུག སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་པའི་ནང་ཆོས་ནང་ང་ཚོས་རྒྱུན་དུ་མ་རྒན་སེམས་ཅན་ཐམས་ཅད། ཟེར་སྲོལ་ཡོད། བརྗོད་བབ་འདི་ཞི་བདེའི་ཁོར་ཡུག་སྐྲུན་རྒྱུར་ཕན་ཐོགས་ཧ་ཅང་འདུག ཆོས་ཁས་ལེན་མིན་དང་ཆོས་ལུགས་གང་གི་རྗེས་སུ་འབྲངས་དང་མ་འབྲངས་ཟེར་བ་དེ་སྒེར་སོ་སོའི་རང་དབང་རེད། དེ་ནི་རིམ་པ་གཉིས་པའི་གནས་སྟངས་རེད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད།

མཇུག་ཏུ་ཁོང་ཉིད་ཀྱིས། ངོས་རང་མི་ཞིག་ཡིན་པའི་ཆ་ནས་ངོས་ཀྱི་ལས་འགན་དང་པོ་དེ་འཛམ་གླིང་ནང་གི་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་ལ་མི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུ་འདི་ཡིན། དེ་ནས་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། ཞེས་བཀའ་སློབ་སྩལ་ཡོད་པ་དང་། དགའ་ལྡན་ཕོ་བྲང་དྲ་རྒྱར་བཀོད་པའི་མཛད་འཆར་ལྟར་ན། ཕྱི་ཚེས་ ༢༣ ནས་ ༢༤ བར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དཀའ་རྙོག་ཅན་གྱི་རྒྱལ་ཁབ་ ༡༡ ནས་ཕེབས་པའི་ཞི་བདེ་འཛུགས་སྐྲུན་པ་ན་གཞོན་ ༢༦ དང་ལྷན་དུ་དཀའ་རྙོག་དང་དྲག་སྤྱོད་ལ་གདོང་ལེན་དང་མི་སྒེར་གྱི་ཞི་བདེ་སོགས་ཀྱི་སྐོར་ནས་བཀའ་མོལ་དང་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༤ ནས་༦ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་ཤེ་རབ་སྙིང་བོའི་བཀའ་ཆོས་གསུང་གནང་རྒྱུ་བཅས་ཡིན་འདུག

མཆན། པར་རིས་ཁག་དགའ་ལྡན་ཕོ་བྲང་དྲ་རྒྱ་ནས་བླངས།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༩/༡༠/༢༢

Leave a Reply