ཤཱཀྱ་ཐུབ་པ་སྟོན་པ་འདྲ་འདྲའི་ནང་ནས་ཕལ་ཆེར་མི་འདྲ་བ་ཞིག་རེད་འདུག

༧གོང་ས་མཆོག་གིས་པ་ལིའི་ནང་ཡོད་པ་དང་བོད་སྐད་ནང་མེད་པ། ཡང་བོད་སྐད་ནང་ཡོད་པ་དང་པ་ལིའི་ནང་མེད་པ་ག་རེ་ཡོད་མེད་ཐོག་ཞིབ་འཇུག་བྱས་ཏེ་ཕན་ཚུན་ཁ་གསབ་རེས་བྱེད་ཐུབ་ན་ཡག་པོ་འདུག་ཅེས་གསུངས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་གྲངས་ ༦༠༠ ཙམ་གཙོ་བོར་གྱུར་པའི་རྒྱལ་ཁབ་འདྲ་མིན་ ༦༠ ལྷག་གི་དད་ལྡན་དོན་གཉེར་ཅན་དང་། བོད་རིགས་སེར་སྐྱ་ཕོ་མོ་བཅས་མི་གྲངས་ ༦༠༠༠ ལྷག་ལ་ཉིན་གྲངས་གསུམ་རིང་གི་ཤེས་རབ་སྙིང་པོའི་གསུང་ཆོས་དབུ་འཛུགས་གནང་སོང་།

ནང་ཆོས་སྤྱི་བཤད་སྐབས་ཆགས་སྡང་གི་བློ་འདུལ་ཐབས་སྐོར་ལ་༧གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་འདིའི་ཐོག་མི་གྲངས་དུང་ཕྱུར་བདུན་ཅུ་མ་ཟིན་ཙམ་ཡོད་ལ། ཚང་མ་སྡུག་ངལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད་དེ། སྡུག་བསྔལ་གྱི་རྒྱུ་རྣམས་སེམས་ཀྱི་ཆགས་སྡང་གི་དབང་གིས་ཡོང་གི་ཡོད་པ་དེ་ཚོའི་གྲས་ལ་དོ་སྣང་མེད་པ་དང་མ་སྐྱིད་པ་ཡོང་གི་ཡོད་སྟབས། ལུས་པོའི་བདེ་སྡུག་གཅིག་པུའི་ཐོག་བསམ་བློ་རྐྱང་འཁོར་ཡོད་པ་གཅིག་དང་། མི་སྐྱིད་དུས་ཆང་ཨ་རག་འཐུང་བ་དང་ཉལ་ཐ་འཐེན་པ་སོགས་བྱས་ནས་འགྲོ་ཡི་འདུག བདེ་སྡུག་ཡོང་ས་དེ་ཡིད་བློའི་སྟེང་ནས་ཡོང་གི་ཡོད་དུས། སྒོ་ལྔའི་ཤེས་པ་ལས་ལོགས་སུ་ཡིད་བློ་ཟེར་བ་ཞིག་ཡོད་པ་དེའི་སྟེང་ནས་ཆགས་སྡང་གི་དབང་གིས་སྡུག་ངལ་ཡོང་གི་ཡོད་པ་དེ་ལ་བཅོས་ཐབས་ཡོད་མེད་བསམ་བློ་གཏོང་དགོས་པ་རེད། ཆོས་ཁས་བླངས་རུང་མ་བླངས་རུང་། སྐྱེ་བ་སྔ་ཕྱི་ཁས་བླངས་རུང་མ་བླངས་རུང་། གང་ལྟར་མ་སྐྱིད་པ་བཟོ་མཁན་དེ་ཆགས་སྡང་གཉིས་ཀྱི་དབང་གིས་ཡོང་གི་ཡོད་དུས། ཆགས་སྡང་གི་བློ་དེ་ཏོག་ཙམ་ཤུགས་ཆུང་དུ་ཕྱིན་པ་ཡིན་ན་སེམས་ཞི་ལྷོད་ཡོང་གི་རེད། ཆགས་སྡང་གི་བློ་ཤུགས་ཆེན་པོ་བསླེབ་དུས་རྦད་དེ་སེམས་འཁྲུག་སྟེ་མ་སྐྱིད་པ་ཡོང་གི་ཡོད་པ་གསལ་པོ་ཞེ་དྲགས་རེད། ཆགས་སྡང་ནི་སེམས་ནམ་ཡོད་ལ་མེད་པ་གསལ་པོ་རེད། དཔེར་ན་ཆགས་པ་དང་སྡང་བ་གཉིས་འཛིན་སྟངས་མ་འདྲ་བ་ཞིག་འདུག དུས་གཅིག་ལ་ཡུལ་གཅིག་ལ་དམིགས་ནས་ཆགས་པ་སྐྱེ་བའི་སྐབས་ལ་སྡང་བ་སྐྱེས་ཀྱི་ཡོད་པ་མ་རེད། སྡང་བ་སྐྱེ་བའི་སྐབས་སུ་ཆགས་པ་སྐྱེས་ཀྱི་མ་རེད། འཛིན་སྟངས་འགལ་བ་ལྟ་བུ་ཞིག་འདུག གང་ལྟར་བློའི་འགྲོ་སྟངས་ལ་འཛིན་སྟངས་མ་འདྲ་བ་ཡོད་པ་དེའི་གནས་ཚུལ་དེ་རྩད་བཅད་ནས་ཤེས་པའི་ཐོག ཆགས་པའི་གཉེན་པོ་མི་སྡིག་པ་སྒོམ་པ་དང་ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་སོགས་གྱི་གྲས་དེ་ཡོང་གི་ཡོད་པ་རེད། དེ་ནི་བྱམས་པ་དང་བརྩེ་བ་སྒོམ་ན་བྱིན་རླབས་ཆེན་པོ་ཡོད་པ་རེད་ཟེར་བའི་སྐད་ཆ་དེ་མིན་པར། སེམས་མ་སྐྱིད་པ་དེ་ཆགས་སྡང་གིས་བཟོ་ཡི་ཡོད་སྟབས་ཆགས་སྡང་གི་གཉེན་པོ་བྱམས་པ་སྒོམ་པ་དེ་བཤད་ཀྱི་ཡོད་པ་རེད། དེང་སྐབས་དུས་རབས་ཉེར་གཅིག་ནང་སླེབས་ནས་སྤྱིར་བཏང་ཤེས་ཡོན་སྐོར་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་རེད་ལ། འཕྲུལ་ཆས་ཡར་རྒྱས་ཕྱིན་ཏེ་འཕྲུལ་ཆས་ཀྱིས་སེམས་ལ་བདེ་སྡུག་བཟོ་བར་གང་ཡང་བྱེད་ཐུབ་པ་ཞིག་ཤེས་པ་ཁོ་རང་གི་སྟེང་ནས་བཟོ་དགོས་པ་ཡིན་དུས། སེམས་ཁམས་རིག་པ་ཤེས་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་འདུག དེ་བས་སྤྱིར་བཏང་གི་ཤེས་ཡོན་ནང་སློབ་སྦྱོང་སྤྲོད་དུས་སེམས་ཁམས་རིག་པ་ངེས་པར་བཤད་དགོས་འདུག ཅེས་གསུངས་སོང་།ཡང་སངས་རྒྱས་བཅོམ་ལྡན་འདས་ནི་སྟོན་པ་འདྲ་འདྲའི་ནང་གི་མི་འདྲ་བ་ཞིག་ཡིན་སྐོར་ལ་གོང་ས་མཆོག་གིས། བཀའ་བསྟན་གཉིས་བོད་བརྒྱུད་ནང་བསྟན་གྱི་ཁོངས་གཏུག་ས་ཡིན་ལ། དེང་སྐབས་ནང་པའི་ཆོས་ནི་ཕལ་ཆེར་བོད་ལ་ཡོད་པའི་བཀའ་བསྟན་པོད་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་རྒྱས་ཤོས་ཆགས་ཡོད་པ་དང་། མ་གཞི་པ་ལིའི་ནང་ལའང་མང་པོ་ཡོད་པ་རེད། གཞུང་ཁ་ཤས་པ་ལིའི་ནང་ལ་ཡོད་པ་དང་བོད་སྐད་ནང་མེད་པ་དེ་འདྲ་ཡོད་པ་འདྲ། དེ་བས་པ་ལིའི་ནང་ཡོད་པ་དང་བོད་སྐད་ནང་མེད་པ་དང་། བོད་སྐད་ནང་ཡོད་པ་དང་པ་ལིའི་ནང་མེད་པ་ག་རེ་ཡོད་མེད་ཐོག་ཞིབ་འཇུག་བྱེད་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་མྱོང་། དེ་ཚོའི་གྲས་ཕན་ཚུན་ཁ་གསབ་རེ་བྱེད་ཐུབ་ན་ཡག་པོ་འདུག བཀའ་འགྱུར་པོད་ཏི་བརྒྱ་དང་བསྟན་འགྱུར་པོད་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་དེ་ནི་བོད་ཀྱི་སངས་རྒྱས་ཆོས་ཀྱི་རྩ་བ་ཁོངས་གཏུག་ས་དེ་རེད་འདུག ཅེས་དང་། སྤྱིར་ཆོས་ལུགས་ཚང་མས་དད་པ་གལ་ཆེན་པོ་གསུང་གི་ཡོད་པ་རེད། སངས་རྒྱས་པའི་གཞུང་གིས་དད་པ་ཁོ་ན་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་རྒྱུ་དང་རྐྱེན་ཟེར་རྒྱུ་དེ་ཚོའི་གྲས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་འདི་ལྟར་གསུངས་ཡོད་པ་རེད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད། འདི་ཐུན་མོང་མ་ཡིན་པ་རེད་འདུག བཅོམ་ལྡན་འདས་ཀྱིས། ངས་བཤད་པའི་ཆོས་འདི་ལ་དགེ་སློང་དང་མཁས་དབང་ཚོས་བཅོམ་ལྡན་འདས་ཀྱིས་བཀའ་རེད་ཅེས་དད་པ་བྱས་ནས་ཡིད་ཆེས་བྱེད་དགོས་མ་རེད། བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ལ་ཁྱེད་རང་ཚོས་བརྟག་དཔྱད་བྱོས། བརྟག་དཔྱད་དང་ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོགས་ཡོད་པ་དེ་དག་ཚུར་ལག་ཏུ་བླང་། གལ་ཏེ་དེ་ཙམ་གྱིས་དགོས་པ་གང་ཡང་མ་མཐོང་ཚེ་ཁས་ལེན་བྱེད་མི་དགོས། ཞེས་པ་འདིས་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ནི་སྟོན་པ་འདྲ་འདྲའི་ནང་ནས་ཕལ་ཆེར་མི་འདྲ་བ་ཞིག་རེད་འདུག ཅེས་སོགས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༠༥

Leave a Reply

One thought on “ཤཱཀྱ་ཐུབ་པ་སྟོན་པ་འདྲ་འདྲའི་ནང་ནས་ཕལ་ཆེར་མི་འདྲ་བ་ཞིག་རེད་འདུག

  1. གསར་འགོད་པ་དང་རྩོམ་སྒྲིག་པ་ལགས། གོང་དུ་ འགོག་ངེས་ཤེས་པ་ ཞེས་བཀོད་པ་ནོར་འདུག་པས་ འཕྲལ་དུ་སྒོ་ལྔའི་ཤེས་པ་ལ་བཅོས་རོགས། སྡུག་ངལ་དུ་བྲིས་པ་དེ་ཡང་སྡུག་བསྔལ་ལ་བཅོས་ན་ལེགས། གསར་འགོད་པས་འོལ་ཚོད་ཀྱིས་མི་འབྲི་བར་རྩོམ་སྒྲིག་པ་ལ་བཀའ་འདྲི་མང་པོ་ཞུ་དགོས་ངེས་འདུག