རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་སྲུང་གཙི་གནང་།

དེ་རིང་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་དང་བསྟུན་གཏོང་ལེན་ཐེབས་རྩའི་གོ་སྒྲིག་འོག་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁོར་སློབ་གྲྭ་ཁག་ ༡༢ ཙམ་ནང་བྱམས་བརྩེ་གོང་སྤེལ་གྱི་བྱ་འགུལ་སྤེལ།དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ ཙམ་ནས་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་དང་བསྟུན་གཏོང་ལེན་ཐེབས་རྩའི་གོ་སྒྲིག་འོག བཞུགས་སྒར་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ ༡༢ ཙམ་ནང་སློབ་ཕྲུག་ཚོར་བྱམས་བརྩེ་དགོས་གལ་ཆེ་བའི་གཏམ་བཤད་དང་། སློབ་གྲྭ་ཁག་གི་འཐུས་ཚབ་སློབ་མ་ ༤༠༠ ལྷག་གིས་དྷ་ཤོད་རླངས་འཁོར་འབབ་ཚིགས་ནས་ཀ་ཅ་རི་དམག་མིའི་རྩེད་ཐང་བར་དུ་གོམ་བགྲོད་བྱས་རྗེས། བྱམས་བརྩེའི་བརྗོད་གཞིའི་ཐོག་རི་མོའི་འགྲན་བསྡུར་སོགས་བྱས་སོང་།

བྱམས་བརྩེ་དང་འབྲེལ་བའི་ལས་འགུལ་འདི་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་སྐོར་ལ་གཏོང་ལེན་ཐེབས་རྩའི་འགན་འཛིན་དགེ་འདུན་པ་འཇམ་དབྱངས་ལགས་ཀྱིས། གཏོང་ལེན་གྱི་སློབ་མ་དང་དྷ་སའི་ཉེ་འཁོར་གྱི་སློབ་མ་ཚོ་མཉམ་འཛོམས་ཀྱིས་རྒྱལ་སྤྱིའི་བྱམས་བརྩེའི་ཉིན་མོ་སྲུང་གཙི་བྱེད་པ་དང་ཆབས་ཅིག  བྱམས་པ་དང་སྙིང་རྗེ་གཉིས་སློབ་གྲྭའི་ནང་བྱིས་པ་ནས་བཟུང་བསླབ་པ་དང་དར་སྤེལ་གཏོང་དགོས་པ། ཕྲུ་གུའི་རྒྱུད་ལ་སྐྱེས་དགོས་པ་ཧ་ཅང་གལ་ཆེན་པོ་ཞིག་རེད་འདུག སྐུ་མདུན་གྱི་ཐུགས་བསྐྱེད་དམ་བཅའ་དང་པོ་དང་བཞི་པའི་ནང་འགྲོ་བ་མི་ཡོངས་ལ་བྱམས་བརྩེ་བསྐྲུན་པ་དང་མཉམ་དུ་བཟང་སྤྱོད་བསླབ་པ། དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་དང་དར་སྤེལ། གོང་འཕེལ་གཏོང་བ་བཅས་ཡོད་པ་རེད། གཏོང་ལེན་ནང་ནམ་རྒྱུན་ནས་ལས་གཞི་འདི་འགྲོ་བཞིན་ཡོད་པ་རེད། ད་ཐེངས་གཏོང་ལེན་གྱི་ཕྲུ་གུ་གཅིག་པོར་སློབ་སྦྱོང་དང་སྦྱོང་བརྡར་སྤྲོད་པ་ཙམ་མིན་པར། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་ཞོགས་པའི་ཆུ་ཚུད་ ༡ རིང་ཁྱོན་སློབ་ཕྲུག་ ༡༤༠༠༠ ལྷག་ལ་གཏམ་བཤད་དང་། སློབ་གྲྭ་དང་ཁྱིམ་ཚང་། དྷ་རམ་ས་ལ་བྱམས་བརྩེ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་བསྐྲུན་ཐབས་ལ་ལས་འགུལ་མང་པོ་ཞིག་སྤེལ་བ་རེད། ཅེས་བརྗོད་བྱུང་།གཏོང་ལེན་ཚོགས་པའི་དགེ་སློབ་གཉིས་ནས་རྒྱ་གར་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་སྐོར་ལ་ཁོང་གིས། གཏོང་ལེན་གྱི་སློབ་ཕྲུག་ཆ་ཚང་རྒྱ་གར་བ་ཡིན་པ་དང་། དེའི་ལས་གཞི་ཆ་ཚང་དགེ་རྒན་དང་སློབ་ཕྲུག་གི་ལས་གཞི་ཡིན་པ་རེད། ཁོང་ཚོས་རྒྱ་གར་གྱི་སྤྱི་ཚོགས་ནང་བྱམས་བརྩེ་དར་སྤེལ་གཏོང་དགོས་པ་མཐོང་གི་ཡོད་པ་དང་། དཔེར་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་སྟོན་གནང་བཞིན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱིས་གཏོང་ལེན་དགེ་སློབ་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་བས། རང་ཉིད་ཡག་པོ་བྱུང་བ་ཙམ་གྱིས་མི་འགྲིག་པར། སྤྱི་ཚོགས་ཡོངས་ཡག་པོ་བསྐྲུན་དགོས་སྐོར་བརྗོད་དེ། རྒྱ་གར་བས་རྒྱ་གར་སྤྱི་ཚོགས་ཀྱི་དཀའ་ངལ་ངོས་འཛིན་གྱིས་རང་ཉིད་ཀྱིས་སེལ་བའི་ཐབས་ལམ་དང་འགན་འཁུར་བླངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ལ་ཤུགས་རྒྱག་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པས་གཏོང་ལེན་སློབ་གྲྭའི་སློབ་ཟུར་གཉིས་ལ་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་ཅི་ཙམ་གལ་ཆེན་ཡིན་པ་དྲིས་པར། ནི་ཤ་ཀུ་མ་རི་ (Nisha Kumari) ལགས་ཀྱིས། ངས་བྱམས་བརྩེ་གལ་ཆེན་ཏུ་རྩི་ཡི་ཡོད་པའི་རྒྱུ་མཚན་ནི། ང་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ན། ང་ལ་མི་གཞན་ཞིག་གི་བྱམས་བརྩེའི་འོག་ཤེས་ཡོན་སོགས་རག་ནས་ད་ལྟ་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་ཕྱིན་པ་དང་ལྟོགས་སྐོམ་སོགས་མྱོང་དགོས་ཀྱི་མེད་པས། བླ་མ་འཇམ་དབྱངས་ལགས་ཀྱི་བྱམས་བརྩེ་ལ་བརྟེན་ནས་མ་འོངས་པར་ངས་སྔར་ལྷག་བྱ་བ་བཟང་པོ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་བས་བྱམས་བརྩེ་ནི་ཧ་ཅང་གལ་ཆེན་རེད། ཅེས་བརྗོད་བྱུང་།ཡང་སློབ་ཟུར་མཱམ་ཏ་ (Mamta) ཡིས། གཏོང་ལེན་ཚོགས་པའི་སློབ་ཕྲུག་ཚོར་མི་སྒེར་ཐོག་ནས་བྱམས་བརྩེ་གལ་ཆེན་ཡིན་པའི་མྱོང་བ་ཡོད་པས། ང་ཚོ་མི་གཞན་ལ་བྱམས་བརྩེ་ཅན་ཞིག་ཡིན་དགོས་པ་རེད། བྱམས་བརྩེ་ནི་མི་གཅིག་ནས་གཞན་ལ་བྱེད་པ་ཙམ་མིན་པར། ཁོར་ཡུག་དང་རང་བྱུང་ཁམས། དེ་བཞིན་དུད་འགྲོ་སོགས་ལ་བྱམས་བརྩེ་བྱེད་དགོས། ང་ནི་དབུལ་གྲོང་ནས་ཡོང་བ་ཞིག་ཡིན་པ་དང་། ཆུང་དུས་མི་མང་པོ་ཡོང་ནས་ཟས་དང་ཉལ་ཆས་སོགས་སྦྱིན་གཏོང་བྱེད་ཀྱི་ཡོད་ནའང་། བླ་མ་ལགས་ང་ཚོའི་ས་ཆར་ཡོང་ནས་ངའི་རྨི་ལམ་མངོན་འགྱུར་ཡོང་ཐབས་སུ་སློབ་སྦྱོང་གི་གོ་སྐབས་སྤྲད་པ་རེད། ད་ལྟ་ང་མཐོ་འབྲིང་སློབ་གྲྭ་མཐར་ཕྱིན་གྲབས་ཡོད་ལ་མ་འོངས་པར་ཁྲིམས་རྩོད་པ་ཞིག་བྱ་འདོད་ཡོད། ཅེས་བརྗོད་བྱུང་།

གཏོང་ལེན་ཚོགས་པ་ནི་ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་གྱི་དབུལ་ཕོངས་བྱིས་པ་རྣམས་ལ་བདག་སྐྱོང་དང་སློབ་སྦྱོང་སྤྲོད་ཆེད་དུ་རྒན་འཇམ་དབྱངས་ལགས་ནས་བཙུགས་པ་ཞིག་ཡིན་ལ། ད་ལྟའི་ཆར་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་བཅས་སྡེ་ཚན་གསུམ་ཡོད་ཅིང་། ཁྱོན་ཕྲུ་གུ་ ༣༣༣ ལྷག་ལ་བདག་སྐྱོང་དང་ཤེས་ཡོན་གྱི་གོ་སྐབས་སྤྲད་དང་སྤྲོད་བཞིན་ཡོད་འདུག དེ་བཞིན་འཕྲོད་བསྟེན་དང་ཉམ་ཐག་ལྟ་སྐྱོང་ལས་གཞིའི་འོག་ཕྲུ་གུ་གྲངས་བརྒྱ་ཕྲག་མང་པོར་རོགས་རམ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༡/༡༣

Leave a Reply