ཨ་རིས་ཊར་ཀི་གཞུང་ལ་དམག་མཚམས་འཇོག་ཏུ་བཅུག་ནས་གྲུབ་འབྲས་བླངས་ཡོད་ཟེར།

ཨ་རིའི་གཞུང་གིས་སི་རི་ཡའི་ནང་གི་དམག་དཔུང་ཕྱིར་འཐེན་བྱས་ཏེ་ཉིན་གསུམ་ལས་མ་འགོར་བར་ཊར་ཀིའི་དམག་གིས་སི་རི་ཡའི་ནང་དཔུང་འཇུག་བྱས་ནས་མི་མང་དཀྱུས་མ་དང་ཡུལ་དམག་མང་པོའི་ཚེ་སྲོག་ཤོར་ཡོད་འདུགཁ་སང་ཊར་ཀི་གཞུང་གིས་བྱང་བརྒྱུད་སི་རི་ཡའི་ཁུལ་དུ་དམག་མཚམས་བཞག་སྟེ་དམག་དཔུང་གཏན་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་པར་བརྟེན། ཉེ་སྔོན་ཨ་རིའི་གཞུང་ནས་ཊར་ཀིའི་ཚོང་ཟོག་ལ་རྒྱལ་ཁྲལ་བརྒྱ་ཆ་ ༥༠ སྤར་ཡོད་པ་དང་། ཊར་ཀིའི་མཐོ་རིམ་དཔོན་རིགས་ལ་བཀལ་བའི་ཉེས་ཆད་རྣམས་ཕྱིར་འཐེན་བྱས་ཡོད་སྐོར་གསལ་བསྒྲགས་བྱས་འདུག ཐེངས་འདིའི་ཊར་ཀིའི་དམག་གི་དཔུང་འཇུག་ཁྲོད་སི་རི་ཡའི་མི་མང་དཀྱུས་མ་དང་། ཕྱོགས་གཉིས་ཀྱི་དམག་མི་བཅས་མི་གྲངས་ ༥༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རིའི་དམག་དཔུང་སི་རི་ཡའི་མཐའ་མཚམས་ནས་གློ་བུར་ཕྱིར་འཐེན་གནང་བ་དེ་ནོར་འཁྲུལ་ཡིན་པའི་སྐྱོན་བརྗོད་དྲག་པོ་བྱས།

ཁ་སང་ཊར་ཀི་གཞུང་གིས་དམག་མཚམས་གཏན་དུ་འཇོག་རྒྱུ་ཡིན་པའི་ཐག་གཅོད་དེ་ཕྱིར་བསྒྲགས་བྱས་རྗེས། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཁྱེད་ཚོས་འདས་པའི་ཉིན་གྲངས་ལྔའི་རིང་སི་རི་ཡའི་ (Syria) ས་མཚམས་ཁུལ་དུ་ཨ་རིའི་རོགས་འདེགས་ལ་བརྟེན་ནས་དམག་མཚམས་བཞག་ཐུབ་ཡོད་པ་མཐོང་ཡོད། དེ་མི་ཕལ་ཆེ་བའི་བསམ་ཡུལ་ལས་བརྒལ་ཡོད། ཅེས་དང་། དེ་རིང་ཞོགས་པར་ཊར་ཀི་ (Turkey) གཞུང་གིས། ཁོ་ཚོས་སི་རི་ཡའི་ནང་དཔུང་འཇུག་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། ད་ལྟའི་དམག་མཚམས་དེ་གཏན་འཇགས་བཟོ་རྒྱུ་ཡིན་པའི་བརྡ་ལན་ཞིག་ངའི་འཛིན་སྐྱོང་ལ་སྤྲད་པ་ལྟར། ངས་དམག་མཚམས་གཏན་དུ་འཇོག་རྒྱུར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ད་ལན་གྱི་གྲུབ་འབྲས་འདི་ནི་ཨ་རིས་བླངས་པ་ཞིག་ལས་རྒྱལ་ཁབ་གཞན་སུས་ཀྱང་བླངས་པ་ཞིན་མིན་ཞེས་གསུངས་ཏེ། ཨ་རིས་ཊར་ཀི་ལ་དཔལ་འབྱོར་ཉེས་ཆད་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགཟླ་འདིའི་ཕྱི་ཚེས་ ༦ ཉིན་གློ་བུར་དུ་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་འདས་པའི་ལོ་ངོ་ ༥ རིང་བྱང་བརྒྱུད་སི་རི་ཡའི་ཁུལ་དུ་ཁ་ཆེའི་ཚོགས་པ་ (Islamic State)ལ་རྒོལ་རྡུང་གཏོང་བཞིན་པའི་ཨ་རིའི་དམག་དཔུང་ཡོངས་རྫོགས་ཁུལ་དེ་ནས་ཕྱིར་འཐེན་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། སི་རི་ཡ་དང་ས་འབྲེལ་དུ་ཁེལ་བའི་ཊར་ཀིའི་གཞུང་ནས་སི་རི་ཡའི་ནང་དཔུང་འཇུག་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་ཀྱང་། ཨ་རིའི་དམག་དཔུང་རྣམས་ཕྱིར་འཐེན་བྱས་ཏེ་ཉིན་གྲངས་གསུམ་མ་འགོར་བར། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནས་ཊར་ཀིའི་མཁའ་དམག་གིས་བྱང་བརྒྱུད་སི་རི་ཡའི་ཁུལ་དུ་འཕུར་མདེལ་འཕངས་ཏེ། ཨ་རིའི་མཐུན་ཕྱོགས་ཀར་ཌི་ཤིའི་མི་མང་སྲུང་སྐྱོབ་རུ་ཁག་ (People’s Protection Units) གམ། སི་རི་ཡའི་དམངས་གཙོའི་དཔུང་དམག་ (Syrian Democratic Forces) གི་ཐོག་ལ་དཔུང་འཇུག་བྱས་ཡོད་པ་དང་། ཕྱི་ཚེས་ ༡༣ བར་ཁུལ་དེའི་མི་གྲངས་འབུམ་ ༡ དང་ཕྱེད་ཀ་ལྷག་གནས་སྤོས་བྱེད་དགོས་བྱུང་ཡོད་པ་མ་ཟད། དམག་འཐབ་ཁྲོད་མི་མང་དཀྱུས་མ་དང་དམག་མི་ཕོན་ཆེན་རྐྱེན་འདས་སུ་ཕྱིན་ཡོད་སྟབས། སྲིད་འཛིན་ཊོམ་ཕུ་མཆོག་གི་དམག་དཔུང་ཕྱིར་འཐེན་གྱི་ཐག་གཅོད་དེར་ཀར་ཌི་ཤིའི་ཤོག་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་དང་།  ཨ་རིའི་ནང་དུ་ཡང་སྤྱི་མཐུན་ཚོགས་པ་ཚུད་པའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་དམག་དོན་མི་སྣ་མང་པོས་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། དབྱེ་ཞིབ་པ་མང་པོས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པ་དེས་ཁུལ་དེར་ཁ་ཆེའི་ཐལ་སྤྱོད་ཚོགས་པ་བསྐྱར་གསོ་ཡོང་རྒྱུའི་ཉེན་ཁ་ཡོད་པ་མ་ཟད།  ཊར་ཀིས་ཨ་རིའི་མཐུན་ཕྱོགས་ཀར་ཌི་ཤིའི་ཤོག་ཁག་ལ་དཔུང་འཇུག་བྱ་ངེས་ཡིན་པའི་ཉེན་བརྡའང་བཏང་ཡོད་འདུགཊར་ཀིས་ད་ཐེངས་སི་རི་ཡའི་ནང་གི་ཀར་ཌི་ཤིའི་ཤོག་ཁག་ལ་དཔུང་འཇུག་བྱས་དོན་གཙོ་བོ་ནི། ཀར་ཌི་ཤིའི་ཤོག་ཁག་དེ་ལོ་ངོ་བཅུ་ཕྲག་རིང་ཊར་ཀིའི་ནང་གྱེན་ལོག་བྱེད་མཁན་གྱི་ཀར་ཌི་ཤིའི་འཇབ་དམག་རུ་ཁག་ཀར་ཌི་སི་ཐན་ངལ་རྩོལ་ཚོགས་པ་ (Kurdistan Workers’ Party) ཞེས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཊར་ཀི་དང་ཨ་རིས་ཀར་ཌི་སི་ཐན་ངལ་རྩོལ་ཚོགས་པ་ཟེར་བ་དེ་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཊར་ཀིར་མཚོན་ན་ཀར་ཌི་ཤིའི་ཤོག་ཁག་གིས་ཊར་ཀིའི་ས་མཚམས་དང་ཉེ་བའི་ས་ཁུལ་ཁག་སྟངས་འཛིན་བྱེད་བཞིན་པ་དེ་ནི་ཊར་ཀིའི་བདེ་སྲུང་ལ་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་པ་སྟེ། ས་ཁུལ་དེ་དག་ཊར་ཀི་ནས་བྲོས་བྱོལ་དུ་འགྲོ་མཁན་ཚོའི་གབ་སའམ། ཡང་ན་ཊར་ཀིའི་ནང་གྱེན་ལོག་བྱེད་མཁན་ཚོའི་རྟེན་གཞི་ཞིག་ཏུ་འགྱུར་སྲིད་པར་ཞེད་སྣང་བྱེད་ཀྱི་ཡོད་པ་ལྟར། ཉེ་ཆར་ཊར་ཀིའི་རྒྱལ་སྲུང་བློན་ཆེན་གྱིས་བཅར་འདྲི་ཞིག་གི་སྟེང་། ཊར་ཀིས་ནམ་ཡང་རང་གི་རྒྱལ་སྲུང་དང་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཚོ་ཕམ་ཉེས་གཏང་རྒྱུ་ཡིན་པ་ལས། དཔལ་འབྱོར་ཉེས་ཆད་ཀྱི་འཇིགས་སྐུལ་ལ་མགོ་སྒུར་རྒྱུ་མིན་སྐོར་སོགས་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིས་ཊར་ཀིའི་རྒྱལ་སྲུང་བློན་ཆེན་ལ་ཉེས་ཆད་བཅད་ཡོད་པ་མ་ཟད། ཨ་རིར་ནང་འདྲེན་བྱེད་བཞིན་པའི་ཡུལ་དེའི་ལྕགས་རིགས་ལ་རྒྱལ་ཁྲལ་བརྒྱ་ཆ་ ༥༠ སྤར་རྒྱུ་ཡིན་པ་དང་། ད་ལྟ་འགྲོ་བཞིན་པའི་ཨ་རི་དང་ཊར་ཀིའི་བར་གྱི་ཨ་སྒོར་ཐེར་འབུམ་ ༡ གི་ཚོང་འབྲེལ་གྲོས་མོལ་དེ་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ལ། ཊར་ཀིས་འཕྲལ་དུ་དམག་མཚམས་མ་བཞག་ཚེ་དཔལ་འབྱོར་ཉེས་ཆད་ཇེ་ཆེར་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཉིན་ཤས་རྗེས་ཊོམ་ཕུ་མཆོག་གིས་སྲིད་འཛིན་གཞོན་པ་མེག་པེན་སི་ (Mike Pence)མཆོག་དང་། རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ (Mike Pompeo)མཆོག་རྣམ་གཉིས་ཊར་ཀིར་མངག་གཏོང་གིས་གནས་སྟངས་ཞི་འཇགས་ཡོང་ཐབས་གནང་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཊར་ཀིས་ཉིན་གྲངས་ལྔ་རིང་སི་རི་ཡའི་ཁུལ་དུ་དམག་མཚམས་འཇོག་རྒྱུ་ཡིན་པ་དང་། དུས་ཡུན་དེའི་ནང་ཀར་ཌི་ཤིའི་ཤོག་ཁག་གི་དམག་མི་རྣམས་སི་རི་ཡའི་ས་མཚམས་ནས་རྒྱང་ཐག་སྤྱི་ལེ་ ༣༢ བར་ཕྱིར་བསྣུར་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།ཨ་རིའི་དམག་སི་རི་ཡའི་ས་མཚམས་ནས་ཕྱིར་འཐེན་བྱས་པ་དང་བསྟུན། སི་རི་ཡའི་གཞུང་གི་དམག་དོན་མནའ་འབྲེལ་རྒྱལ་ཁབ་ཨུ་རུ་སུས་ད་ལྟའི་གནད་དོན་ལ་ཐེ་གཏོགས་བྱེད་པའི་མགོ་བཙུགས་ཡོད་པ་མ་ཟད། ཊར་ཀིས་སི་རི་ཡའི་ནང་དཔུང་འཇུག་བྱས་པ་དེ་སྣང་མེད་འཇོག་རྒྱུ་མིན་སྐོར་བརྗོད་དེ། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། ཊར་ཀིའི་སྲིད་འཛིན་རཱི་སིབ་ཊི་ཡབ་ཨིར་ཌོ་གྷན་ (Recep Tayyip Erdogan)ལ་ཐུག་འཕྲད་ཀྱིས་གྲོས་ཆོད་བཞག་སྟེ། ཨུ་རུ་སུ་དང་ཊར་ཀིའི་དམག་གཉིས་ཀྱིས་ཀར་ཌི་ཤིའི་ཤོག་ཁག་རྣམས་སི་རི་ཡའི་ས་ཚམས་ནས་རྒྱང་ཐག་སྤྱི་ལེ་ ༣༠ བར་ཕྱིར་བསྣུར་བྱ་རྒྱུར་རོགས་འདེགས་བྱ་རྒྱུ་དང་། དེ་བཞིན་དཔུང་འཇུག་སྐབས་ཊར་ཀིས་བཟུང་བའི་སི་རི་ཡའི་ས་ཁུལ་རྣམས་མུ་མཐུད་ཊར་ཀིའི་དམག་གི་ལྟ་སྲུང་བྱ་རྒྱུ་སོགས་ཁས་ལེན་བྱས་ཡོད་པ་དེར། ཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ཀར་ཌི་ཤིའི་ཤོག་ཁག་གི་གཙོ་འཛིན་མེ་ཇོ་ལོམ་ཨབ་དྷི་(Maxloum Abdi) ཡིས་རང་གི་ཊི་ཝི་ཊར་དྲ་ལམ་ནས་སྲིད་འཛིན་ཊོམ་ཕུ་མཆོག་དང་། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཉིས་ལ་ཀར་ཌི་ཤི་རྣམས་དམག་འཐབ་ལས་སྲུང་བར་ཐུགས་རྗེ་ཆེ་ཞུས་ཡོད་འདུག ཡིན་ཡང་། ཨུ་རུ་སུ་དང་ཊར་ཀིའི་བར་ལ་བཞག་པའི་གྲོས་ཆོད་དེར་མོས་མཐུན་ཡོད་མེད་གང་ཡང་བརྗོད་མེད་འདུག

བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་གྲངས་ཐོ་ལྟར་ན། ད་ཐེངས་ཊར་ཀིས་བྱང་བརྒྱུད་སི་རི་ཡའི་ཁུལ་དུ་དཔུང་འཇུག་བྱས་པ་དེས་ཁྱོན་མི་མང་དཀྱུས་མ་ ༡༢༠ ལྷག་དང་། ཀར་ཌི་ཤིའི་ཤོག་ཁག་གི་དམག་མི་ ༢༥༩ ལྷག ཊར་ཀིས་རྒྱབ་སྐྱོར་བྱས་པའི་སི་རི་ཡའི་གྱེན་ལོག་ཤོག་ཁག་གི་དམག་མི་ ༡༩༦ དང་། ཊར་ཀིའི་དམག་མི་ ༧ བཅས་རྐྱེན་འདས་སུ་སོང་ཡོད་པ་དང་། ཡང་ཊར་ཀའི་གཞུང་འབྲེལ་མི་སྣས། ད་ལན་ཀར་ཌི་ཤིའི་དམག་གིས་ཊར་ཀིའི་ནང་མི་མང་དཀྱུས་མ་ ༢༠ རྐྱེན་འདས་བཏང་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༠/༢༤

Leave a Reply