སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

ནོར་བསམ།

སྐད་ཡིག་སྦྱོང་མཁན་ཞིག་ལ་མཚོན་ན། ལོ་ཆུང་དུས་སྦྱོང་བ་དང་། ལོ་ཆེན་པོ་ཆགས་རྗེས་སྦྱོང་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ཡོངས་གྲགས་སུ་ཕྲུ་གུ་ཚོས་སྐད་ཡིག་ག་རེ་སྦྱང་ནའང་མི་རྒན་པ་ལས་ཤེས་སླ་བ་མ་ཟད། སྒྲ་གདངས་གསལ་བ་དང་། རང་ཉིད་ཀྱི་སྐད་ཡིག་དང་པོའི་ཐོག་སྐད་ཆ་བཤད་པ་ལྟ་བུ་ཡོང་ཐུབ་རྒྱུར་རེ་བ་ཆེ་བ་ཡོད་པར་ངོས་འཛིན་བྱེད། འོན་ཀྱང་། ཕྲུ་གུ་ཚོས་མི་རྒན་པ་ལས་སྐད་ཡིག་འདྲ་མིན་ཤེས་སླ་བའི་རྒྱུ་མཚན་གང་ཡིན་ཐད་བསམ་གཞིགས་བྱ་མཁན་དཀོན། ང་ཚོ་མི་མང་པོས་གནས་ཚུལ་མང་པོ་ཞིག་ཡིན་ཤག་བྱས་པ་དང་། ཆ་བཞག་པ་ཙམ་ལས་དངོས་སུ་རྟོག་ཞིབ་བམ་སློབ་སྦྱོང་བྱས་ནས་ངེས་ཤེས་རྙེད་ཐབས་བྱ་མཁན་མང་པོ་མ་རེད།

ཕྲུ་གུ་ཚོས་སྐད་ཡིག་སྦྱོང་སྐབས་ཤེས་སླ་པོ་ཡོད་པའི་སྐོར་དཔེ་མཚོན་ཞིག་འབྲི་ན་འདི་ལྟར། འཛམ་གླིང་ཤར་ཕྱོགས་ཡུལ་ཁག་ནས་ནུབ་ཕྱོགས་སུ་གཞིས་སྤོས་བྱེད་མཁན་མང་པོ་ཡོད་པའི་ཁྲོད་བོད་པ་ཡང་ཚུད་ཡོད་པ་དང་། གཞིས་སྤོས་བྱེད་མཁན་ཁྱིམ་ཚང་གཅིག་གི་ནང་ལ་ནང་མི་ཚང་མས་ཐོག་མར་སྐད་ཡིག་གཉིས་པའམ། ཡུལ་ལུང་སོ་སོའི་སྐད་ཡིག་མི་ཤེས་ནའང་། ཟླ་ཤས་དང་། ལོ་ཤས་རྗེས་སུ་ཕྲུ་གུ་དང་། ཕ་མའི་ཨིན་ཇིའི་སྐད་ཡིག་ཤེས་ཚད་དབར་ལ་ཁྱད་པར་ཆེན་པོ་ཡོང་གི་ཡོད་པ་མངོན་སུམ་མྱོང་བས་སྒྲུབ་ཡོད། ཕྲུ་གུས་སྐད་ཡིག་གཉིས་པ་མི་རྒན་པ་ཚོ་ལས་མགྱོགས་པ་དང་ལེགས་པ་ཤེས་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། ཕྲུ་གུ་ཚོས་རང་ཉིད་ཀྱི་སྦྱོང་རྒྱུའི་སྐད་ཡིག་དེ་ཉིད་ཕ་སྐད་ཀྱི་ངོ་བོར་སྐད་ཆ་ཤོད་མཁན་གྱི་མི་དང་སྐད་ཆ་མང་བ་ཤོད་པ་སོགས་འབྲེལ་འདྲིས་ཆེ་བ་བྱེད་ཐུབ་ཀྱི་ཡོད། དེ་བཞིན་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སྐབས་འཛིན་ཁང་ནང་སྐད་ཡིག་གཉིས་པ་སྦྱང་བ་གཅིག་པུ་མིན་པར། བར་གསེང་སྐབས་མི་རིགས་འདྲ་མིན་གྱི་ཕྲུ་གུ་དང་མཉམ་དུ་རྩེད་མོ་རྩེ་སྐབས་འཛེམས་ཟོན་མེད་པར་སྐད་ཡིག་གཉིས་པའི་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ད་དུང་། ཕྲུ་གུས་སྐད་ཡིག་གཉིས་པ་བེད་སྤྱོད་གཏོང་སྐབས་ནོར་ཡོང་བསམ་པའི་ཞེད་སྣང་དང་འཚེར་སྣང་མི་རྒན་པ་ལས་ཉུང་བ་ཡོད།

མི་རྒན་པས་སྐད་ཡིག་སྦྱོང་སྐབས་མི་ཚེའི་ཉམས་མྱོང་ཐོག་ནས་ཐབས་ལམ་འདྲ་མིན་ཐོག་ནས་སྐབས་རེར་ཕྲུ་གུ་ལས་སྐད་ཡིག་མགྱོགས་པ་སྦྱོང་ཐུབ་ཀྱི་ཡོད་ནའང་། ཕྲུ་གུ་ནང་བཞིན་སྒྲ་གདངས་གསལ་པོ་འདོན་ཐུབ་གྱི་མེད། དཔེར་ན། ནུབ་ཕྱོགས་ཡུལ་ཁག་ལ་སླེབས་པའི་བོད་ཕྲུག་ཚོས་ཨིན་སྐད་བརྒྱབ་པ་དང་། ཕ་མ་ཚོས་ཨིན་སྐད་བརྒྱབ་པའི་སྐབས་སྒྲ་གདངས་གསལ་པོ་དང་། ཕ་སྐད་ཇི་བཞིན་ཡོང་མིན་ལ་ཁྱད་པར་ཆེན་པོ་ཡོད། དེ་བས་ཕྲུ་གུ་ལོ་ ༢ ནས་ ༩ བར་ལ་སོན་པ་ཚོས་སྐད་ཡིག་གང་ཞིག་སྦྱོང་ནའང་ཕ་སྐད་ཇི་བཞིན་སྒྲ་གདངས་ཐོན་རྒྱུར་རེ་བ་དང་ནུས་པ་ཆེ་བ་ཡོད་པ་བརྗོད་ཀྱི་ཡོད་སྟབས་བོད་ཕྲུག་ཆུང་ཆུང་སྐབས་ནས་བོད་སྐད་ཤོད་དུ་འཇུག་རྒྱུ་ནི་གལ་ཆེན་ཡིན་པ་ངོས་འཛིན་ཐུབ་དགོས། སྐད་ཡིག་སློབ་ཁྲིད་སྐབས་སུ་ཕྲུ་གུའི་ཉན་རྩལ་ཡར་རྒྱས་གཏོང་རྒྱུར་བརྙན་ཐུང་སྟོན་དགོས། ཡིན་ནའང་། བརྙན་ཐུང་གི་རིང་ཐུང་དང་། ནང་དོན་སོགས་ཕྲུ་གུའི་སེམས་ཁམས་དང་ལོ་ཚད་མཐུན་མིན་ལ་ངེས་པར་བསམ་བློ་གཏོང་དགོས། གལ་སྲིད་ཁྱེད་རང་གིས་བརྙན་ཐུང་ཚད་ལྡན་ཡག་པོ་གཅིག་སྟོན་ཐུབ་པ་ཡིན་ན། རྗེས་སུ་ཕ་མ་དང་དགེ་རྒན་གྱིས་ཕྲུ་གུར་ཆེད་དུ་བརྙན་ཐུང་སྟོན་མི་དགོས་པར་ཕྲུ་གུ་རང་ངོས་ནས་དོ་སྣང་དང་སྤྲོ་སྣང་གིས་བལྟ་ཉན་བྱེད་ངེས།

དགེ་རྒན་དང་ཕ་མའི་ལས་འགན་གཙོ་བོ་ནི་མེ་ཚག་སྤོར་རྒྱུ་དེ་རེད། མེ་ཚག་སྤོར་ཐུབ་ན་མེ་རང་བཞིན་གྱིས་འབར་ངེས། དེ་བས་དགེ་རྒན་དང་ཕ་མ་ཚོས་ཕྲུ་གུས་སྦྱོང་རྒྱུའི་སྐད་ཡིག་དེར་སྤྲོ་བ་སླེབས་ཐབས་སུ་འབད་དགོས། ངས་དཔེ་མཚོན་གཅིག་འབྲི་འདོད་བྱུང་། ཁེ་ན་ཌ་ཀེལ་གྷི་རིར་ཕྲན་གྱི་གྲོགས་པོ་ཞིག་ལ་ཕྲུ་གུ་གཉིས་ཡོད། ཕྲུ་གུས་བོད་ཡིག་བརྙན་དེབ་ཀློག་རྒྱུའི་ཆེད་དུ་ཁོང་གིས་རྒྱ་གར་ནས་བྱིས་པའི་བརྙན་དེབ་མང་པོ་ཉོས་པ་དང་། ཕྲུ་གུར་བསྟན་ནས་ཀློག་དུ་བཅུག་འདུག ཡིན་ནའང་། ཕྲུ་གུར་བསྟན་པའི་དེབ་དང་པོ་ནི་ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་གནང་བའི་བྱིས་པའི་བརྙན་དེབ་སོར་མོའི་ཕྲེང་བ་ཞེས་པའི་སྒྲུང་དེབ་དེ་ཡིན་པས། ཁོང་གི་བུ་མོས་དེབ་ཀྱི་མདུན་ཤོག་ཐོག་ལ་མི་ཞིག་གིས་གྲི་རིང་པོ་གནམ་ལ་འཕྱར་པའི་རི་མོ་མཐོང་བ་ཙམ་གྱིས་དེབ་ཀློག་འདུན་མ་བྱས་པ་ཚད། ཁོང་གིས་ཉོས་པའི་བོད་ཡིག་དེབ་གཞན་གྱིས་ཀྱང་ལྟ་ཀློག་བྱས་མ་སོང་ཟེར། ཕ་མ་དང་དགེ་རྒན་ཚོས་དེབ་ཀྱི་རི་མོ་དང་། སྐད་ཡིག སྒྲུང་བཅས་ཕྲུ་གུའི་སེམས་ཁམས་དང་མཐུན་མིན་ལ་ངེས་པར་ཐུགས་བསམ་བཞེས་དགོས། ངའི་གྲོགས་པོས་མེ་ཚག་སྤོར་ཐུབ་པ་ཡང་ཁོང་གིས་ཕྲུ་གུའི་སེམས་ཁམས་ལ་གཞིགས་ནས་དཔེ་དེབ་སྤྲད་ཐུབ་མེད་པ་དེ་རེད།

ཀློག་མཁན་རྣམ་པས་ཐུགས་སྣང་བྱུང་ཡོད་ངེས། གོང་གི་ཚིག་བརྗོད་ནང་ལ་ཕྲུ་གུའི་ལོ་ཚད་ཞེས་པ་ཡང་ནས་བསྐྱར་དུ་བརྗོད་ཡོད། ཕྲུ་གུའི་ལོ་ཚད་ལ་གཞིགས་ནས་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་དཔེ་མཚོན་ཁ་གསལ་སྙིང་བསྡུས་ཤིག་འབྲི་གི་ཡིན། དེ་ཡང་། ཕྲུ་གུ་ལོ་ཚད་རིམ་པ་གསུམ་ལ་དབྱེ་ནས་འབྲི་ཡི་ཡིན། དང་པོ། ཕྲུ་གུ་ལོ་ ༤ ནས་ ༦ བར་སོན་པ་དང་། གཉིས་པ། ཕྲུ་གུ་ལོ་ ༧ ནས་ ༩ བར་སོན་པ། གསུམ་པ། ཕྲུ་གུ་ལོ་ ༡༠ ནས་ ༡༢ བར་སོན་པ་སྟེ་སྡེ་ཚན་གསུམ་ཡོད། ཕ་མ་དང་དགེ་རྒན་ཚོས་ཕྲུ་གུའི་ལོ་ཚད་ལ་གཞིགས་ནས་སྐད་ཡིག་སློབ་ཁྲིད་བྱེད་སྟངས་མི་འདྲ་བ་ཡོད་པ་མཁྱེན་དགོས། སྡེ་ཚན་དང་པོ་ཕྲུ་གུ་ལོ་ ༤ ནས་ ༦ བར་ནི་སྔོན་འགྲོའི་འཛིན་གྲྭའམ་སློབ་གྲྭར་སླེབས་ཙམ་གྱི་སློབ་ཕྲུག་ཡིན་སྟབས། འཛིན་གྲྭ་མཐོ་བའི་སློབ་ཕྲུག་གིས་འཛིན་གྲྭ་ཚོགས་སྟངས་ལྟ་བུ་ཚོགས་ན་མི་འགྲིག་པར་དགེ་རྒན་ཕྲུ་གུ་མཉམ་དུ་བསྡད་ནས་སྒྲུང་བཤད་པ་དང་། གཞས་གཏོང་བ། རི་མོར་མཚོན་ཁྲ་གཏོང་དུ་འཇུག་པ་སོགས་ཀྱི་ཐབས་ལམ་བརྒྱུད་གཙོ་བོ་དགེ་རྒན་གྱིས་འཁྲིད་གཞིའི་སྐད་ཡིག་ཐོག་ནས་སློབ་ཚན་དང་འབྲེལ་བའི་སྐད་ཆ་གང་མང་ཤོད་དགོས་པ་དང་། སློབ་ཕྲུག་ཚོས་སྐད་ཡིག་གི་རྩལ་བཞི་ལས་ཉན་རྩལ་ཡར་རྒྱས་གཏོང་ཐབས་སུ་འབད་དགོས། ཕྲུ་གུ་ལོ་ ༧ ནས་ ༩ བར་སོན་པ་རྣམས་ལ་དགེ་རྒན་གྱི་འཁྲིད་གཞིའི་སྐད་ཡིག་ཐོག་ནས་སྐད་ཆ་བཤད་པ་གཅིག་པུ་མིན་པར་དྲི་བ་འདྲི་བ་དང་ལན་འདེབས་སུ་འཇུག་དགོས། ཡིན་ནའང་། ཕྲུ་གུ་ཚོས་ལན་འདེབས་རྒྱུར་རང་དབང་སྤྲོད་དགོས་པ་ལས་འགྲིག་མིན་བརྗོད་ནས་བཀག་འགོག་བྱེད་རྒྱུ་མེད། ཕྲུ་གུ་ཚོས་འཁྲིད་གཞིའི་སྐད་ཡིག་ཐོག་གང་བརྗོད་འདོད་པ་རྣམས་ཚིག་གི་མགོ་སྔ་འཁྲུག་པ་དང་། ཚིག་གི་གྲུབ་ཆ་མི་ཚང་བ་ཡོད་ནའང་། མུ་མཐུད་དེ་སྐད་ཆ་ཤོད་རྒྱུར་སེམས་ཤུགས་སྤར་དགོས། སྡེ་ཚན་གཉིས་པའི་ཕྲུ་གུ་ཚོས་སྐད་ཡིག་གི་རྩལ་བཞི་ལས་ཉན་རྩལ་དང་བཤད་རྩལ་ཡར་རྒྱས་ཡོང་བར་ནུས་པ་ཐོན་ངེས། སྡེ་ཚན་གསུམ་པའི་ཕྲུ་གུ་ལོ་ ༡༠ ནས་ ༡༢ བར་སོན་པ་རྣམས་ནི་སྡེ་ཚན་གོང་གཉིས་ལས་སྐད་ཆ་ཉན་རྒྱུའི་ནུས་པ་ཆེ་བའམ་རྒྱུན་རིང་བ་ཉན་ཐུབ་ཀྱི་ཡོད་པས། དགེ་རྒན་དང་ཕ་མ་ཚོས་འཁྲིད་གཞིའི་སྐད་ཡིག་ཐོག་ནས་བརྗོད་གཞི་འདྲ་མིན་ཐོག་ལ་ཕྲུ་གུ་མཉམ་དུ་སྐད་ཆ་ཤོད་དགོས། སྐབས་རེར་མི་རྒན་པ་ཚོས་ཕྲུ་གུར་སྐད་ཡིག་གཉིས་པའི་ཐོག་ནས་སྐད་ཆ་ཤོད་དགོས་ཞེས་བརྗོད་པ་ལས་ཕྲུ་གུར་སྐད་ཆ་ཤོད་རོགས་བྱེད་ཀྱི་མེད། དགེ་རྒན་དང་ཕ་མ་ཚོས་ཕྲུ་གུ་མཉམ་དུ་བསྡད་ནས་ཕྲུ་གུར་ཕར་སྐད་ཆ་འདྲི་བ་དང་། རང་ཉིད་ཀྱིས་བསམ་ཚུལ་བཤད་པ་ལ་ཕྲུ་གུས་བསམ་ཚུལ་གང་ཡོད་བརྗོད་དུ་འཇུག་པ་སོགས་སྐད་ཆ་ཤོད་རྒྱུར་རོགས་པ་བྱེད་དགོས། ཕྲུ་གུའི་ལོ་ཚད་དང་། ཤེས་ཚད། ནུས་རྩལ་བཅས་ལ་ཐུགས་སྣང་གིས་སྐད་ཡིག་སློབ་འཁྲིད་གནང་རྒྱུ་གལ་ཆེན་པོ་རེད། དཔེར་ན། སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དང་མོས་པ། རིག་སྟོབས་ལ་གཞིགས་ནས་ཆོས་བསྟན་མེད་དམ།

ཕྲུ་གུ་ལོ་ཆུང་བ་ཚོས་སྐད་ཡིག་ཤེས་སླ་བ་ཡོད་ནའང་། ཕྲུ་གུར་སྐད་ཡིག་སློབ་ཁྲིད་སྐབས་སུ་དགེ་རྒན་དང་ཕ་མ་ཚོས་དོ་སྣང་བྱེད་དགོས་པ་མང་པོ་ཡོད། ཕྲུ་གུ་ཆུང་ཆུང་ལ་སྐད་ཡིག་དང་པོ་དང་། གཉིས་པ་སློབ་ཁྲིད་བྱེད་སྐབས་ཐོག་མ་ཉིད་ནས་བརྡ་སྤྲོད་དང་། དུས་གསུམ་འགྲོ་སྟངས་སོགས་འགྲེལ་བརྗོད་གང་ཉུང་དང་། རབ་བྱུང་ན་དམིགས་བསལ་བརྡ་སྤྲོད་སློབ་ཁྲིད་གནང་རྒྱུ་མེད། ཕྲུ་གུ་ཆུང་ཆུང་རྣམས་ལ་སློབ་ཁྲིད་བྱེད་སྐབས་ཡང་ནས་ཡང་དུ་བསྐྱར་ཟློས་བྱེད་རྒྱུ་གལ་ཆེན་པོ་ཡིན་པས་དགེ་རྒན་དང་ཕ་མ་རྣམས་ཀྱིས་ངང་རྒྱུད་རིང་པོ་གནང་དགོས། སྐབས་རེར་བློ་རྩེ་གཅིག་སྒྲིམ་བྱེད་པར་ཕྲུ་གུ་རྣམས་མི་རྒན་པ་ལས་ཞན་པ་ཡོད་པར་བརྗོད་ནའང་། མཐའ་གཅིག་ཏུ་ངེས་པ་མེད། དཔེར་ན། ཕྲུ་གུ་ཚོས་འགུལ་རིས་གློག་བརྙན་ལྟ་སྐབས་དང་། གློག་ཀླད་དང་ལག་ཐོག་ཁ་པར་ནང་ལ་རྩེད་མོ་རྩེ་སྐབས་དུས་ཡུན་རིང་པོ་བློ་རྩེ་གཅིག་སྒྲིམ་ངང་སྡོད་ཐུབ་ཀྱི་ཡོད། དགེ་རྒན་དང་ཕ་མ་ཚོས་རྩེད་རིགས་དང་། འགུལ་རིས་གློག་བརྙན། ཕྲུ་གུའི་གཞས་སོགས་བེད་སྤྱོད་ཀྱིས་སྐད་ཡིག་སློབ་ཁྲིད་བྱེད་ཐུབ་པ་ཡིན་ན་སྐད་ཡིག་ཤེས་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ནུབ་ཕྱོགས་ཡུལ་ཁག་ལ་སྐད་ཡིག་སློབ་ཁྲིད་ཀྱི་ཐབས་ལམ་ཁྲོད་གཞས་དང་རྩེད་རིགས་བེད་སྤྱོད་བྱ་མཁན་ཡོངས་གྲགས་ཆགས་ཡོད།

ཕྲུ་གུ་ཆུང་ཆུང་རྣམས་གད་མོ་དགོད་རྒྱུར་ཧ་ཅང་དགའ་པོ་ཡོད་སྟབས་སློབ་ཁྲིད་སྐབས་སུ་གད་མོ་དགོད་རྒྱུ་ཡོད་པ་བཟོ་དགོས། ཡིན་ནའང་། ཕྲུ་གུ་ཆུང་ཆུང་གི་གད་མོ་དགོད་ཡུལ་ནི་མི་རྒན་པ་དང་མི་འདྲ་བ་ཡང་མཁྱེན་དགོས། སྐད་ཡིག་སློབ་ཁྲིད་སྐབས་སུ་དགོད་གཏམ་བཤད་ནས་གོ་བ་ལེན་ཐུབ་མིན་ཚོད་ལྟ་དང་ཞིབ་འཇུག་བྱེད་དགོས། དགོད་གཏམ་ལ་གད་མོ་ཤོར་མིན་ནི་སྐད་ཡིག་ཤེས་མིན་ཙམ་མིན་པར། ཡུལ་སྲོལ་གོམས་གཤིས་ཤེས་མིན་ལ་འབྲེལ་བ་ཆེན་པོ་ཡོད། དཔེར་ན། བྱང་ཨ་རིའི་ནང་ལ་ཨིན་ཡིག་དགོད་གཏམ་མང་པོ་ཞིག་ཕྱི་མི་གཞིས་སྤོས་པ་ཚོ་གད་མོ་མི་ཤོར་ནའང་། ཨིན་ཡིག་སྐད་ཡིག་དང་པོར་བེད་སྤྱོད་བྱེད་མཁན་ཚོ་གད་མོ་ཤུགས་ཆེ་ཤོར་གྱི་ཡོད། དེ་བས་སྐད་ཡིག་དང་རིག་གཞུང་། ཡང་ན་། ཡུལ་སྲོལ་གོམས་གཤིས་ཤེས་རྒྱུ་ཧ་ཅང་གལ་ཆེ། ཕྲུ་གུས་བོད་པའི་ཡུལ་སྲོལ་གོམས་གཤིས་མི་ཤེས་ན་བོད་སྐད་ཤོད་སྐབས་དོན་དག་མི་ཤེས་པ་ཧ་ཅང་མང་པོ་ཡོད། ད་དུང་ཕྲུ་གུ་ཆུང་ཆུང་ནི་ཚོར་བ་སྐྱེན་པོ་དང་། དྲན་རྒྱུ་རྒོད་པོ་ཡོད་པས་དྲི་བ་འདྲ་མིན་འདྲི་སྲིད། ཕ་མ་དང་དགེ་རྒན་ཚོས་ཕྲུ་གུས་དྲི་བ་དྲི་བའི་གོམས་གཤིས་ཡར་རྒྱས་གཏོང་ཐབས་སུ་སེམས་ཤུགས་སྤར་དགོས་པ་ལས་སུན་སྣང་དང་། ཕྲུ་གུའི་དྲི་བ་ལ་སྣང་མེད་གཏོང་རྒྱུ་མེད། ད་དུང་ཕྲུ་གུའི་དྲི་བ་ལ་ལམ་སེང་ཐད་ཀར་ལན་འདེབས་པ་ལས་དཔེ་མཚོན་འདྲ་མིན་དང་སྦྱར་ནས་སྐད་ཆ་མང་བ་ཤོད་རྒྱུའི་གོ་སྐབས་དམ་འཛིན་བྱེད་དགོས།

ཕྲུ་གུ་ལ་སྐད་ཡིག་སློབ་ཁྲིད་གནང་སྐབས། ཕྲུ་གུའི་དབང་ཚོར་ལྔ་ཚང་མ་བེད་སྤྱོད་གཏོང་དུ་འཇུག་དགོས། དེ་ལྟར་ཡོང་བར་དགེ་རྒན་དང་ཕ་མའི་གཟུགས་པོ་འགུལ་སྐྱོད་མང་པོ་གཏོང་དགོས། ཕྲུ་གུ་ཆུང་ཆུང་ལ་ཁ་ནས་སྐད་ཆ་གཅིག་པུ་བཤད་ནས་སློབ་ཁྲིད་བྱེད་པ་ལས་ལག་བརྡ་དང་ལུས་ཀྱི་རྣམ་འགྱུར་བསྟན་ནས་སློབ་ཁྲིད་བྱེད་ཐུབ་པ་ཡིན་ན་ཕན་ནུས་ཆེ་བ་དང་། ཕྲུ་གུས་དོ་དབྱིངས་ཆེ་བ་སྤྲོད་ཀྱི་ཡོད། ད་དུང་དམིགས་བསལ་ཚིག་གྲུབ་ཀྱི་ནང་དོན་དམིགས་བསལ་འགྲེལ་བརྗོད་མི་དགོས་པར་དགེ་རྒན་དང་ཕ་མའི་ལུས་ཀྱི་རྣམ་འགྱུར་སྟོན་སྟངས་ནས་སློབ་ཕྲུག་གིས་ཤེས་ཐུབ། ཡིན་ནའང་། སྐད་ཡིག་དགེ་རྒན་མང་པོ་ཞིག་གིས་ཅ་དངོས་ཀྱི་མིང་སློབ་འཁྲིད་བྱེད་སྐབས་འཁྲིད་གཞིའི་སྐད་ཡིག་ཁོ་ནའི་ཐོག་ནས་འགྲེལ་བརྗོད་དང་། ལུས་ངག་གི་རྣམ་འགྱུར་ཐོག་ནས་སློབ་ཕྲུག་གིས་ཤེས་ཐབས་བྱེད་དགོས་ནའང་། སྟབས་བདེ་པོའི་ཐོག་ནས་ཕྲུ་གུས་ཤེས་པའི་སྐད་ཡིག་གཞན་ཐོག་ནས་ཚིག་དོན་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་ནི་སྐད་ཡིག་དགེ་རྒན་ཞིག་གི་ནོར་འཁྲུལ་གྱི་བྱ་སྤྱོད་རེད། དཔེར་ན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་མང་པོ་ཞིག་གིས་གཙང་པོ་ཞེས་པ་ངོ་སྤྲོད་བྱེད་སྐབས། ལམ་སེང་ཨིན་སྐད་དུ་ River ཞེས་བསྒྱུར་ནས་བརྗོད་པ་ལས། བོད་སྐད་ཐོག་ནས་གཙང་པོའི་ཁྱད་ཆོས་འགྲེལ་བརྗོད་དང་། དཔེ་མཚོན། ད་དུང་དབྱར་དུས་གཙང་ཆུའི་ནང་ལ་གྲུ་གཟིངས་གཏོང་བ་སོགས་ལུས་ཀྱི་རྣམ་འགྱུར་ཐོག་ནས་འགྲེལ་བརྗོད་བྱེད་ཐུབ་ན་ཕྲུ་གུའི་སེམས་ལ་གཙང་པོ་ཞེས་པ་ནམ་ཡང་མི་བརྗེད་པ་མ་ཟད། རྗེས་སུ་གཙང་པོ་མཐོང་སྐབས་སེམས་ནང་བོད་སྐད་ཀྱི་ཚིག་གཙང་པོ་ཞེས་དྲན་ཐུབ། དེ་མིན་རྗེས་སུ་ཕྲུ་གུས་གཙང་པོ་མཐོང་བ་དང་སེམས་ནང་ River དྲན་པ་ལས་བོད་སྐད་ཚིག་དྲན་དཀའ། དེ་བས་ཕྲུ་གུ་ཆུང་ཆུང་ལ་སྐད་ཡིག་སློབ་དགེ་དང་ཕ་མ་ཚོས་ཅ་དངོས་ཀྱི་མིང་ངོ་སྤྲོད་བྱེད་ཀྱི་ཡོད་ན། ཅ་དངོས་ཀྱི་མིང་ལབ་པ་གཅིག་པུ་མིན་པར་ཅ་དངོས་དེ་ཕྲུ་གུའི་མིག་ལ་བསྟན་པ་དང་། ཅ་དངོས་དེ་བེད་སྤྱོད་བྱེད་སྟངས་ཕྲུ་གུའི་མདུན་ལ་འཁྲབ་སྟོན་བྱེད་ཐུབ་པ་ཡིན་ན་ཁ་ནས་བཤད་པ་ལས་ཕྲུ་གུ་ཤེས་རྒྱུར་ཕན་ཐོགས་ཆེ་བ་ཡོད།

ཕྲུ་གུ་ཆུང་ཆུང་ཚོ་ནི་ཚོར་ཤེས་སྐྱེན་པོ་དང་། ལམ་སེང་ཕོགས་ཐུག་འགྲོ་བདེ་པོ་ཡོད། དཔེར་ན། ཕྲུ་གུ་ཆུང་ཆུང་ཚོའི་སེམས་ལ་ཚིག་གསར་དེ་བརྗོད་སྐབས་སྒྲ་གདངས་གསལ་པོ་མ་བྱུང་ན་དགེ་རྒན་དང་ཕ་མས་ལམ་སེང་ནོར་སོང་ཞེས་བརྗོད་པ་དང་། གད་མོ་དགོད་པ་སོགས་བྱེད་ན་ཕྲུ་གུས་རྗེས་སུ་ཚིག་གསར་སྦྱོང་རྒྱུའི་སྤྲོ་སྣང་བརླག་ཉེན་ཡོད། དགེ་རྒན་དང་ཕ་མ་ཚོས་ཐབས་མཁས་པོའི་ཐོག་ནས་ནོར་འཁྲུལ་ཡིན་པ་ཐད་ཀར་མི་བརྗོད་པར། དགེ་རྒན་གྱིས་ཚིག་གི་སྒྲ་གདངས་གསལ་པོ་བསྐྱར་ཀློག་བྱས་ནས་མུ་མཐུད་དེ་ཀློག་རྒྱུར་སེམས་ཤུགས་སྤར་པ་ཡིན་ན། ཕྲུ་གུ་ལ་ཚིག་གི་སྒྲ་གདངས་ནོར་བ་མི་བརྗོད་ནའང་། ཕྲུ་གུས་སྒྲ་གདངས་འགྲིག་པ་དེ་ཤེས་པ་མ་ཚད། མུ་མཐུད་དེ་ཚིག་གཞན་ཀློག་ཐབས་བྱེད་རྒྱུར་ཕན་ཐོགས་ཡོད། ཕྲུ་གུར་ཚིག་གསར་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་དྲན་དགོས་པ་གཅིག་ནི། ཕྲུ་གུའི་འཚོ་བ་དང་ཐག་ཉེ་བའམ། དུས་རྒྱུན་ཉེ་འཁྲིས་སུ་མཐོང་རྒྱུ་ཡོད་པ་དང་། བེད་སྤྱོད་བྱེད་བཞིན་པའི་ཅ་དངོས་ཀྱི་མིང་དང་ཐ་སྙད་སློབ་དགོས། ཕྲན་གྱི་གྲོགས་པོ་གཟའ་མཇུག་བོད་ཡིག་སློབ་དགེ་ཞིག་གིས། ཀ་བ། ཞེས་པ་སློབ་སྐབས་ནུབ་ཁུལ་ལ་ཁང་པའི་ཀ་བ་ཞེས་པ་མིག་སྟོན་བྱ་རྒྱུར་དཀའ་ངལ་བྱུང་ཞེས་དང་། སློབ་ཕྲུག་གིས་ཁང་པའི་ཀ་བ་གང་འདྲ་ཞིག་ཡོད་པ་རེད་ཟེར་གྱི་འདུག་ཅེས་བརྗོད། ནུབ་ཕྱོགས་ཡུལ་ཁག་ལ་ཁང་པར་ཀ་བ་རྩ་བ་ནས་མེད་པ་མིན་ནའང་། བོད་ཀྱི་ཁང་པའི་ཀ་བ་ལྟ་བུ་སྟོན་རྒྱུ་ཁག་པོ་ཡོད་པ་དངོས་བདེན་རེད། སྐད་ཡིག་སློབ་ཁྲིད་བྱེད་སྐབས་འཛིན་ཁང་དང་། ཁང་པའི་ནང་ལ་སྐད་ཅོར་བརྒྱབ་དགོས་པ་ལས་ཨང་རྩིས་དང་ཚན་རིག་སྦྱོང་བ་ལྟ་བུ་ཁུ་སིམ་མིར་སྦྱོང་ན་སྐྱོན་ཡོད། སྐད་ཡིག་སྦྱོང་སྐབས་ལག་ཏུ་དེབ་བཟུང་ནས་གཅིག་པུར་སྦྱོང་བ་ལས། ཕན་ཚུན་སྐད་ཆ་བཤད་ཉན་བྱེད་དགོས་པ་དང་། རང་གིས་བྲིས་པ་གཞན་ལ་ཀློག་ཏུ་འཇུག་དགོས་ལ། གཞན་གྱིས་བྲིས་པ་རང་གིས་ཀློག་ནས་གོ་བ་ལོན་ཐབས་བྱེད་དགོས། དེ་བས་ཕྲུ་གུ་མཉམ་དུ་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བ་དང་། མཐོང་ཐོས་ཡོད་པའི་ཅ་དངོས་ཀྱི་སྐོར་སྐད་ཆ་ཤོད་དགོས་ལ། འཚོ་བ་དངོས་དང་འབྲེལ་བའི་སྒྲུང་ཤོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་སྐད་ཡིག་སློབ་དགོས།

དགེ་རྒན་དང་ཕ་མ་ཚོས་ཕྲུ་གུ་ལ་སྐད་ཡིག་སློབ་ཁྲིད་བྱེད་སྐབས་རྐུབ་སྟེགས་ཐོག་བསྡད་ནས་སློབ་དེབ་ནང་དོན་འགྲེལ་བརྗོད་བྱེད་པ་ལས། ཡར་ལངས་ནས་ལུས་པོའི་རྣམ་འགྱུར་དང་ངག་གི་སྒྱུ་རྩལ་འདྲ་མིན་བེད་སྤྱད་ནས་འཁྲབ་སྟོན་དང་བཅས་ནས་སློབ་ཁྲིད་བྱེད་ཐུབ་ན་དགེ་མཚན་ཆེ་བ་ཡོད། ད་དུང་བསྐྱར་ཟློས་ཡང་ཟློས་ཀྱིས་ལུས་ངག་གི་རྣམ་འགྱུར་འདྲ་མིན་བེད་སྤྱོད་ཀྱིས་སློབ་དགོས། དེ་བས་ཕྲན་གྱིས་བཤད་འདོད་པ་ནི་ཕྲུ་གུར་སྐད་ཡིག་སློབ་ཁྲིད་གནང་སྐབས་ཕ་མ་དང་དགེ་རྒན་ཚོས་ཕྲུ་གུ་དང་མཉམ་དུ་རྩེད་མོའམ། ལག་བརྡ་སོགས་ལུས་པོའི་རྣམ་འགྱུར་དང་བཅས་ནས་སློབ་ཁྲིད་གནང་རྒྱུ་ནི་སློབ་དེབ་རྐྱང་པ་བསྟན་ནས་ཀློག་དུ་འཇུག་པའམ། བཤུ་འབྲི་བྱེད་དུ་འཇུག་པ་ལས་ཕན་རླབས་ཆེ་བ་ཡོད།

ཕྲུ་གུར་སྐད་ཡིག་སློབ་ཚན་ཁྲིད་སྟངས་སམ། སློབ་ཁྲིད་ཐབས་ལམ་འདྲ་མིན་མང་པོ་ཡོད། ཕྲུ་གུར་སློབ་ཁྲིད་སྐབས་སུ་ཕྲན་གྱིས་ཡང་ནས་བསྐྱར་དུ་བེད་སྤྱོད་བྱེད་བཞིན་པའི་སློབ་ཁྲིད་ཐབས་ལམ་གཅིག་ནི་ཨིན་སྐད་དུ་ Total Physical Response (TPR) ཞེས་པ་དེ་རེད། རྒྱུ་མཚན་ནི། སློབ་ཁྲིད་ཐབས་ལམ་འདིས་དང་པོ་དགེ་རྒན་གྱིས་གང་བཤད་པ་སློབ་ཕྲུག་གིས་ཉན་རྒྱུའི་གོ་སྐབས་ཡོད་པ་དང་། དེ་ནས་དགེ་རྒན་གྱི་ཚིག་གསར་དང་ཚིག་གྲུབ་གང་བརྗོད་པ་དང་མཉམ་དུ་ལུས་ངག་གི་རྣམ་འགྱུར་བསྟན་པ་དང་། འཁྲབ་སྟོན་བྱས་པ་ལ་བརྟེན་ཕྲུ་གུ་ཚོས་ཚིག་གྲུབ་ཀྱི་ནང་དོན་ལས་སླ་པོའི་ཐོག་ནས་ཤེས་ཐུབ། གསུམ་པ་སློབ་ཕྲུག་ཚོས་དགེ་རྒན་དང་མཉམ་དུ་ཚིག་གྲུབ་ཁ་ནས་བརྗོད་ཅིང་ལུས་ཀྱི་རྣམ་འགྱུར་བསྟན་པས་དགའ་སྣང་དང་མཚར་སྣང་ཡོང་བ་མཉམ་དུ་ཚིག་གྲུབ་ཁ་ནས་བརྗོད་རྒྱུའི་གོ་སྐབས་ཐོབ་ཀྱི་ཡོད། དེ་བས་སློབ་ཁྲིད་ཐབས་ལམ་དེ་ནས་ཕྲུ་གུ་ཚོས་ཚིག་གྲུབ་ཀྱི་ནང་དོན་ཤེས་པ་དང་མཉམ་དུ་སྐད་ཡིག་གི་རྩལ་གྲགས་ཆེ་བ་བཞི་ལས་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ངོས་ཀྱིས་སྐད་ཡིག་གཉིས་པ་སློབ་ཁྲིད་སྐབས་སུ་ཨིན་སྐད་དུ་ Total Physical Response (TPR) ཞེས་པའི་སློབ་ཁྲིད་ཐབས་ལམ་བེད་སྤྱོད་བྱེད་ཀྱི་ཡོད་ལ། ཕྲུ་གུ་ཚོས་དགའ་མོས་དང་མཉམ་ཞུགས་ཡག་པོ་བྱེད་ཀྱི་འདུག འཁྲིད་གཞིའི་སྐད་ཡིག་ཕྲུ་གུ་ཚོས་ཤེས་རྒྱུར་ཕན་ཐོགས་ཆེན་པོ་འདུག

གོང་དུ་ཕྲུ་གུ་ཆུང་ཆུང་ཚོར་སྐད་ཡིག་སློབ་ཁྲིད་བྱེད་ཕྱོགས་སྐོར་བྲིས་ཟིན་པ་དང་། གཤམ་དུ་ཨིན་སྐད་དུ་ Teens ཞེས་འབོད་པའི་ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་སོན་པ་རྣམས་ལ་སྐད་ཡིག་སློབ་ཁྲིད་གནང་སྐབས་ཐུགས་སྣང་དགོས་པའི་དོན་གནད་ཁ་ཤས་ཐོག་གང་ཐུབ་འབྲི་འདུན་བྱུང་། དེང་སྐབས་དྲ་རྒྱའི་མཐུན་རྐྱེན་བཟང་པས་དགེ་རྒན་དང་ཕ་མ་ཚོས་དྲ་ཐོག་ནས་ཕྲུ་གུར་སྐད་ཡིག་སློབ་སྟངས་ཀྱི་གཞུང་ལུགས་དང་། མྱོང་གླེང་། བསམ་འཆར། སློབ་ཁྲིད་ཐབས་ལམ་སོགས་འཚོལ་ལྟ་བྱེད་བདེ་པོ་ཡོད། ཡིན་ནའང་། དགེ་རྒན་དང་ཕ་མ་ཚོས་ཐུགས་གཟབ་གནང་དགོས་པ་ཞིག་ལ་དྲ་ཐོག་ནས་ཐོབ་པའི་རྒྱུ་ཆ་རྣམས་ལ་ལམ་སེང་ཡིད་ཆེས་ཀྱིས་ཕྲུ་གུར་སློབ་ཁྲིད་བྱེད་རྐྱང་མིན་པར་སོ་སོའི་ཕྲུ་གུ་དང་མཚམས་མིན་དང་། ཕན་ཐོགས་མིན་ཚོད་ལྟ་བྱེད་དགོས། ཕྲན་གྱིས་ངོ་སྤྲོད་བྱེད་འདོད་པ་ནི་ཀེམ་བྷི་རི་ཇི་གཙུག་ལག་སློབ་གཉེར་ཁང་དང་། ཨོག་སི་ཕོར་ཌི་གཙུག་ལག་སློབ་གཉེར་ཁང་ (Cambridge and Oxford Universities)  གཉིས་ནས་འདོན་སྤེལ་གནང་བའི་ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་སོན་པ་རྣམས་ཀྱི་ཆེད་དུ་སློབ་ཁྲིད་རྒྱུ་ཆ་ཁག་ཧ་ཅང་ཡག་པོ་མཐོང་བས་ཐུགས་ཞིབ་གནང་རོགས།

ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་སོན་པ་རྣམས་ལ་སྐད་ཡིག་སློབ་ཁྲིད་བྱེད་སྐབས་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་ཐོབ་ཤོར་ཨང་རིམ་སྤྲད་ན་ཕྲུ་གུར་ང་རྒྱལ་དང་། སེམས་ཤུགས་ཆགས་པ། སེམས་སྐྱོ་བ་སོགས་ཡོང་ཉེན་ཡོད་པ་དང་། ཕྲུ་གུའི་སེམས་ཁམས་ལ་གནོད་སྐྱོན་ཆེ་བ་ལས་དགེ་མཚན་ཉུང་ཉུང་ཡིན་པ་དྲན་དགོས། འགྲན་རྩོད་ཀྱི་རྣམ་པ་མངོན་གསལ་མེད་པར་མཉམ་རུབ་ཀྱིས་སློབ་ཁྲིད་ཐབས་ལམ་འདྲ་མིན་བེད་སྤྱོད་གཏོང་ཐུབ་ན་དགེ་མཚན་ཆེ། དཔེར་ན། ཉན་རྩལ་དང་ཀློག་རྩལ་སློབ་སྐབས་ཕྲུ་གུ་ཚང་མ་མཉམ་དུ་ཀློག་དུ་འཇུག་པ་དང་། ཕྲུ་གུ་གཅིག་གིས་ཀློག་པ་གཞན་གྱིས་རྗེས་ཟློས་བྱེད་དུ་འཇུག་པ་སོགས་ཀྱི་སློབ་ཁྲིད་ཐབས་ལམ་བེད་སྤྱོད་གཏོང་ན་ཕན་ཐོགས་ཆེ་བ་ཡོད་པ་ལྟ་བུ་རེད།

ཕྱི་རྒྱལ་ཡུལ་ཁག་ལ་ཡོད་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་ཕྲུག་ལ་བོད་ཡིག་སྦྱོང་རྒྱུའི་དུས་ཚོད་བདུན་ཕྲག་གཅིག་གི་ནང་ཆུ་ཚོད་གཉིས་གསུམ་ལས་མེད། བོད་ཕྲུག་ཚོའི་ལོ་ཚད་ལ་གཞིགས་ནས་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཐབས་སུ་སློབ་ཁྲིད་བྱེད་དགོས་ནའང་། དགེ་རྒན་རེ་ཟུང་རྒྱ་གར་ནང་བོད་དགེ་ཡིན་སྟབས་ཕྲད་དང་རྣམ་དབྱེ་རྐྱང་པ་ངོ་སྤྲོད་དང་ངག་སྐྱོར་གཏོང་དུ་འཇུག་གི་འདུག ཕྲུ་གུ་ཚོས་ཕྲད་དང་རྣམ་དབྱེ་ངག་སྐྱོར་བཏང་ནས་ཡིག་ཚད་ལ་བར་སྟོང་ནང་ལ་ཕྲད་མ་ནོར་བར་བྲིས་ན་དགེ་རྒན་ཁ་ཤས་བློ་ཡིད་ཚིམས་ནས་སྡོད་མཁན་འདུག ཡིན་ནའང་། དོ་སྣང་ཅན་གྱི་ཕ་མ་རེ་ཟུང་གིས་ཕྲུ་གུས་བོད་སྐད་བརྒྱབ་ཤེས་ཀྱི་མི་འདུག བོད་ཡིག་ཀློག་ཤེས་ཀྱི་མི་འདུག ཅེས་གསུང་མཁན་མང་པོ་ཡོད། སྐད་ཡིག་སྦྱོང་དོན་གཙོ་བོ་ནི་སྐད་ཡིག་གི་རྩལ་བཞི་སྟེ་སྐད་ཆ་བཤད་ཐུབ་པ་དང་། ཡི་གེ་འབྲི་ཐུབ་པ། ཀློག་ཐུབ་པ། གཞན་གྱི་སྐད་ཆ་གང་བཤད་པར་ཉན་ནས་ནང་དོན་ཤེས་ཐུབ་པ་ཞིག་ཡོང་དགོས་པ་ལས་རྣམ་དབྱེ་དང་ཕྲད་ཀྱིས་གྲངས་འདྲེན་ཤེས་པ་ཙམ་གྱིས་སྐད་ཡིག་ཤེས་པར་ངོས་འཛིན་བྱེད་ན་མི་འགྲིག་སྙམ།

ཉམས་ཞིབ་བྱས་པའི་གྲུབ་དོན་ལས་ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་སོན་པ་རྣམས་ནི་ཚོར་ཤེས་སྐྱེན་པོ་དང་། ཉོབ་སྣང་སྐྱེ་སླ་བ། ཅུང་ཟད་འགྲིག་མིན་བྱུང་སྐབས་མི་རྒན་པ་ལས་བསམ་ཚུལ་ཤུགས་ཆེ་བ། སྤྱི་ཡོངས་ནས་དེབ་ཆས་རིགས་ལ་དེ་ཙམ་མི་དགའ་བ་བརྗོད། དགེ་རྒན་དང་ཕ་མ་རྣམ་པས་སློབ་ཁྲིད་གནང་སྐབས་ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་སོན་པ་རྣམས་ལ་སློབ་ཚན་དང་འབྲེལ་བའི་བརྙན་ཐུང་དང་། དེབ་ཁ་ཤས་བསྟན་ནས་ཕྲུ་གུར་གདམ་ཀ་བྱེད་དུ་འཇུག་དགོས། ད་དུང་ལོ་ཚད་མཉམ་པའི་ཕྲུ་གུ་ཕན་ཚུན་དབར་སློབ་སྦྱོང་ལ་རོགས་རམ་བྱེད་དུ་འཇུག་པ་དང་། ཕན་ཚུན་དྲི་བ་དྲིས་ལན་བྱེད་དུ་འཇུག་དགོས། ད་དུང་དགེ་རྒན་དང་ཕ་མས་ཁོ་ཚོ་སྐད་ཡིག་སྦྱོང་སྐབས་གྲོགས་པོ་ལྟ་བུ་བྱས་ནས་རོགས་སྐྱོར་དང་། མཉམ་ཞུགས་བྱེད་ན་ཕྲུ་གུའི་སྐད་ཡིག་ཡར་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

ཕྱི་རྒྱལ་ཡུལ་ཁག་གི་བོད་ཕྲུག་ཚོས་ཁྱིམ་ཚང་དང་། བོད་ཡིག་སློབ་གྲྭར་བོད་སྐད་ཤོད་ཀྱི་མི་འདུག་ཅེས་བརྗོད་མཁན་མང་པོ་འདུག བདེན་པ་རེད། ཕྲུ་གུ་སྤྱི་དང་། དམིགས་བསལ་ཕྲུ་གུ་ལོ་ ༡༣ ནས་ ༡༩ བར་ལ་སོན་པ་ཚོས་སྐད་ཡིག་གཉིས་པའི་ཐོག་ནས་འཛིན་ཁང་ནང་སྐད་ཆ་ཤོད་རྒྱུར་གདེང་ཚོད་མེད་པའམ། མི་བདེ་བ་ཚོར་མཁན་མང་པོ་ཡོད། རྒྱུ་མཚན་གཙོ་བོ་ཕྲུ་གུ་ལོ་ཚད་དེ་ལ་སོན་སྐབས་གལ་སྲིད་ནོར་ན་ངོ་ཚ་བསམ་པའི་ཚོར་སྣང་ཤུགས་ཆེན་པོ་ཡོད་སྟབས་སྐད་ཡིག་གཉིས་པའི་ཐོག་ནས་སྐད་ཆ་བརྗོད་རྒྱུར་དཀའ་ངལ་ཡོད། དེ་བས་དགེ་རྒན་དང་ཕ་མ་ཚོས་ཕྲུ་གུ་དེ་དག་ལ་སྐད་ཆ་ཤོད་རྒྱུར་རོགས་སྐྱོར་བྱེད་དགོས། དཔེར་ན། བོད་སྐད་ཐོག་ནས་ཅ་དངོས་འདིའི་མིང་ལ་ག་རེ་ཟེར་གྱི་རེད་དམ། ཁྱེད་རང་གི་མིང་གི་དག་ཆ་གང་འདྲ་འབྲི་དགོས་སམ། ཟེར་བ་ལྟ་བུ་དྲི་བ་དྲིས་ལན་སོགས་ཀྱི་ཐབས་ལམ་བརྒྱུད་སྐད་ཆ་ཤོད་རྒྱུར་གོ་སྐབས་སྤྲོད་དགོས། གོ་སྐབས་ཇི་ཙམ་མང་བ་བྱུང་ན་དེ་ཙམ་གྱིས་ཡར་རྒྱས་ཕྱོགས་སུ་མགྱོགས་པོ་འགྲོ་ཐུབ།

ཨིན་ཡིག་སྐད་ཡིག་གཉིས་པའི་ལམ་ནས་འཁྲིད་མཁན་དགེ་རྒན་ཞིག་གིས་སློབ་ཁྲིད་ཉམས་མྱོང་དེ་ལྟར་བརྗོད་ཡོད། ཨིན་ཡིག་སྐད་ཡིག་གཉིས་པའི་ཐོག་ནས་སྦྱོང་མཁན་ཕྲུ་གུ་ཚོས་འཛིན་ཁང་ནང་ལ་ཨིན་སྐད་རྒྱག་རྒྱུར་འཚེར་སྣང་དང་མི་བདེ་བའི་རྣམ་འགྱུར་བསྟན་ནའང་། ཁོ་ཚོའི་སྐད་ཡིག་དང་པོའམ་ཕ་སྐད་ཐོག་ནས་སྐད་ཆ་ཤོད་སྐབས་དགའ་སྣང་དང་། སྐད་ཆ་མང་བ་ཤོད་གྱི་འདུག ད་དུང་ཕྲུ་གུ་མང་པོས་འཛིན་གྲྭའི་ནང་ལ་ཨིན་སྐད་མ་བརྒྱབ་པར་ཕ་སྐད་དམ་སྐད་ཡིག་དང་པོ་རྒྱག་མཁན་མང་པོ་ཡོང་གི་འདུག ཅེས་བརྗོད་པ་དང་། ཁོང་གིས། ཨིན་སྐད་འཛིན་གྲྭའི་ནང་ལ་ཨིན་སྐད་སློབ་ཁྲིད་གནང་སྐབས་རྐང་རྩེད་སྤོ་ལོའི་སྒྲིག་གཞི་སྟེ་ཉེས་པ་ཕོག་མཁན་ལ་ཤོག་བྱང་སེར་པོ་དང་། ཤོག་བྱང་དམར་པོ་སྤྲོད་སྲོལ་གྱི་ཐབས་ལམ་བེད་སྤྱད་པས་འཛིན་ཁང་ནང་ལ་ཨིན་སྐད་རྒྱག་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་། ཞེས་བརྗོད་ཡོད། དེ་བས་བོད་ཡིག་དགེ་རྒན་དང་བོད་རིགས་ཕ་མ་ཚོས་འཛིན་ཁང་དང་ཁྱིམ་ཚང་ནང་ལ་ཤོག་བྱང་སེར་པོ་དང་དམར་པོ་སྤྲོད་སྲོལ་སོགས་ཐབས་ལམ་འདྲ་མིན་བེད་སྤྱད་དེ་ཕྲུ་གུས་བོད་སྐད་བཤད་ཉན་གྱི་མང་བ་ཡོང་ཐབས་གནང་ན་དགེ་མཚན་ཆེའོ། །

མུ་འགོད།

བསྐྱར་བཅོས།: ༢༠༡༩/༡༠/༢༥

Leave a Reply

One thought on “སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལུང་པ་གང་དུ་བསྡད་ཡོད་ཀྱང་ལུང་པ་དེའི་སྐད་རང་བཞིན་གྱི་ཤེས་ཐུབ་པ་ནི་ཡུལ་ཆུ་ཐུང་ན་ཡུལ་སྐད་ཤེས་ཟེར་བ་དང་ཡིག་གེ་ནི་སྦྱང་བརྩོན་མ་བྱས་ན་ལུང་པ་གཞན་གྱི་ཡིག་གེ་ཤེས་རྒྱུར་དུས་ཚོད་དང་འགྲོ་སོང་བཏང་ནས་གཞན་གྱི་སྐད་ཡིག་ཤེས་དགོས་པ་བཅས་མི་རིགས་རང་ཉིད་ཀྱི་ཕ་མེས་ཀྱི་སྐད་ཡིག་མ་ཤེས་ན་སྨྲ་ཤེས་དོན་གོ་བ་མིའི་ཚན་ཉིད་མ་ཚང་བ་བསམ་མེད་དུད་འགྲོ་དང་གཅིག་པའི།