ནུབ་བྷེང་གྷལ་གྱི་རང་བྱུང་གོད་ཆག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནུབ་བྷེང་གྷལ་མངའ་སྡེའི་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་སྐྱོན་ཐེབས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུགཁ་སང་ཕྱི་ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་ནང་སྦོལ་སྦོལ་ (Bulbul)ཞེས་པའི་དྲག་ཆར་རླུང་འཚུབ་ཤུགས་ཆེན་བྱུང་བའི་རྐྱེན་གྱིས། མི་རྒྱུ་གཉིས་ལརང་བྱུང་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། དྲག་ཆར་རླུང་འཚུབ་ཁྲོད་དཀའ་སྡུག་མྱོང་བཞིན་པའི་ནུབ་བྷེང་གྷལ་མངའ་སྡེའི་ཡུལ་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་ཡི་ཡོད་སྐོར་གསུངས་འདུག

ནུབ་བྷེང་གྷལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་མཱ་མཱ་ཏཱ་བྷ་ནེར་ཇི་(Mamata Banerjee)མཆོག་གི་མཚན་ཐོག་ཏུ་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་དུ། ངོས་ནས་མངའ་སྡེ་གཞུང་གིས་ས་ཁུལ་སོ་སོའི་ནང་ཛ་དྲག་རོགས་སྐྱོབ་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་པར་ཡི་རང་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག  ངོས་ཀྱིས་ནུབ་བྷེང་གྷལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་ཛ་དྲག་རོགས་སྐྱོབ་ལས་གཞིར་དམིགས་ནས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། རང་བྱུང་གོད་ཆག་དེའི་འོག་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་སྡུག་མྱོང་བཞིན་པའི་ནང་མི་ལྟོས་བཅས་ཡོངས་ལ་ངོས་ཀྱིས་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་ཞེས་གནའ་སྔ་མོ་ནས་གནས་རྩ་ཆེར་ངོས་འཛིན་ཞུ་སྲོལ་ཡོད། ལྷག་པར་འདས་པའི་ལོ་ངོ་ ༦༠ ཙམ་རིང་ངོས་རང་ཉིད་དང་བོད་མི་བཙན་བྱོལ་བ་མང་པོ་ཞིག་གི་གནས་ཡུལ་སྡོད་ཁང་ཆགས་ཡོད། བྷེང་གཱལ་ལ་མཚོན་ན་བོད་དང་དམིགས་བསལ་འབྲེལ་བ་ཡོད། གང་ཡིན་བརྗོད་ན་མཁན་ཆེན་ཞི་བ་འཚོ་བྷེང་གྷལ་ནང་འཁྲུངས་པ་རེད།  ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོ་ཁོང་གིས་དུས་རབས་ ༨ པའི་ནང་བོད་དུ་ཕེབས་ནས་བོད་ཀྱི་དགོན་པ་ཆེས་ཐོག་མ་བསམ་ཡས་གཙུག་ལག་ཁང་ཕྱག་བཏབས་པ་དང་།  དེའི་རྗེས་དུས་རབས་ ༡༡ ནང་བྷེང་གྷལ་ནས་དཔལ་མར་མེ་མཛད་བོད་དུ་ཕེབས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སླར་གསོ་མཛད་ཡོད། ཅེས་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༩ དང་ ༡༠ ཉིན་གཉིས་རིང་ནུབ་བྷེང་གྷལ་མངའ་སྡེའི་ནང་དྲག་ཆར་རླུང་འཚུབ་ཤུགས་ཆེན་བྱུང་སྟེ།  སྡོད་ཁང་མང་པོར་གཏོར་བཤིག་དང་། སོ་ནམ་ཞིང་ལས་ལ་གནོད་སྐྱོན་ཐེབས་པ། གནམ་ཐང་དང་མཚོ་གྲུ། དེ་བཞིན། ཁྲོམ་ར་སོགས་སྒོ་རྒྱག་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། དྲག་ཆར་རླུང་འཚུབ་དེའི་ཁྲོད་ཁྱོན་མི་ ༢༠ རྐྱེན་འདས་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༡༢

Leave a Reply