མི་རབས་རྗེས་མ་ཚོར་བྱམས་བརྩེའི་ས་བོན་འདེབས་དགོས་སྐོར་བཀའ་སློབ་བསྩལ།

ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་གཞོན་པ་ས་རི་སི་ཧཱ་བྷིབ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་༧གོང་ས་མཆོག་ཝ་ཤིན་ཊོན་མངའ་སྡེའི་ཆིབས་བསྒྱུར་བསྐྱངས་བ་ལ་བརྟེན་ནས་མངའ་སྡེ་དེའི་ནང་བྱམས་བརྩེའི་མཁས་པའི་ལས་གཞི་བརྩམས་ཡོད་པ་དང་སི་ཡ་ཊལ་ (Seattle) གྲོང་ཁྱེར་དེ་བྱམས་བརྩེ་བཅའ་ཁྲིམས་གཏན་འབེབ་བྱེད་མཁན་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད་པ་སོགས་གསུངས་འདུགདེ་རིང་སྔ་དྲོར་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ས་རི་སི་ཧཱ་བྷིབ་(Cyrus Habib) ལགས་ཀྱིས་སྣེ་འཁྲིད་པའི་མངའ་སྡེའི་ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པ། དེ་བཞིན་མངའ་སྡེའི་བྱམས་བརྩེ་གོང་མཐོར་གྱི་ལས་གཞིའི་འཐུས་ཚབ་གཞོན་སྐྱེས་མཐོ་རིམ་སློབ་གཉེར་བ་བཅས་ལས་གྲུབ་པའི་སྐུ་ཚབ་ལྷན་ཚོགས་ཤིག་ལ་དམིགས་བསལ་མཇལ་ཁ་དང་འབྲེལ། ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་གཞོན་པའི་ལས་ཁུངས་དང་ཝ་ཤིན་ཏོན་གྱི་དམག་སྤྱི་ལྷན་ཚོགས་ཟུང་འབྲེལ་གྱི་གོ་སྒྲིག་འོག ༧གོང་ས་མཆོག་ནས་ཐད་གཏོང་བརྙན་ལམ་བརྒྱུད་ཝ་ཤིན་ཊོན་གྱི་མི་མང་སྟོང་ཕྲག་འགའ་ལ་མི་རབས་རྗེས་མ་ཚོར་བྱམས་བརྩེའི་ས་བོན་འདེབས་པ་ཞེས་པའི་ཐད་བཀའ་སློབ་བསྩལ་གནང་སོང་།

ཝ་ཤིན་ཊོན་མངའ་སྡེའི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཧཱ་བྷིབ་ལགས་ཀྱིས། དེ་རིང་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེར་དགའ་པོ་བྱུང་ལ། ད་ལྟ་ཝ་ཤིན་ཊོན་གྱི་མཐོ་སློབ་མི་འདྲ་བ་ ༦ ནང་མངའ་སྡེའི་མི་མང་ ༡༥༠༠ ལྷག་གིས་ཐད་གཏོང་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་ལ་ཉན་བཞིན་ཡོད་པ་དང་། འདས་ལོར་ང་རང་ཁྱེད་དང་མཇལ་འཕྲད་ཞུ་རྒྱུ་བྱུང་ཡོད་པ་དང་། ང་ཚོས་ཁྱེད་ཀྱི་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་དག་ང་ཚོའི་མངའ་སྡེའི་ནང་ཁྱབ་སྤེལ་བྱ་རྒྱུའི་འདུན་པ་ཡོད་ལ། ཕྱི་ལོ་ ༢༠༠༨ ལོར་ཁྱེད་རང་ཝ་ཤིན་ཊོན་མངའ་སྡེར་ཆེད་ཕེབས་གནང་བ་དེས་གྲུབ་འབྲས་འགངས་ཆེན་དེ་འདྲ་ལེན་ཐུབ་ཡོད། ང་ཚོས་བྱམས་བརྩེའི་མཁས་པའི་ལས་གཞི་ཟེར་བ་ཞིག་བརྩམས་ཡོད་པ་དང་། ད་ལན་འདིར་ལས་གཞི་དེའི་ཁོངས་མི་གཞོན་སྐྱེས་མཐོ་རིམ་སློབ་གཉེར་བ་ ༦ བཅར་ཐུབ་ཡོད། དེ་བཞིན་ང་ཚོས་འབྲིང་རིམ་སློབ་གྲྭ་རེ་ཟུང་ནང་ཁྱེད་ཀྱི་སཱི་ཤེས་ཡོན་བསླབ་གཞི་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། རིམ་པས་མངའ་སྡེ་ཡོངས་ནང་ལག་བསྟར་བྱ་རྒྱུའི་ཐད་བསམ་བློ་གཏོང་བཞིན་ཡོད། གཞན་ཡང་མངའ་སྡེའི་སི་ཡ་ཊལ་ (Seattle)  གྲོང་ཁྱེར་དེ་བྱམས་བརྩེ་བཅའ་ཁྲིམས་གཏན་འབེབ་བྱེད་མཁན་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད། དེ་དག་ཚང་མ་ཁྱེད་ཀྱིས་ཕྱི་ལོ་ ༢༠༠༨ ལོར་ཝ་ཤིན་ཊོན་མངའ་སྡེར་ཆེད་ཕེབས་གནང་བ་ལས་བྱུང་བ་ཞིག་ཡིན། དེ་རིང་ང་ཚོ་ཁྱེད་ཀྱི་མདུན་སར་བཅར་ཏེ་ཨ་རི་དང་ཝ་ཤིན་ཊོན་མངའ་སྡེ་དེ་ཇི་ལྟར་བྱམས་བརྩེ་ལྡན་པ་ཞིག་བསྒྱུར་རྒྱུའི་ཐད་གླེང་མོལ་ཞུ་རྒྱུ་ཡིན། དེ་བཞིན་སྤྱི་ཚོགས་ནང་བྱམས་བརྩེ་གོང་འཕེལ་གཏོང་རྒྱུའི་འདུན་པ་ཡོད་པའི་འདིར་བཅར་ན་གཞོན་མཐོ་རིམ་སློབ་གཉེར་བ་རྣམས་ཀྱིས། ཁྱེད་ལ་ཁོ་ཚོའི་ལས་འཆར་ངོ་སྤྲོད་དང་འབྲེལ་ཁྱེད་ཀྱིས་ཁོ་ཚོར་ལམ་སྟོན་གནང་རོགས་ཞུ་རྒྱུ་ཡིན། ཅེས་སོགས་གསུངས་སོང་།

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ངོས་རང་གིས་འདི་ལྟ་བུའི་གོ་སྐབས་ནི་ཧ་ཅང་ཕན་ཐོགས་ཆེ་བ་ཞིག་ཏུ་བསམ་གྱི་ཡོད། གང་ཡིན་ཟེར་ན། ངོས་ཀྱི་མངོན་འདོད་གཅིག་ནི། ངོས་ཀྱིས་རང་ཉིད་འགྲོ་བ་མི་དུང་ཕྱུར་ ༧༠ ཁྲོད་ཀྱི་གཅིག་ཡིན་པར་སྒོམ་གྱི་ཡོད། འགྲོ་བ་མི་ཚང་མ་ན་ཆུང་ཡིན་སྐབས་ཧ་ཅང་དྲང་པོ་ཡོད་ལ། དུས་སྐབས་དེར་ཁོ་ཚོས་ཨ་མ་དང་གྲོགས་པོ་བཅས་ལས་བྱམས་བརྩེ་ཕོན་ཆེན་ཐོབ་ཀྱི་ཡོད་པ་རེད། མཚམས་རེར་ནང་ཁུལ་ལ་འཁྲུག་པ་བརྒྱབ་པ་ཙམ་ལས། དུས་རྒྱུན་ཕྲུ་གུ་རྣམས་སྣང་བ་སྐྱིད་པོ་ཡོད་ཅིང་འཛུམ་མདང་ལྡན་པ་ཞིག་རེད། ཁོ་ཚོས་མི་རིགས་གང་ཡིན་དང་། ཆོས་ལུགས་གང་གི་རྗེས་འབྲང་བ་ཡིན་མིན་སོགས་ཀྱི་ཐད་ལ་སྣང་བ་གཏོང་གི་མེད། དེར་བརྟེན་ངོས་ནས་ལོ་ན་ ༤ ནས་ ༧ བར་གྱི་ཕྲུ་གུ་དེ་ཚོའི་ནང་མིའི་རིགས་ཀྱི་གཞི་རྩའི་རང་བཞིན་ངོ་མ་དེ་གསོན་པོར་ཡོད་པ་མཐོང་གི་འདུག ཡིན་ན་ཡང་ཤེས་ཡོན་ལམ་སྲོལ་ནང་ཞུགས་པའི་ཚེ། ད་ལྟའི་ཤེས་ཡོན་ལམ་སྲོལ་ནང་ཕྲུ་གུ་རྣམས་ལ་བྱམས་བརྩེ་དེ་ཉིད་བདེ་སྐྱིད་ལྡན་པའི་མི་ཚེ་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་སློབ་ཐུབ་ཀྱི་མེད་པར་བརྟེན། དེང་སྐབས་ངོས་རང་གིས་དེང་རབས་ཤེས་ཡོན་ལམ་སྲོལ་ནང་ང་ཚོས་ནང་སེམས་དང་སེམས་མྱོང་གི་སློབ་གསོ་རྣམས་ཚུད་དགོས་སྐོར་བཤད་ཀྱི་ཡོད། དམའ་རིམ་ནས་མཐོ་རིམ་སློབ་གྲྭའི་བར་ང་ཚོས་ལུས་ཀྱི་འཕྲོད་བསྟེན་མཉམ་དུ་སེམས་མྱོང་གི་འཕྲོད་བསྟེན་ཡང་འཁྲིད་ཐུབ་པ་བྱེད་དགོས། ཕྲུ་གུའི་རྒྱུད་ལ་ཡོད་པའི་མིའི་རིགས་གཅིག་མཚུངས་ཡིན་པའི་བསམ་བློ་དེ་བདག་སྐྱོང་བྱས་ཏེ་གོང་མཐོར་གཏོང་དགོས། བྱམས་བརྩེ་དེ་ང་ཚོར་སྐྱེས་མ་ཐག་པ་ནས་ཡོད་པ་ཞིག་རེད། ང་ཚོས་ཤེས་ཡོན་བརྒྱུད་ནས་བྱམས་བརྩེ་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡིན་པ་ཤེས་དགོས། ངོས་རང་གིས་ཡུན་རིང་ནས་ཚན་རིག་པ་དང་འབྲེལ་བ་བྱས་ཏེ། དེང་སྐབས་ཚན་རིག་པ་འགས་ཁྲོ་བ་དང་ཞེད་སྣང་། སྡང་སེམས་བཅས་ཀྱིས་ང་ཚོའི་ལུས་ཀྱི་ནད་འགོག་ནུས་པ་གཏོར་བརླག་གཏོང་གི་ཡོད་པ་དང་། ཞི་བདེ་བག་ཕེབས་ཡིན་པའི་སེམས་ཀྱིས་ང་ཚོའི་ནད་འགོག་ནུས་པར་ཕན་གྱི་ཡོད་སྐོར་བཤད་ཀྱི་འདུག  དེར་བརྟེན་འཕྲོད་བསྟེན་གྱི་ཆ་ནས་ཀྱང་ཞི་ལྷིང་ལྡན་པའི་སེམས་དེ་གལ་ཆེན་རེད། ཅེས་དང་། སེམས་ནང་བྱམས་བརྩེ་ཡོད་དུས་ཕྱིའི་གནས་སྟངས་ཡོད་ཚེ་ལེགས་ཕྱོགས་སུ་སྣང་གི་ཡོད། སེམས་ནང་ང་འཛིན་གྱི་བློ་དྲག་པོ་ཡོད་ཚེ། ཕྱིའི་ཁོ་ར་ཁོར་ཡུག་དང་བཅས་པ་ལྡོག་ཕྱོགས་ཤིག་ཏུ་སྣང་གི་ཡོད་པ་རེད། དེར་བརྟེན་གཞན་སེམས་ཟེར་བ་དེ་ཆོས་ལུགས་ཀྱི་ཕྱོགས་ནས་ཙམ་མིན་པར། འཕྲོད་བསྟེན་དང་། བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་འཛམ་གླིང་གི་ཆེད་དུ་གལ་ཆེན་རེད། ང་ཚོའི་ཁྱད་དུ་འཕགས་པའི་ཀླད་པ་དེ་བྱམས་བརྩེ་དང་ཟུང་འབྲེལ་བྱེད་དགོས་པ་རེད། ཅེས་གསུངས་སོང་།ཡང་ཝ་ཤིན་ཊོན་མངའ་སྡེ་གཞུང་གི་བྱམས་བརྩེ་གོང་འཕེལ་གྱི་ལས་གཞིའི་སྐོར་ཁོང་གིས། ཁྱེད་ཚོའི་ལས་གཞི་དེ་དག་ཧ་ཅང་ལེགས་པོ་ཡིན་པ་དང་། ངས་སྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད། ངས་འཛམ་གླིང་འདིའི་སྟེང་འཚེ་བ་དང་དབུལ་ཕྱུག་གི་ཁྱད་པར་གྱིས་སྡུག་བསྔལ་བའི་མི་དང་སེམས་ཅན་ཐེར་འབུམ་མང་པོའི་ཚབ་ཞུས་ཏེ་བསྔགས་བརྗོད་ཞུ་ཡི་ཡོད། ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་ཡང་ཁྱད་པར་ཕྲན་བུ་ཞིག་གིས་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱི་ཡོད་པ་རེད། དེ་དག་ཀྱང་ཕལ་ཆེ་བ་ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས་ལྟ་བུའི་དབྱེ་འབྱེད་ཀྱི་བསམ་བློ་ལས་འབྱུང་གི་ཡོད་པ་རེད། དེར་བརྟེར་ངའི་དམ་བཅའ་གཅིག་ནི་མི་ཡིན་པ་གཅིག་འགྱུར་གྱི་འདུ་ཤེས་ཤིག་བསྐྲུན་རྒྱུ་དེ་ཡིན། དེ་ནི་ཧ་ཅང་གལ་ཆེན་རེད། ཁྱེད་ཚོས་དེའི་ཐད་ཕྱག་ལས་གནང་གི་ཡོད་པ་དེ་བསྔགས་སུ་འོས་པ་རེད། ཅེས་སོགས་གསུངས་སོང་།

མཇལ་ཁ་གྲུབ་རྗེས་མངའ་སྡེའི་སྤྱི་ཁྱབ་གཞོན་པ་ཧཱ་བྷིབ་ལགས་ཀྱིས་གསར་འགོད་པར། འདས་ལོར་རང་ཉིད་བཞུགས་སྒར་དྷ་སར་ཆེད་བཅར་གྱིས་༧གོང་ས་མཆོག་ལ་ཝ་ཤིན་ཊོན་དུ་ཆིབས་བསྒྱུར་གནང་རྒྱུའི་དགོངས་བཞེས་གནང་རོགས་ཞུས་ཀྱང་། ཕེབས་ལམ་རིང་དྲགས་པའི་རྐྱེན་གྱིས་ཕེབས་ཐུབ་མེད་པར་བརྟེན། ད་ལན་དྲ་ལམ་ཐད་གཏོང་བརྒྱུད་ནས་ཝ་ཤིན་ཊོན་མངའ་སྡེའི་མཐོ་རིམ་སློབ་གཉེར་ཁང་དང་མི་མང་སྤྱི་ཁང་སོགས་ནང་བརྙན་འཕྲིན་བརྒྱུད་དོན་གཉེར་ཅན་གྱི་མི་མང་སྟོང་ཕྲག་འགས་༧གོང་ས་མཆོག་གི་བཀའ་སློབ་ཉན་ཐུབ་ཡོད་སྐོར་དང་། ཝ་ཤིན་ཊོན་མངའ་སྡེ་གཞུང་གིས་མངའ་སྡེ་ཁྱོན་ཡོངས་ནང་བྱམས་བརྩེའི་ལས་གཞི་མང་དག་ཅིག་སྤེལ་བཞིན་པའི་ཁྲོད་ནས་གཅིག་ནི་མཐོ་རིམ་སློབ་གཉེར་བའི་ཁྲོད་དུ་རང་གི་སྤྱི་ཚོགས་ནང་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་ཐད་འདུན་པ་ཡོད་མཁན་འདེམ་སྒྲུག་བྱས་ཏེ་ལས་འགུལ་སྤེལ་གྱི་ཡོད་སྐོར་དང་། ཐེངས་འདིར་རང་ཉིད་བཞུགས་སྒར་དྷ་སའི་ཉེ་འཁྲིས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་དང་། སྙིང་སྟོབས་གླིང། བོད་མིའི་སྒྲིག་འཛུགས་གངས་ཅན་སྐྱིད་གཤོངས་སུ་གཟིགས་སྐོར་དུ་ཕེབས་རྒྱུའི་གོ་སྐབས་བྱུང་བ་དང་། སྙིང་སྟོབས་གླིང་གིས་མངའ་སྡེའི་སྤྱི་ཁྱབ་རང་ཉིད་ལྟ་བུའི་དབང་པོ་སྐྱོན་ཅན་རྣམས་རང་མཐོང་ཡོད་པའི་ཐོག་ནས་མཉམ་གཅིག་ཏུ་སྡོད་རྒྱུའི་ཁོར་ཡུག་བསྐྲུན་པ་དེར་ཡི་རངས་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༡༡

Leave a Reply