ཆོས་དབྱིངས་སྐྱིད་ལ་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་འདུར་རྒྱུག་པ་ཨང་དང་པོའི་གཟེངས་རྟཊ་ཐོབ།

བོད་རིགས་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་འདི་ལོའི་རྒྱལ་སྤྱིའི་འདུར་རྒྱུག་པའི་ཁྲོད་ནས་བུད་མེད་སྐར་གྲངས་མཐོ་ཤོས་དེ་ཡིན་པ་མ་ཟད་སྐྱེས་པའི་ཁྲོད་ནས་ཀྱང་སྐར་གྲངས་མཐོ་ཤོས་དེ་ཆགས་འདུགཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ (International Association of Athletics Federations) ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་འདུར་རྒྱུག་འགྲན་སྡུར་བའི་ཁྲོད་ནས་སྐྱེས་པ་བཅུ་དང་བུད་མེད་བཅུ་ལ་གཟེངས་རྟགས་སྤྲོད་རྒྱུ་ཡིན་པ་ལྟར། བོད་རིགས་བུ་མོ་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༩ ལོའི་བུད་མེད་ཀྱི་ལོ་འཁོར་འདུར་རྒྱུག་གི་ཨང་དང་པོ་དང་། བོད་རིགས་བུད་མེད་འདུར་རྒྱུག་པ་ཀླུ་མོ་མཚོ་ལགས་ལ་ཨང་བཞི་པའི་གཟེངས་རྟགས་ཐོབ་ཡོད་འདུག

གཟེངས་རྟགས་དེ་འདི་ལོའི་འདུར་རྒྱུག་ཁྲོད་རྩེད་འགྲན་པའི་སྐར་གྲངས་མཐོ་ཤོས་གསུམ་བསྡོམས་ཏེ་ཨང་རིམ་སྤྲོད་ཀྱི་ཡོད་པ་ལས། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ཀྱི་སྤྱི་ལེ་ ༢༠ ཅན་གྱི་འདུར་རྒྱུག་འགྲན་བསྡུར་གསུམ་བསྡོམས་ནས་སྐར་གྲངས་ ༣༤ ལ་སོན་ཏེ་ཨང་དང་པོ་དང་། རྒྱ་རིགས་བུ་མོ་ཧོང་ལིའུ་ (Hong Liu) ལགས་ལ་སྐར་གྲངས་ ༣༢ བྱུང་སྟེ་ཨང་གཉིས་པ། དེ་བཞིན་བྷར་ཛིལ་ནས་ཡིན་པའི་ཨེ་རི་ཁ་རོ་ཁ་ཌི་སེ་ན་ (Erica ROCHA DE SENA) ལགས་ལ་སྐར་གྲངས་ ༢༦ ཐོབ་སྟེ་ཨང་གསུམ་པ། བོད་རིགས་བུད་མེད་འདུར་རྒྱུག་པ་ཀླུ་མོ་མཚོ་ལ་སྐར་གྲངས་ ༢༦ སྟེ་ཨང་བཞི་པ། ཀི་ལོན་པི་ཡའི་བུད་མེད་སན་དྷར་ལོ་རི་རཱ་ཨེ་རི་ནཱ་སི་( Sandra Lorena Arenas)ལ་སྐར་གྲངས་ ༢༠ བཅས་ཨང་ལྔ་པ་རེད་འདུག

སྐྱེས་པ་འདུར་རྒྱུག་པའི་ཁྲོད་ནས་སི་ཝེ་ཌན་གྱི་སྐྱེས་པ་པར་སུད་སི་ཀཱལ་སི་ཊོམ་ (Perseus Karlstrom) ལགས་ལ་སྐར་གྲངས་ ༣༢ ཐོབ་སྟེ་ཨང་དང་པོ་དང་། ཉི་ཧོང་གི་ཧྲན་ཞིས་ལིས་ཧི་ལ་སྐར་གྲངས་ ༣༠ སྟེ་ཨང་གཉིས་པ། སི་པིན་གྱི་དྷེ་གྷོ་གྷར་ཁེ་ཡ་(Diego Garcia)སྐར་གྲངས་ ༢༤ ཨང་གསུམ་པ། ཉི་ཧོང་གི་ཐེ་མུའུ་ཞུང་ཇེ་སྐར་གྲངས་ ༢༣ དང་ཨང་བཞི་པ། སྦར་ཛིར་གྱི་ཁེའོ་བྷོན་ཧྥེམ་སྐར་གྲངས་ ༢༡དང་ཨང་ལྔ་པ་རེད་འདུག

ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ནང་རྒྱལ་སྤྱིའི་བུད་མེད་འདུར་རྒྱུག་རྩེད་འགྲན་པ་ཁྱོན་གྲངས་ ༥༨ ཙམ་ཡོད་པ་དང་། རྒྱ་ནག་གི་སྐུ་ཚབ་བུད་མེད་རྩེད་འགྲན་པ་གྲངས་ ༡༤ མཉམ་ཞུགས་བྱས་ཡོད་པ་ལས། བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལགས་ནི་བུད་མེད་ཀྱི་ནང་ནས་སྐར་གྲངས་མཐོ་ཤོས་དེ་ཡིན་པ་མ་ཟད། སྐྱེས་པའི་ཁྲོད་ནས་སྐར་གྲངས་མཐོ་ཤོས་དེ་རེད་འདུག རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྩེད་འགྲན་མཐའ་མར་སྐྱེས་པ་དང་བུད་མེད་ཀྱི་འདུར་རྒྱུག་འགྲན་བསྡུར་ནང་སྐར་གྲངས་མཐོ་ཤོས་ ༨ ལ་གཟེངས་རྟགས་ཀྱི་དངུལ་ཡོད་པ་ལྟར། ཨང་དང་པོ་ཐོབ་མཁན་ལ་ཨ་སྒོར་ ༢༥༠༠༠ ཡི་བྱ་དགའ་ཡོད་འདུགཆོས་དབྱིངས་སྐྱིད་ལགས་ཀྱིས་ཐོག་མར་ཕྱི་ལོ་ ༢༠༡༢ ལོར་ལོན་ཊོན་དུ་བསྡུས་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་བླངས་ཏེ། བོད་པའི་ལོ་རྒྱུས་ཁྲོད་འཛམ་གླིང་ཨོ་རྩེད་ཁྲོད་གཟེངས་རྟགས་ལེན་མཁན་བོད་རིགས་ལུས་རྩེད་པ་ཐོག་མ་དེ་ཆགས། དེའི་རྗེས་བསྟུད་མར་རྒྱ་ནག་ནང་ལོག་དང་རྒྱལ་སྤྱིའི་རྩེད་འགྲན་ཁག་མང་པོའི་ནང་ཞུགས་ཏེ་རྒྱལ་ཁ་བླངས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༨ ལོར་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་བུད་མེད་ཀྱི་འདུར་རྒྱུག་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་བླངས་ཡོད་པ་སོགས་སྔ་གཞུག་ཏུ་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས་ནང་ནས་ཨང་དང་པོ་དང་གཉིས་པའི་གཟེངས་རྟགས་མང་པོ་ཐོབ་ཡོད་པ་རེད།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་ཤར་རྒྱུད་ཨན་ཧྭེ་ཞིང་ཆེན་གྱི་ཧང་ཧྲན་གྲོང་ཁྱེར་ (Huangshan, Anhui) དུ་བསྡུས་པའི་རྒྱ་ནག་རྒྱལ་ཡོངས་རྩེད་འགྲན་ཁྲོད། ཆོས་དབྱིངས་སྐྱིད་ལགས་ཀྱིས་ཆུ་ཚོད་ ༡ སྐར་མ་ ༢༥ སྐར་ཆ་ ༣༧ ནང་འདུར་རྒྱུག་ཟིན་ཏེ་ཨང་དང་པོ་བླངས་པ་མ་ཟད། འདི་ལོའི་བུད་མེད་ཀྱི་འདུར་རྒྱུག་མྱུར་ཚད་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༡

Leave a Reply

2 thoughts on “ཆོས་དབྱིངས་སྐྱིད་ལ་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་འདུར་རྒྱུག་པ་ཨང་དང་པོའི་གཟེངས་རྟཊ་ཐོབ།