ངོས་ཀྱི་མངོན་འདོད་གཅིག་ནི་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་དེ་ཡིན།

ཧི་མ་ཅལ་གྱི་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོའི་ཐོག་བཅར་བའི་སྐུ་ཚབ་ཁག་ཅིག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུགདེ་རིང་ཕྱི་ཚེས་ ༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་མཇལ་འཕྲད་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེ་གཞུང་གིས་གོ་སྒྲིག་གནང་བའི་ཧི་མ་ཅལ་གྱི་གོ་ལའི་མ་འཛུགས་ཚོགས་ཆེན་ཐེངས་དང་པོར་བཅར་བའི་སྐུ་ཚབ་གནད་ཡོད་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། མགོན་པོ་གང་ཉིད་ནས་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་དང་། སློབ་གྲྭ་ཁག་ནང་རྒྱ་གར་གྱི་གནའ་རབས་སློབ་གསོའི་ལམ་སྲོལ་བསྐྱར་གསོ་གནང་རྒྱུ་ནི་ཁོང་གི་ཐུགས་བསྐྱེད་དམ་བཅའ་གཉིས་ཡིན་སྐོར་གསུངས་འདུག

མཇལ་འཕྲད་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་ནས་རྟག་པར་འགྲོ་བ་མི་དུང་ཕྱུར་ ༧༠ དེ་གཅེན་གཅུང་ཞིག་ལ་རྩི་ཡི་ཡོད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་པ་ལས། རིག་གཞུང་དང་ཆོས་ལུགས། རྒྱལ་ཁབ་མི་འདྲ་བ་དེ་རིམ་པ་གཉིས་པ་ཞིག་ཏུ་རྩི་ཡི་ཡོད། སྤྱིར་ཁྱད་པར་ཡོད་ཀྱང་གཞི་རྩའི་ཆ་ནས་ང་ཚོ་སྐྱེ་ཚུལ་དང་། ཨ་མའི་འོ་མར་རོལ་ཚུལ་གཅིག་པ་རེད། དེ་བཞིན་མཐའ་མཇུག་དེར་འཆི་ཚུལ་ཡང་གཅིག་པ་རེད། ང་ཚོའི་ཚེ་སྲོག་དེ་ཨ་མ་ལས་འབྱུང་གི་ཡོད་པ་དང་། ང་ཚོར་ཨ་མའི་ས་ནས་བྱམས་བརྩེ་ཕོན་ཆེན་ཐོབ་ཀྱི་ཡོད་པར་བརྟེན། ང་ཚོའི་ཚེ་སྲོག་དེ་ཡང་བྱམས་བརྩེའི་ཐོག་ནས་མགོ་འཛུགས་ཀྱི་ཡོད་པ་ལས། བྱམས་བརྩེ་མེད་པར་འཚོ་ཐབས་མེད་པ་རེད། དེང་སྐབས་ཚན་རིག་པ་འགས་འགྲོ་བ་མི་དེ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པར་བརྟེན། ང་ཚོའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་དང་། སྒེར་གྱི་འཚོ་གནས་དེ་རང་གི་སྤྱི་ཚོགས་ལ་བརྟེན་ནས་ཡོད་པ་ལས། དབང་ཤུགས་སོགས་ཅི་ཙམ་ཡོད་ཀྱང་སྤྱི་ཚོགས་ལ་མ་བརྟེན་པར་འཚོ་གནས་ཐུབ་ཀྱི་མེད་པར་རྗོད་ཀྱི་ཡོད། དེ་སྔ་ཡིན་ན་སྤྱི་ཚོགས་ཆུང་ཆུང་ལ་མ་གཏོགས་བརྟེན་དགོས་ཀྱི་མེད་ཀྱང་། དེང་སྐབས་ཤར་ཕྱོགས་དེ་ནུབ་ཕྱོགས་ལ་བརྟེན་ཡོད་ཅིང་། ནུབ་ཕྱོགས་ཡང་ཤར་ཕྱོགས་ལ་བརྟེན་ནས་ཡོད། དེ་ནི་ད་ལྟའི་དུས་སྐབས་ཀྱི་དངོས་ཡོད་གནས་སྟངས་ཤིག་རེད། ལྟ་ཕྱོགས་འདིའི་ཐོག་ནས་འགྲོ་བ་མི་དུང་ཕྱུར་ ༧༠ དེ་སྤྱི་ཚོགས་ཀྱི་ཁོངས་སུ་ཡོད་པ་རེད། དེང་སྐབས་ང་ཚོར་མི་རིགས་དང་། ཆོས་ལུགས་དབྱེ་འབྱེད་ཀྱི་བསམ་བློའི་ཐོག་ནས་བསྐྲུན་པའི་དཀའ་ངལ་མང་དག་ཅིག་ཡོད་ཀྱང་། ད་ལྟ་ང་ཚོས་མི་དུང་ཕྱུར་ ༧༠ ཚང་མ་གཅིག་འགྱུར་ཡོང་རྒྱུའི་ཐད་བསམ་བློ་གཏང་རྒྱུའི་དུས་ལ་བབ་ཡོད། དེར་བརྟེན་ངོས་ཀྱི་མངོན་འདོད་གཅིག་དེ་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་དེ་ཡིན། ཞེས་གསུངས་སོང་།ཡང་དེང་རབས་སློབ་གསོ་དེ་འདང་ངེས་ཞིག་མིན་པའི་སྐོར་ལ་མགོན་པོ་གང་ཉིད་ཀྱིས། རྒྱལ་ཁབ་འདིའི་ད་ལྟའི་སློབ་གསོའི་ལམ་སྲོལ་དེ་འདང་ངེས་ཞིག་མེད། ཕྱི་དངོས་པོའི་ཡར་རྒྱས་དང་འཕྲུལ་རིག ཚན་རིག་བཅས་ལ་དེང་རབས་སློབ་གསོ་དེ་ཧ་ཅང་གལ་ཆེན་པོ་རེད་ལ་བེད་སྤྱོད་ཡང་ཆེན་པོ་ཡོད། ཡིན་ན་ཡང་། སེམས་མྱོང་དང་འབྲེལ་ནས་ང་ཚོའི་སེམས་དེ་ཇི་ལྟར་ཞི་ལྷོད་ལྡན་པར་བཟོ་དགོས་པའི་གནད་དོན་ཐོག་བསླེབས་དུས། དེང་རབས་སློབ་གསོས་གང་ཡང་བརྗོད་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ངོས་ཀྱི་མངོན་འདོད་གཅིག་ནི་སློབ་གྲྭ་ཁག་ནང་རྒྱ་གར་གནའ་རབས་སློབ་གསོའི་ལམ་སྲོལ་བསྐྱར་གསོ་བྱ་རྒྱུ་དེ་ཡིན། དགོན་པའི་ནང་ཟེར་གྱི་མེད། རྒྱ་གར་ལ་དེང་རབས་སློབ་གསོ་དང་གནའ་རབས་རྒྱ་གར་སློབ་གསོ་གཉིས་ཟུར་འབྲེལ་བྱ་རྒྱུའི་ནུས་པ་ཡོད། དེང་རབས་སློབ་གསོ་དེ་ཕྱི་དངོས་པོ་ཡར་རྒྱས་འགྲོ་རྒྱུར་ཕན་གྱི་ཡོད་ལ། རྒྱ་གར་གྱི་གནའ་རབས་སློབ་གསོས་ནང་བསམ་བློའི་ཞི་བདེ་བསྐྲུན་རྒྱུར་ཕན་གྱི་ཡོད་པ་རེད། ངོས་ནས་རྒྱ་གར་གྱི་གནའ་རབས་ཤེས་བྱ་དེ་སློབ་གསོའི་ལམ་ནས་མ་གཏོགས་ཞལ་འདོན་དང་ཆོ་གའི་ཐོག་ནས་སྤེལ་དགོས་ཟེར་གྱི་མེད། ཅེས་གསུངས་སོང་།

དེའི་རྗེས་བཀའ་འདྲི་བཀའ་ལན་གྱི་སྐབས་སུ་སྐུ་ཚབ་ཅིག་གིས་༧གོང་ས་མཆོག་ནས་སེམས་མྱོང་གི་འཕྲོད་བསྟེན་སྐོར་གསུང་གླེང་གནང་བ་དེ་གལ་ཆེན་ཡིན་ཡང་། ང་ཚོས་སེམས་མྱོང་སྐོར་བཤད་དུས་རང་ཤུགས་ཀྱིས་དྲི་བ་འདྲི་གི་མེད་པ་མིན་ནམ་ཞེས་བཀའ་འདྲི་ཞུར་པར་ཁོང་གིས། མ་རེད་། མ་རེད། སེམས་མྱོང་ཁོངས་སུ་དཔེར་ན་མཚམས་རེར་བྱམས་བརྩེའི་སེམས་མྱོང་ཤུགས་ཆེར་སྐྱེས་པའི་རྐྱེན་གྱིས་མིག་ནས་མིག་ཆུ་ཤོར་བ་དེ་འདྲ་འབྱུང་གི་ཡོད། འདི་ལྟ་བུའི་བཟང་ཕྱོགས་ཀྱི་སེམས་མྱོང་དེ་དག་གཞི་རྩ་རྒྱུ་མཚན་ལ་བརྟེན་ནས་འབྱུང་གི་ཡོད། ཡིན་ན་ཡང་ཁོང་ཁྲོ་དང་། ཕྲག་དོག སེམས་ཞུམ་པ་ལྟ་བུའི་ལྡོག་ཕྱོགས་ཀྱི་སེམས་མྱོང་དེ་དག་ལ་གཞི་རྩ་ཡག་པོ་ཞིག་མེད། ང་ང་ཞེས་པའི་ང་འཛིན་གྱི་བློ་དེའི་རྐྱེན་པས་རང་གི་ལུས་དང་སེམས་གཉིས་ལས་ཐ་དད་པའི་ང་རང་རྐྱ་བ་ཞིག་ཡོད་པ་ལྟ་བུ་ཚོར་གྱི་ཡོད། ཅེས་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༠༨

Leave a Reply

One thought on “ངོས་ཀྱི་མངོན་འདོད་གཅིག་ནི་མི་ཚང་མ་གཅིག་འགྱུར་ཡིན་པའི་འདུ་ཤེས་སྐྱེ་རུ་འཇུག་རྒྱུ་དེ་ཡིན།

  1. ཡང་ དེ་རིང་ རྒྱ་གར་གྱིས་སྟོང་གསུམ་གྱི་ཁྲམ་པ་འདི་གེ་ ཞོར་ཏེ་ ༧གོང་ས་མཆོག་མཇལ་ཁ་བཅར་འདུག་ག མ་བཏང་རང་བཏང་རེད་པ་ ! 🤔