རྒྱལ་ཚོགས་ནང་༧སྐུའི་ཡང་སྲིད་ཀྱི་གནད་དོན་གླེང་སློང་གནང་འཆར་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སཱམ་བྷི་རོན་བྷག་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་སྐོར་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་གནང་སྟེ་རྒྱ་ནག་གཞུང་གི་བྱུས་གཏོགས་འགོག་ཐབས་གནང་རྒྱུ་ཡིན་སྐོར་གསུངས་འདུགདེ་རིང་རྒྱ་གར་དུས་བབ་ནང་གནས་ཚུལ་བཀོད་པ་ལྟར་ན། ཉེ་སྔོན་བཞུགས་སྒར་དྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སཱམ་བྷི་རོན་བྷག་(Sam Brownback)ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཆེ་བའི་སྐྱེས་བུ་ཞིག་ཡིན་པས། ཁོང་གི་གནད་དོན་ཐད་རྒྱལ་སྤྱིའི་ཐོག་ནས་སྔ་ས་ནས་གྲོས་བསྡུར་གནང་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ཅེས་༧སྐུའི་ཡང་སྲིད་ཀྱི་གནད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་གླེང་སློང་གནང་འཆར་ཡོད་པ་མ་ཟད། ༧སྐུའི་ཡང་སྲིད་ཀྱི་བདག་དབང་བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་པའི་ངོས་འཛིན་དང་རྒྱབ་སྐྱོར་འཚོལ་རྒྱུ་ཡིན་སྐོར་གསུངས་འདུག

སྐུ་ཞབས་སཱམ་བྷི་རོན་བྷག་ལགས་ཀྱིས། ངས་བསམ་ན་རྒྱ་ནག་དམར་ཤོག་ཚོགས་པས་༧ཏྰ་ལའི་བླ་མའི་ཡང་སྲིད་ཐད་བསམ་བློ་མང་པོ་བཏང་སྟེ་འཆར་གཞི་བསྒྲིགས་ཡོད་པར་ཐེ་ཚོམ་མེད་པས། ང་ཚོས་ཁོ་ཚོའི་གཏུམ་སྤྱོད་ཀྱི་བྱ་སྤྱོད་དེར་དཔག་པའི་གཏུམ་སྤྱོད་ཀྱི་འཆར་གཞི་ཞིག་སྒྲིག་དགོས་ཀྱི་ཡོད། ཅེས་དང་།  ཁོང་གིས་༧སྐུའི་ཡང་སྲིད་ཀྱི་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ནང་གླེང་སློང་གནང་རྒྱུ་ཡིན་པ་མ་ཟད། ཨ་རིས་རྒྱལ་ཚོགས་ཀྱི་ལས་འཛིན་པའི་གོ་དབང་བེད་སྤྱད་ཀྱིས་རྒྱ་ནག་གཞུང་ནས་༧སྐུའི་ཡང་སྲིད་ཐོག་ཐེ་གཏོགས་བྱེད་དུ་འཇུག་རྒྱུ་མིན་པ་དང་། དེ་ལ་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱབ་སྐྱོར་བྱེད་པར་རེ་བ་རྒྱག་གི་ཡོད་སྐོར་སོགས་གསུངས་འདུག

ཡང་གནས་ཚུལ་དེའི་ནང་དུ་སྐུ་ཞབས་སཱམ་བྷི་རོན་བྷག་ལགས་ཀྱིས། པེ་ཅིན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་རྫོགས་པ་དང་ལྷན་དུ་༧ཁོང་གི་ཚད་མཐོའི་རང་སྲིད་རང་སྐྱོང་མཇུག་བསྡུ་འགྲོ་ཡི་ཡོད་བསམས་ཏེ་སྒུག་བཞིན་ཡོད་པ་རེད་ལ། རྒྱ་ནག་གིས་རྒྱ་ནག་རང་གི་དབང་སྒྱུར་ལ་རྒྱབ་སྐྱོར་བྱེད་མཁན་ཏཱ་ལའི་བླ་མ་ཞིག་གསར་འདེམས་བྱ་རྒྱུ་ཡིན་པའི་བརྡ་མང་པོ་བསྟན་ཡོད་མོད། ༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གི་འཆར་གཞི་དེ་དག་མཁྱེན་པའི་ཐོག སྲོལ་རྒྱུན་གྱི་ཡང་སྲིད་འདེམས་སྒྲིག་གི་ལམ་ལུགས་བསྒྱུར་བཅོས་བྱེད་པའི་དགོངས་བཞེས་གནང་ཡོད། དེ་ཡང་རང་ཉིད་ཀྱི་ཡང་སྲིད་རང་ཉིད་ནས་འདེམས་རྒྱུ་ཡིན་པ་དང་། ཡང་སྲིད་བུ་མོ་ཞིག་ཀྱང་ཡོང་སྲིད་པ། དེ་བཞིན། ཐ་ན་ཁོང་ཉིད་༧ཏཱ་ལའི་བླ་མ་མཐའ་མ་དེ་ཡིན་སྲིད་པ་སོགས་ཡོངས་བསྒྲགས་གནང་ཡོད་པ་རེད། ཨ་རིར་མཚོན་ན་གྲོས་ཚོགས་ནང་གླེང་སློང་བྱས་ཏེ། ཨ་རིའི་གསར་འགོད་པ་དང་གཞུང་འབྲེལ་མི་སྣ། དེ་བཞིན། མི་སེར་དཀྱུས་མ་སོགས་བོད་ནང་རང་དབང་ཐོག་ནས་འགྲོ་འོང་བྱེད་དུ་མ་བཅུག་བར་དུ། རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་ཚོ་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱེད་བཞིན་ཡོད།  ཅེས་གསུངས་འདུགཉེ་སྔོན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སཱམ་བྷི་རོན་བྷག་ལགས་ཀྱིས་དབུ་འཁྲིད་པའི་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་ཐོག་ཕེབས་ཏེ། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་པར་བློ་འཚབ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མི་སྒེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པར་ནན་སྐུལ་བྱེད་བཞིན་ཡོད་སྐོར་དང་། བོད་ཀྱི་ཆོས་ལུགས་དབུ་འཁྲིད་འདེམ་རྒྱུ་དེ་༧གོང་ས་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་དང་བོད་མི་ཁོ་ནའི་ལག་ཏུ་ཡོད་སྐོར་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༡༡

Leave a Reply

One thought on “རྒྱལ་ཚོགས་ནང་༧སྐུའི་ཡང་སྲིད་ཀྱི་གནད་དོན་གླེང་སློང་གནང་འཆར་འདུག