རྗེ་རིན་པོ་ཆེའི་གདམས་པ་ལག་བསྟར་བྱས་ན་ཁོང་གི་བསྟན་པ་འཛིན་མཁན་ངོ་མ་དེ་ཆགས་ཀྱི་ཡོད།

དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཆེན་ཡབ་སྲས་གསུམ་གྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་དང་བསྟུན་ཉིན་གྲངས་གསུམ་རིང་གི་རྒྱུད་འགྲེལ་ཆེན་མོའི་སྔགས་ཀྱི་བགྲོ་གླེང་དབུ་འཛུགས་གནང་སོང་།དེ་རིང་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྒྱུད་གྲྭ་ཕྱག་འདེབས་པ་པོ་རྒྱུད་ཆེན་རྡོ་རྗེ་འཆང་༧རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བ་སོགས་རྒྱུད་ཆེན་ཡབ་སྲས་གསུམ་གྱི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཚོགས་པ་དང་འབྲེལ། ཉིན་གྲངས་གསུམ་རིང་གི་རྒྱུད་འགྲེལ་ཆེན་མོའི་སྔགས་ཀྱི་བགྲོ་གླེང་དབུ་འཛུགས་གནང་སོང་། མཛད་སྒོའི་སྐུ་མགྲོན་དུ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས། ༧ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག ༧བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་མཛད་གཙོ་རྣམ་པ་དང་། དད་ལྡན་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༡༠༠༠ ཡས་མས་འཛོམས་འདུག་ལ། དུས་དྲན་མཛད་སྒོའི་ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་དགེ་ཟུར་མཐུན་འབྲེལ་ཚོགས་པ་ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་བ་དང་། དེ་བཞིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྔགས་རིམ་དཔེ་བསྡུར་མ་དང་། རྒྱུད་ཀྱི་ཊཱིཀྐ་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་རྩ་འགྲེལ་སྦྱར་མ། རྒྱུད་ཊཱིག་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ། རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་མཛད་རྣམ་བརྙན་དེབ་ངོ་མཚར་ནོར་བུའི་དོ་ཤལ་བཅས་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་སྔ་གངས་ཅན་ཕན་བདེ་ལེགས་བཤད་གླིང་དང་རྒྱུད་གྲྭ་སྨད་སྟོད་ཀྱི་སྐྱེས་རབས་པ་ཚོས་མཚན་ཉིད་གཞུང་ལ་ལྟ་ཡི་ཡོད་པ་མ་རེད། ངོས་རང་རྒྱ་གར་ལ་བསླེབས་རྗེས་དཔེ་ཆར་བལྟ་དགོས་པའི་འབོད་སྐུལ་ཞུས་ཏེ། ཁྱེད་རང་ཚོ་ཡིན་ནའང་ངོས་ཀྱིས་འབོད་སྐུལ་ཞུས་པ་བཞིན་དང་ལེན་བྱས་ནས་ཨུ་ཚུགས་བརྒྱབ་ནས་མཚན་ཉིད་ལ་ལྟ་བ་སོགས་གནང་པ་རེད། དེ་བས་རྒྱུད་གྲྭ་སྨད་སྟོད་གཉིས་ཀས་མཚན་ཉིད་སློབ་ཀྱི་ཡོད་པ་དེ་གང་ལྟར་ཡར་རྒྱས་རེད། གསང་བ་འདུལ་བའི་རྒྱུད་གཞུང་བཏོན་ཏེ་གསང་བ་འདུལ་བའི་ཟབ་གནད་ཤེས་དགོས་བྱུང་ན། མཐར་གཏུགས་ནས་བྱང་ཆུབ་ཀྱི་སེམས་དང་གཙོ་བོ་ནི་སྟོང་ཉིད་ཀྱི་ལྟ་བའི་སྒང་ལ་འགྲེལ་གྱི་ཡོད་པ་རེད། མདོ་ཕྱོགས་ནས་གསུངས་པའི་དབུ་ཚད་ཀྱི་གཞུང་དང་དབུ་འཕར་གྱི་གཞུང་དེ་ཚོ་ལ་ལྟ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་འདུག་པས། ཁྱེད་རང་ཚོས་ད་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་དགོས་རེད། རྗེ་རིན་པོ་ཆེས་བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ་ཞེས་ཇི་ལྟར་གདམས་པ་བཞིན། ང་ཚོས་དེ་ལག་ལེན་ལ་འཁེལ་ནས་བྱས་པ་ཡིན་ན་རྗེ་རིན་པོ་ཆེའི་བསྟན་པ་འཛིན་མཁན་ངོ་མ་དེ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།ཡང་༧གོང་ས་མཆོག་གིས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་ཚེ་རིང་པོ་བྱུང་ན་བསམ་སྟེ་བཤད་པ་དང་སྨོན་ལམ་རྒྱག་གིན་ཡོད་པ་རེད། ལྷག་པར་དུ་གཞིས་ལུས་རྒྱ་ཆེ་མི་མང་ཚོས་ཞེ་པོ་སེམས་ཤུགས་བསྐྱེད་དེ་དད་པ་དང་ཞེན་ཁོག་ཧ་ལས་པ་ཞིག་འདུག འཛམ་གླིང་འདིའི་སྒང་ལའང་ངོས་ལ་དགའ་མོས་བྱེད་མཁན་ཞེ་དྲགས་མང་པོ་རེད། ངོས་ཀྱིས་ས་སོགས་འབྱུང་བ་ཆེན་པོ་དང་།། ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག ། ཅེས་སྤྱོད་འཇུག་ནང་གསུངས་པ་བཞིན་རྟག་པར་སྨོན་ལམ་རྒྱག་གི་ཡོད། དེ་བས་གང་འཚམ་གྱིས་ཕན་ཐོགས་ཡོང་ཐུབ་ཡ་ཞིག་དངོས་སུ་མིག་མཐོང་ལག་ཟིན་འདུག ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་དེ་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་ངལ་སེལ་བར་ཤོག ། ཅེས་ཉིན་ལྟར་སེམས་བསྐྱེད་ཀྱི་ཡོད། ད་ལྟའི་མི་ཚེ་འདིར་ཁ་ཡོད་ལག་ཡོད་ཀྱིས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་ཡོད་པ་ཞིག་ཆགས་ཡོད་དུས། མ་འོངས་པར་ཡོང་བ་ཞིག་ལ་སྨོན་ལམ་བརྒྱབ་པ་ཙམ་མིན་པར་ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་བོད་མི་གཙོ་བོར་གྱུར་པའི་འཛམ་གླིང་གི་མི་མང་པོ་ཞིག་གིས་ངོས་ལ་བློ་གཏད་དེ་དགའ་པོ་བྱེད་ཀྱི་ཡོད་པས། ཇི་ཙམ་ཚེ་རིང་དུ་གནས་པ་དེའི་ཚོད་ཀྱིས་གཞན་ཕན་གྱི་བྱ་བ་དེའི་ཚོད་ཀྱིས་སྒྲུབ་ཐུབ་པ་ཞིག་ཡོད་སྟབས་སྙིང་སྟོབས་སྐྱེས་ནས་སྡོད་ཀྱི་ཡོད། ལོ་བརྒྱ་དང་བཅུ་གྲངས་ཤིག་ལ་སྡོད་རྒྱུ་སྔ་མོ་དཔལ་ལྡན་ལྷ་མོའི་ལུང་བསྟན་ཤིག་བཤད་སྡོད་ཀྱི་ཡོད་པ་རེད། ལོ་བརྒྱ་དང་བཅུ་གྲངས་ཤིག་ལ་སྡོད་རྒྱུར་ངོས་ཀྱི་སྨོན་ལམ་རྒྱག་གི་ཡོད་ལ། སྙིང་སྟོབས་ཀྱང་སྐྱེས་སྡོད་ཀྱི་ཡོད། ཕལ་ཆེར་ཚེ་རིང་པོ་གནས་ཀྱི་རེད། ང་ཚོ་ཚང་མ་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དེ་དག་ང་ཚོ་རང་དབང་ལུང་པར་ཡོད་པ་ཚོས་ཁོང་ཚོའི་ཚབ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད་ལ། ད་དུང་མུ་མཐུད་ཧུར་ཐག་བྱེད་རོགས། ཅེས་དང་། ད་ལྟའི་དུས་རབས་ཁག་པོ་འདིའི་སྐབས་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་བསྟན་པ་དང་འགྲོ་བའི་དོན་དུ་སྨོན་ལམ་ཚུན་ཆད་རྒྱག་བཞིན་སྡོད་མཁན་རྣམས་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་བ་ཏན་ཏན་ཡོང་གི་རེད། ངོས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བའང་མ་རེད་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ཡིན་བསམ་པ་དྲན་གྱི་ཡོད། བཀའ་ཡི་བློན་པོ་ལྟ་བུ་ཞིག འཕགས་པ་སྤྱན་རས་གཟིགས་ཀྱིས་མི་མངོན་ནམ་མཁའི་དབྱིངས་ནས་ཐུགས་རྗེ་བྱིན་རླབས་གནང་གི་རེད་དེ། དངོས་སུ་མཇལ་རྒྱུ་གང་ཡང་མི་འདུག་གཱ། འཕགས་པ་སྤྱན་རས་གཟིགས་ཀྱི་ཚབ་ལྟ་བུ་ཞིག་བྱས་ནས་སྡུག་སྐད་དང་སྐད་ལོག་རྒྱག་པ་དེ་ངོས་ཀྱིས་བྱེད་ཀྱི་ཡོད་པ་རེད། དེ་བས་འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་དང་བཀའ་སྒྲུབ་མཁན་གཅིག་ངོས་རང་ཆགས་ཡོད་པ་རེད། ངོས་དང་འབྲེལ་བ་བྱུང་བ་དེ་ཚོ་ཤུགས་ལ་འཕགས་པ་སྤྱན་རས་གཟིགས་ལ་འབྲེལ་བ་ཡོད་སྡོད་པ་དེ་ཤུགས་ལ་ཆགས་སྡོད་ཀྱི་ཡོད་པ་རེད། ཅེས་སོགས་གསུངས་སོང་།སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་ཐུབ་བསྟན་བསྟན་འཛིན་མཆོག་ནས་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས། འདི་ལོ་བྱམས་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་དང་། རྗེ་བླ་མས་སེ་ར་ཆོས་སྡིངས་སུ་རྒྱུད་ཆེན་ཤེས་རབ་སེང་གེར་རྒྱུད་ཀྱི་གླེགས་བམ་གནང་ནས་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་པ། རྒྱུད་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ ༦༠༠ འཁོར་བ་བཅས་རྒྱུད་ཆེན་ཡབ་སྲས་གསུམ་གྱི་བཀའ་དྲིན་རྗེས་དྲན་གྱི་དྲུག་བརྒྱའི་དུས་སྟོན་ཁྱད་པར་ཅན་གསུམ་སྲུང་གཙི་ཞུ་རྒྱུ་ཡིན་པ་དང་། ཁྱད་པར་དུ་གསང་ཆེན་རིག་པ་འཛིན་པའི་སྡེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དེ་ཉིད་ཕྱག་འདེབས་པ་པོ་རྗེ་བཙུན་ཀུན་དགའ་དོན་གྲུབ་མཆོག་རྗེས་དྲན་ཞུ་ཆེད་ཡིན་པ་དང་། སྟོད་རྒྱུད་གྲྭ་ཚང་དེ་ཕྱི་ལོ་ ༢༠༠༤ ནས་བཟུང་བཞུགས་སྒར་དྷ་སའི་ཉེ་འཁྲིས་སུ་སྤོས་པ་ནས་ད་བར་མདོ་དབུས་ཁམས་གསུམ་གཙོས་པའི་ཧི་མ་ལ་ཡའི་རི་བརྒྱུད་ཁག་དང་། སོག་པོ་བཅས་ནས་གྲྭ་རྒྱུན་བགྲེས་གཞོན་གྲངས་ ༥༠༠ ཙམ་ནས་བཤད་སྒྲུབ་འཆད་ཉན་དང་མདོ་སྔགས་ཟུང་འབྲེལ་གྱི་སློབ་གཉེར་གནང་བཞིན་པ་མ་ཟད། ལོ་རེར་སྔགས་རམས་པ་གཉིས་རེ་ཐོན་བཞིན་ཡོད་སྐོར་གསུངས་སོང་།མཇུག་ཏུ་དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། སྔ་མོ་ཡིན་ན་རྒྱུད་པ་གྲྭ་ཚང་གཉིས་ལ་སྔགས་ཀྱི་ཆོ་ག་མ་གཏོགས་མདོ་ཕྱོགས་ལ་ཐུགས་སྣང་མི་གནང་བ་ལྟ་བུ་ཞིག་ཡོད་པ་རེད། དེ་ཚོའི་ཐོག་ལ་༧རྒྱལ་མགོན་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཡང་ནས་ཡང་དུ་ཕེབས་པར་བརྟེན། ད་ལྟའི་གནས་བབས་སུ་རྗེས་རབས་པ་རྣམ་པས་སྙན་གསེང་ཞུས་པ་བཞིན་མདོ་སྔགས་གཉིས་ཀྱི་ཕྱོགས་སུ་གསན་བསམ་རྒྱ་ཆེན་བཞེས་ཏེ། ཉམས་ལེན་ཚགས་ཚུད་ཡོང་བའི་དཔེ་མི་སྲིད་པའི་ཡག་པོ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ཞེས་སོགས་རྒྱུད་སྡེའི་འཆད་ཉན་དོན་དང་ལྡན་པ་ཞིག་དང་སྤུས་དག་པོ་ཞིག་ཡོང་བར་མུ་མཐུད་ཚང་མས་འབད་བརྩོན་བྱེད་དགོས་སྐོར་བཀའ་སློབ་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༢

Leave a Reply

One thought on “རྗེ་རིན་པོ་ཆེའི་གདམས་པ་ལག་བསྟར་བྱས་ན་ཁོང་གི་བསྟན་པ་འཛིན་མཁན་ངོ་མ་དེ་ཆགས་ཀྱི་ཡོད།

  1. ངག་དབང་བྱང་ཆུབ།

    བོད་ལ་ཡོད་པ་ནང་པའི་ཆོས་འདི་རེད། ཆོས་རྒྱལ་གོང་མ་རྣམས་པས་འབད་བསྩོལ་ཆེན་པོས་འཕགས་ཡུལ་ནས་གདན་དྲང་ནས་ད་ལྟ་བར་གཅེས་ཟུང་
    བྱས་སྟེ་མ་ཉམས་ཡོད་པ་འདཀི་། རིས་མེད་བསྟན་འཛིན་དགེ་འདུན་རྣམས་འཛིང་སྐྱོངས་འདི་རེད། ད་ལྟ་འཛམ་བུའི་གླིང་ངོམས་སུ་ཆོག་པ་ཡོད། འོན་ཀྱང་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བསམ་འཆར་ལ་ཁོང་ཁ྄ོ་ལང་ནས་ཆོས་བརྒྱུས་སྤྱི་འཐུས་བཀག་འགོག་བྱ་རྒྱུར་ཧུར་བཙོན་པ་མང་ཙམ་འདུག དེ་ནི་མེད་པོ་གོང་མ་ཚོའི་བཞེད་རྒྱུན་དེ་དག་རྒྱུན་གཅོད་པའི་བསམ་ཕ་ཐབས་སྡུག་ཅིག་རེད།།