འཇམ་དབྱངས་གྲགས་པས་༧གོང་ས་མཆོག་ཞལ་ཞེ་མི་མཐུན་པ་བཟོས་པ།

རྩིབས་རི་རྒོད་ཕྲུག

ནང་དོན་གནད་བསྡུས།   ཉེ་ཆར་འཇམ་དབྱངས་གྲགས་པས་ལྡུམ་བུ་ཞེས་པའི་མིང་ཐོག་ཏུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་ཚུལ་གསུངས་པ་དོན་དངོས་མིན་པ་ཤེས་བཞིན་དུ། ༧གོང་ས་མཆོག་གི་གསུང་དེར་དྲང་ངེས་ཕྱེས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བདེན་པར་སྒྱུར་ཐབས་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག་པར་གསལ་བཤད་ལན་འདེབས་བྱས་ཡོད།

གནད་ཚིག ཆོས་ལུགས་ཁྱབ་སྤེལ་སྔ་མ་དང་ཕྱི་མ། ཞལ་ཞེ་མི་མཚུངས་པ།

ངོ་སྤྲོད།

གཟུར་གནས་བློ་ལྡན་རྣམས་ཀྱི་དགོངས་མངའ་ལྟར་ཁོ་བོའི་རྩོམ་ཡིག་སྔ་མར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་༧གོང་ས་མཆོག་ལ་དགོངས་གཞི་དྲུག་ཡོད་པར་གསུངས་པ་དེ་དག་ལས་གསུམ་པ་མ་གཏོགས་གཞན་རྣམས་གསུངས་ཀྱང་སྐྱོན་ཆེར་མེད་མོད་ཅེས་བྲིས་ཡོད་པ་ལས། དབང་རྣོན་རིགས་པའི་རྗེས་འབྲངས་ཤིག་ཡིན་ཚེ། དེ་དག་ཁོ་བོས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་འདོད་པ་ལ། དོགས་པ་སྐྱེ་དོན་འོང་མི་སྲིད་མོད། དབང་རྟུལ་དད་པའི་རྗེས་འབྲངས་པ་འཇམ་གྲགས་ཀྱིས་དེ་ཙམ་ཡང་མ་གོ་བར། དེ་དག་རེ་རེ་ནས་དགག་ཁུལ་བྱས་པ་ནི། ཟེར་རྒྱུས་ཕོངས་པའི་རྟགས་ཁོ་ན་སྟེ། མཚན་ཉིད་པ་ལ་གྲགས་པའི་ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཞེས་པའི་དཔེ་ལས་མ་འདས་པས་མཁས་པའི་མདུན་སར་རང་མདོག་ཟངས་མར་བསྟན་པ་མ་ཡིན་ནམ། དཔལ་ལྡན་སྲིད་སྐྱོང་མཆོོག་གིས་༧གོང་ས་མཆོག་གི་དགོངས་གཞི་ཡིན་པར་གསུངས་པའི་ནང་ཆོས་འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ་དེ་ཁྱེད་ཀྱིས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་མིན་པར་ཤེས་མོད། ལས་འབྲས་ཁྱད་གསོད་དང་སྡིག་པ་མིག་བཙུམས་ཀྱིས་༧གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་ཏེ་དཔལ་ལྡན་སྲིད་སྐྱོང་གིས་གསུངས་པ་བདེན་པར་སྒྲུབ་ཁུལ་བྱས་མོད། ཁ་དཔེར་ཅང་ཤེས་རྟ་ཕོའི་འགྲན་ཟླ། མགྲིན་བཟང་བོང་བུས་མི་ཡོང་ཞེས་པ་ལྟར་གྱུར་ཏེ། དཔལ་ལྡན་སྲིད་སྐྱོང་མཆོག་དཀར་འདོན་བྱ་རྒྱུ་ལྟ་ཅི། ལྐུགས་པས་སྤྱང་མདོག་བྱས་ན། མངོན་གསལ་གཞན་ལས་དོད་པ་ཞེས་པ་ལྟར་རང་ཡང་༧རྒྱལ་བའི་དགོངས་པར་ལོག་འགྲེལ་བྱེད་མཁན་ཞིག་ཡིན་པ་གསལ་པོར་བསྟན་འདུག་པས་དེའི་སྐོར་ལ་འོག་ཏུ་འཆད་པར་འགྱུར་རོ། །

དང་པོ། ཁྱེད་ཀྱིས་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་བཟོས་པ།

སྤྱིར་ཞལ་ཞེ་མི་མཚུངས་པ་ཞེས་པ་ནི་ཞེ་ཚིག་ཡིན་པ་དང་ཁ་སྐད་དུ་ཁ་ཞེ་མི་མཐུན་པ་ཞེས་པའི་དོན་རེད། དེའི་དོན་ཡང་ཁ་ནས་གཅིག་བཤད་པ་དང་ཁོག་ན་དེ་དང་མི་མཐུན་པ་ཞིག་ཡོད་པ་ལ་གོ་བ་ཡོངས་གྲགས་རེད། དེས་ན་ཁྱེད་ཀྱི་རྩོམ་ཡིག་ལས། “ཆོས་ལུགས་ཤིག་ཁྱབ་སྤེལ་གཏོང་བ་ལ་ཁྱབ་སྤེལ་གཏོང་སྟངས་རིགས་གཉིས་ཡོད་ལ། གཅིག་ནི་ཆོས་ལུགས་དེར་མོས་པའི་འགྲོ་བ་རྣམས་ལ་ཆོས་ལུགས་དེ་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཡིན་ཞིང། གཞན་དེ་ནི་ཆོས་ལུགས་གཞན་ལ་དད་པ་ཡོད་པའི་མི་རྣམས་ལ་ཁ་ཡག་ངོ་དགའ་དང་མགོ་སྐོར་བསླུ་བྲིད་ཀྱིས་རང་གི་ཆོས་ལུགས་ལ་ཞུགས་འཇུག་རྒྱུ་དེ་ཡིན། སྔ་མ་ནི་ཡང་དག་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་སྟངས་ཡིན་ལ། ཕྱི་མ་ནི་ཆོས་ལུགས་བསྒྱུར་བ་ Converting religion ཞེས་འཛམ་གླིང་ས་ཕྱོགས་གང་སར་རྩོད་རྙོག་ཆེ་བའི་ཆོས་ལུགས་སྤེལ་སྟངས་དེ་ཡིན། ༧གོང་ས་མཆོག་གིས་ཆོས་ལུགས་ཁྱབ་སྤེལ་གནང་གི་མིན་ཞེས་པ་ནི་ཕྱི་མ་དེའི་རིགས་གནང་གི་མིན་ཞེས་པའི་དོན་ཡིན་”ཞེས་བཤད་དེ། ཆོས་ལུགས་ཁྱབ་སྤེལ་སྔ་མ་དེ་༸གོང་ས་མཆོག་གིས་ཕྱག་བསྟར་གནང་གི་ཡོད་པ་ཤུགས་ལ་བསྟན་ཡོད།

དེས་ན་གནད་དོན་འདིའི་ཐོག་ནས་གསལ་པོར་ཤེས་ཐུབ་པ་ནི་ཁྱེད་ཀྱིས་༧གོང་ས་མཆོག་ནས་དུས་རྒྱུན་དུ་“ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་གསུངས་པ་དེ་སྒྲ་ཇི་བཞིན་དུ་ཁས་མ་བླངས་པར། དེའི་དོན་གཞན་དུ་དྲངས་དགོས་པར་འདོད་ཅིང་། དེ་ཡང་ཁྱེད་ཀྱིས་འདོད་པའི་ཆོས་ལུགས་ཁྱབ་སྤེལ་ལ་གཉིས་ལས་ཕྱི་མའི་དོན་དུ་དྲངས་དགོས་པ་གང་ཞིག སྔ་མའི་དོན་མ་ཡིན་པར་ཁྱེད་ཀྱིས་འདོད་པའི་ཕྱིར། དེས་ན། འདོད་ཚུལ་འདིས་༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་པ་ཧ་ཅང་གསལ་པོ་ཡིན་ཏེ། ཞལ་ནས་གསུངས་པ་དང་ཐུགས་ལ་ཡོད་པ་གཉིས་མི་མཚུངས་པ་གང་ཞིག དེ་གཉིས་མི་མཚུངས་པ་ལ་ཞལ་ཞེ་མི་མཚུངས་པའི་དོན་ཡིན་པ་ཡོངས་གྲགས་ཡིན་པའི་ཕྱིར་རོ། །

དེས་ན་༧གོང་ས་མཆོག་ལྟ་བུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ས་ཐོབ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྐུ་དངོས་ལ་སྐུར་བ་བཏབ་པ་ལས་ལྷག་པའི་སྡིག་ཉེས་ཆེ་བ་ཞིག་གང་དུ་ཡོད། དངོས་གནས་བྱས་ན་སྐུ་ཉིད་ལྟ་བུ་བླ་མའི་དྲུང་ནས་སྡོམ་པ་ཡང་དག་པར་བླངས། གང་འཚམས་ནས་སྡོམ་པ་དེ་ཁུངས་མ་འཁྱོལ་བར་གྲྭ་བ་ལོག་ཀྱང་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ། ཕྱི་མ་ངན་སོང་གི་སྡུག་བསྔལ་མྱོང་མ་དགོས་པ་ཞིག་ཨེ་ཐུབ་ལྟ་དགོས་མོད། དེ་ལས་ལྡོག་སྟེ་ཁ་དཔེར། མི་ངན་གླེན་པ་ཚིག་སྤོབས་ཆེ། །བྱ་ངན་གོ་བོ་གཤོག་རྒྱང་རིང་། ཞེས་པ་ལྟར་ད་དུང་ལས་ངན་ཚབས་བོ་ཆེ་གསོག་ཚུལ་ལ་བསམས་ཚེ། ཝཱ་ཎ་མཐོ་སློབ་ཏུ་སྦྱང་བྱའི་གཙོ་བོ་ནང་ཆོས་ཡིན་མོད། དེའི་དྲི་མ་ཙམ་ཡང་སེམས་ལ་གོས་ཚོད་མི་འདུག་པ་ནི་མཐོ་སློབ་དེར་འཛུལ་གོ་མ་ཆོད་པ་ལྟ་བུར་མངོན་ནོ། །

གལ་ཏེ་ཁྱེད་ཀྱིས་ཆོས་ལུགས་ཁྱབ་སྤེལ་ལ་གཉིས་སུ་འདོད་པའི་སྔ་མའི་དོན་ཚིག་ཙམ་ལས་ཆོས་ལུགས་ཁྱབ་སྤེལ་གྱི་དོན་མ་ཡིན་ཞེ་ན། ཁྱེད་ཀྱིས་༧གོང་ས་མཆོག་གི་གསུང་དེ་སྒྲ་ཇི་བཞིན་དུ་ཁས་མ་བླངས་པར་དེ་ལ་དྲང་ངེས་ཕྱེ་བའི་དགོས་པ་མེད་པ་མ་ཟད། ཆོས་ལུགས་ཁྱབ་སྤེལ་གྱི་དོན་ལ་གཉིས་སུ་ཕྱེ་བའི་དགོས་པ་ཡང་མ་གྲུབ་པར་གྱུར་ཏེ། ཆོས་ལུགས་ཁྱབ་སྤེལ་གྱི་དོན་ཡིན་ན་ཁྱེད་ཀྱིས་འདོད་པའི་ཕྱི་མ་དེ་ཁོ་ནར་ངེས་པའི་ཕྱིར། དེས་ན་སྔ་མའི་དོན་ཚིག་ཙམ་མིན་པར་ཆོས་ལུགས་ཁྱབ་སྤེལ་གྱི་དོན་ཡིན་པ་འོས་མེད་ཀྱིས་གྲུབ་པའི་ཕྱིར་རོ། །

ཡང་ཁྱེད་ཀྱིས་སྨྱོ་ཧམ་ཆེན་པོས་༧གོང་ས་མཆོག་གི་བཀའ་ལ་དྲང་ངེས་ཕྱེས་པ་དེས། ༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བསྒྲུབ་མི་ཐུབ་ཟེར་ན། འདི་བརྗོད་པར་བྱ་སྟེ། ལ་ལས་༧གོང་ས་མཆོག་ནས་གསུང་བཞིན་པའི་དབུ་མའི་ལམ་དེ་སྒྲ་ཇི་བཞིན་མ་ཡིན་པར་དོན་གཞན་ཞིག་ཡོད་མདོག་བསྟན་པ་དེས། ༧གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་སྟབས། བཀའ་འདི་ལྟར་གནང་ཡོད་དེ་“ངས་ཁ་ནས་རང་སྐྱོང་མ་གཏོགས་སེམས་གཏིང་ནས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་པ་དེས་ང་ཁྲམ་པ་(མ་བིང།)བཟོ་ཡི་ཡོད་པ་རེད་ཅེས་དང། “ངས་འཛམ་བུ་གླིང་གི་མི་སུ་ལ་སྐད་ཆ་བཤད་ཀྱང་དྲང་པོ་དྲང་བཞག་ཕྱི་གསལ་ནང་གསལ་བྱེད་དགོས་རེད་ཅེས་རྟག་པར་བཤད་སྡོད་ཀྱི་ཡོད་”ཅེས་ཐུགས་འུ་ཐུག་ཐབས་ཟད་ཀྱིས་བཀའ་འདི་སྩལ་ཡོད་པ་མ་ཡིན་ནམ། དེས་ན་དབུ་ལམ་ལ་དྲང་ངེས་ཕྱེས་པ་དེས་༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པར་བཟོས་ན། ཁྱེད་ཀྱིས་༧གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་པ་འདིས་ཀྱང་ཁོང་ཞལ་ཞེ་མི་མཚུངས་པ་བཟོས་པ་ལེགས་པར་སྒྲུབ་ཐུབ་སྟེ། རྒྱུ་མཚན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །

དེས་ན་གནད་དོན་འདིིི་ཚོའིི་ཐོག་ནས་གསལ་བཤད་ཐུབ་པ་ནི་འཇམ་གྲགས་ཁྱེད་ཀྱིས་བདེན་པ་དོར་ཏེ་ལུང་ཞེན་ཁོ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དཀར་འདོན་བྱ་འདོད་སྐྱེ་མོད། དཀར་འདོན་བྱ་རྒྱུ་ལྟ་ཅི། ཁྱེད་རང་ཡང་༧གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་དང། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་བཟོས་ཏེ། ཁོང་གི་མཛད་འཕྲིན་ལ་འགོག་རྐྱེན་བཟོ་མཁན་གྱི་གླེན་པ་ལུག་ལྟ་བུ་ཞིག་ཡིན་པ་རང་ཉིད་ཀྱིས་བསྒྲུབས་འདུག་པ་དེའོ། །

གཉིས་པ། ཁྱེད་ཀྱིས་ཆོས་ལུགས་ཁྱབ་སྤེལ་ཞེས་པ་སྔ་མའི་དོན་དུ་འདོད་ཀྱང་མི་རུང་བ།

གོང་དུ་ཞུས་པ་ལྟར་༧གོང་ས་མཆོག་ནས་ “ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་གསུངས་པ་དེ་ཁྱེད་ཀྱིས་དྲང་ངེས་ཕྱེས་ཏེ་ཆོས་ལུགས་ཁྱབ་སྤེལ་ཕྱི་མའི་དོན་མིན་པར་སྔ་མའི་དོན་ཡིན་པར་བཤད་ཡོད། ཆོས་ལུགས་ཁྱབ་སྤེལ་སྔ་མའི་དོན་ནི། ཁྱེད་ཀྱིས་“ཆོས་ལུགས་ཤིག་ཁྱབ་སྤེལ་གཏོང་བ་ལ་ཁྱབ་སྤེལ་གཏོང་སྟངས་རིགས་གཉིས་ཡོད་ལ། གཅིག་ནི་ཆོས་ལུགས་དེར་མོས་པའི་འགྲོ་བ་རྣམས་ལ་ཆོས་ལུགས་དེ་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཡིན་ཞིང། གཞན་དེ་ནི་ཆོས་ལུགས་གཞན་ལ་དད་པ་ཡོད་པའི་མི་རྣམས་ལ་ཁ་ཡག་ངོ་དགའ་དང་མགོ་སྐོར་བསླུ་བྲིད་ཀྱིས་རང་གི་ཆོས་ལུགས་ལ་ཞུགས་འཇུག་རྒྱུ་དེ་ཡིན། སྔ་མ་ནི་ཡང་དག་པའི་ཆོས་ལུགས་ཁྱབ་སྤེལ་བྱེད་སྟངས་ཡིན་”ཞེས་བཤད་ཡོད།

དེས་ན་སྔ་མའི་དོན་ནི། ནང་ཆོས་ལ་སྦྱར་ན་ནང་ཆོས་ལ་མོས་པའི་འགྲོ་བ་རྣམས་ལ་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་རེད། འདོད་ཚུལ་འདིའི་དབང་དུ་བྱས་ཀྱང། ༧གོང་ས་མཆོག་ནས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་པ་ཧ་ཅང་གསལ་པོ་ཡིན་ཏེ། ཁོ་བོའི་རྩོམ་ཡིག་སྔ་མར་དྲངས་པ་ལྟར་༸གོང་ས་མཆོག་ནས་ “ཐེངས་ཤིག་ཡེ་ཤུའི་ཆོས་པ་ཞིག་གིས་ངོས་ལ་སྟོང་པ་ཉིད་ཀྱི་སྐོར་ལ་སྐད་ཆ་དྲིས་བྱུང་། ངོས་ནས་ཁོང་ལ་དེའི་སྐོར་ནི་ཁྱེད་རང་ལ་འོས་འཚམས་ཤིག་མིན་པའི་འགྲེལ་བརྗོད་བྱས་པ་ཡིན། ངོས་ནས་གལ་ཏེ་ཁོང་ལ་རྟེན་འབྲེལ་གྱི་རྣམ་བཞག་སྐོར་འགྲེལ་བརྗོད་བྱས་ཚེ། ཁོང་ལ་ཡོད་པའི་དཀོན་མཆོག་ལ་དད་པ་རྩེ་གཅིག་པ་དེར་གནོད་ཉེན་ཡོད། དེར་བརྟེན་ཁོང་དང་འདྲ་བ་ཚོས་སྟོང་ཉིད་སྐོར་མ་ཉན་ན་ཡག་ཤོས་རེད་”ཅེས་གསུངས་ཡོད།

དེས་ན་ཁྱེད་ཀྱི་འདོད་པ་ལྟར་ན་སྐབས་འདིར་༧གོང་ས་མཆོག་ནས་སྟོང་ཉིད་ལྟ་བ་གསུངས་དགོས་པར་གྱུར་ཏེ། དེ་ལྟ་བུའི་གང་ཟག་དེ་ནང་ཆོས་ལ་མོས་པ་ཡོད་མཁན་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་ལ་ཤེས་འདོད་ཡོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ལ་ཤེས་འདོད་ཡོད་ན་དེ་ལ་མོས་པ་ཡོད་པས་ཁྱབ་སྟེ། མོས་པ་ཞེས་པ་འདོད་པ་དང་འདུན་པ་སོགས་ཀྱི་དོན་ལ་འཇུག་པའི་ཕྱིར་རོ། །

འོ་ན་དེ་ལྟ་བུའི་གང་ཟག་དེ་སྟོང་ཉིད་ལ་མོས་པ་ཡོད་ཀྱང་། ནང་ཆོས་ལ་མོས་པ་ཡོད་མཁན་མ་ཡིན་ཟེར་ན། འདི་ལྟ་བུ་ནི་རྟོགས་ལྡན་ལ་སྐྱེ་བའི་དོགས་པ་མ་ཡིན་མོད། བརྗོད་པར་བྱ་སྟེ། དེ་ལྟ་ན་སྟོང་ཉིད་འདི་ནང་པའི་ཆོས་ཡིན་དང་མིན། སྟོང་ཉིད་འདི་ནང་ཆོས་མ་ཡིན་ན། རྟེན་འབྲེལ་ལྟོས་གྲུབ་འདི་ནང་ཆོས་མིན་པར་འགྱུར་ཏེ། སྟོང་ཉིད་ཅེས་པ་ཀླད་པ་སྟོང་པའི་དོན་མིན་པར། རྟེན་འབྲེལ་ལྟོས་གྲུབ་ཀྱི་དོན་ལས་གཞན་པའི་སྟོང་ཉིད་ཀྱི་དོན་འཇོག་རྒྱུ་མེད་པའི་ཕྱིར། རྟེན་འབྲེལ་ལྟོས་གྲུབ་འདི་ནང་ཆོས་མིན་ན། ནང་ཆོས་ཞེས་པ་མིང་ཙམ་དུ་འགྱུར་ཏེ། ལྟ་བ་རྟེན་འབྱུང་འདི་ནང་ཆོས་ཀྱི་ཐུན་མིན་ཟབ་ཁྱད་ཡིན་པ་སུས་ཀྱང་བསྙོན་དུ་མེད་པའི་ཕྱིར། དེས་ན་འདོད་ཚུལ་དེ་ནི་ཆེས་མི་འཐད་དོ། །

ཡང་དེ་ལྟ་བུའི་གང་ཟག་དེ་སྟོང་ཉིད་ལ་མོས་པ་ཡོད་ཀྱང་སྐབས་འདིར་སྟོང་ཉིད་མ་གསུངས་པ་རྒྱུད་མ་སྨིན་པའི་དབང་གིས་ཡིན་ཟེར་ན། སྤྱིར་རྒྱུད་སྨིན་མཚམས་ཇི་ལྟར་འཇོག གལ་ཏེ་དེ་ནི་ནང་པ་ཡིན་མིན་གྱིས་འབྱེད་ཅེ་ན། མི་འཐད་དེ་ནང་པ་མིན་རུང་ནང་ཆོས་ལ་མོས་པ་ཡོད་མཁན་ཚོར་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་དེ་ཁྱེད་ཀྱིས་དམ་བཅའ་གང་ཞིག སྟོང་ཉིད་མ་བསྟན་པ་ལ་ནང་ཆོས་ཚང་ལ་མ་ནོར་བ་བསྟན་རྒྱུ་མེད་དེ། སྟོང་ཉིད་མ་བསྟན་པར་མདོ་སྔགས་གང་དུ་ཡང་འཚང་རྒྱ་བ་མེད་པའི་ཕྱིར་རོ། །དེས་ན་འདོད་ཚུལ་འདི་ཡང་མི་འཐད་དོ། །

ཡང་ཐེངས་ཤིག་ཕྱི་རྒྱལ་པ་ཞིག་ནས་༸གོང་ས་མཆོག་ལ་ནུབ་ཕྱོགས་ལུང་པར་དགོན་པ་ཞིག་གསར་བཙུགས་ཞུ་འདོད་ཡོད་ཚུལ་ཞུས་པར། ༸གོང་ས་མཆོག་ནས་དེའི་བཀའ་ལན་དུ། “ནུབ་ཕྱོགས་ལུང་པ་ནང་པའི་ལུང་པ་མིན་སྟབས། དགོན་པ་བརྒྱབ་ན་འོས་པོ་མེད་པ་དང། རྒྱ་གར་ནང་བཞེངས་ན་འགྲིག་འཐུས་ཆོག་”པར་བཀའ་སྩལ་ཡོད་པ་ཁྱེད་ཀྱིས་གུས་པའི་རྩོམ་ཡིག་སྔ་མར་བཀོད་ཡོད་པ་མ་མཐོང་ངམ། ཡང་ན་ཁ་དཔེར། མི་ངན་ལ་བཤད་ཀྱང་མི་ཉན། ཁྱི་ངན་ལ་བཀག་ཀྱང་མི་ཐུབ་ཅེས་པ་ལྟར་མཐོང་བཞིན་དུ་བསྐྱུར་རམ།

དེས་ན་ཁྱེད་ཀྱི་འདོད་པ་ལྟར་ན་སྐབས་འདིར་ཡང་༧གོང་ས་མཆོག་ནས་ནུབ་ཕྱོགས་ལུང་པར་ནང་པའི་དགོན་པ་རྒྱག་དགོས་པར་བཀའ་སྩལ་དགོས་ཏེ། ནུབ་ཕྱོགས་ལུང་པར་ནང་ཆོས་ལ་མོས་པ་ཡོད་མཁན་མང་དུ་ཡོད་པའི་ཕྱིར། ནང་ཆོས་ལ་མོས་པ་ཡོད་མཁན་ཚོར་ནང་ཆོས་ཁྱབ་སྤེལ་བཏང་ན་འགྲིག་པར་ཁྱེད་ཀྱིས་འདོད་ན། དེའི་ཆེད་དུ་དགོན་པ་བཞེངས་ན་འགྲིག་པ་ཡང་དོན་གྱིས་ཁས་བླངས་པར་གྲུབ་བོ། །

དེས་ན་གནད་དོན་འདི་ཚོའི་ཐོག་ནས་གསལ་པོར་ཤེས་ཐུབ་པ་ནི་ཁྱེད་ཀྱིས་རྟོག་བཟོ་བྱས་པའི་ཆོས་ལུགས་ཁྱབ་སྤེལ་གྱི་གོ་བ་སྔ་མའི་དབང་དུ་བྱས་ཀྱང། ༸གོང་ས་མཆོག་ནས་དུས་ནམ་དུ་ཡང་དངོས་ཤུགས་བརྒྱུད་གསུམ་གང་ནས་ཀྱང་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་པ་ཧ་ཅང་གསལ་པོ་ཡིན་ལ། ཁོང་གི་དགོངས་གཞི་གཉིས་པ་སྟེ་ཆོས་ལུགས་མཐུན་སྒྲིལ་ཡང་ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་ཡིན་པ། གོང་དུ་དྲངས་པའི་རྒྱུ་མཚན་དེ་དག་གིས་ལེགས་པར་སྒྲུབ་ཐུབ་བོ། །

མཇུག་བསྡོམས།

མདོར་ན་གོང་དུ་ས་བཅད་གཉིས་ལས་དང་པོའི་ནང་འཇམ་གྲགས་ཀྱིས་༸གོང་ས་མཆོག་གི་གསུང་ལ་དྲང་ངེས་ཕྱེས་པ་དེས། ༸གོང་ས་མཆོག་ཞལ་ཞེ་མི་མཚུངས་པ་ཇི་ལྟར་བཟོས་ཡོད་མེད་ལུང་རིགས་ཟུང་གིས་བསྒྲུབས་ཡོད་ལ། ས་བཅད་གཉིས་པའི་ནང་ཁོ་པས་ཆོས་ལུགས་ཁྱབ་སྤེལ་ཞེས་པར་གོ་བ་གཉིས་རང་བཟོ་བྱས་ཏེ། ༸གོང་ས་མཆོག་ནས་ “ངས་ནང་ཆོས་ཁྱབ་སྤེལ་གཏོང་གི་མེད་”ཅེས་པ་དེ་གོ་བ་ཕྱི་མའི་དོན་ལས། སྔ་མའི་དོན་མིན་པར་སྔ་མ་ཕྱག་བསྟར་གནང་གི་ཡོད་པ་ཤུགས་ལ་བསྟན་ཡོད། འོན་ཀྱང་དེ་ནི་ལྐུགས་པས་ལྐུགས་རྟགས་བསྟན་པ་ལས། དོན་དུ་༸གོང་ས་མཆོག་ནས་ཁྱེད་ཀྱིས་འདོད་པའི་ཆོས་ལུགས་ཁྱབ་སྤེལ་ཕྱི་མ་ལྟ་ཅི། སྔ་མ་ཡང་ཕྱག་ལེན་ལ་བསྟར་གནང་གི་མེད་པ་རྒྱབ་རྟེན་ལུང་དང། རྒྱུ་མཚན་རིགས་པ་དེ་དག་གིས་ལེགས་པར་བསྒྲུབས་ཡོད། དེས་ན་ལུང་ཞེན་དབང་གིས་ཁོག་ཏུ་གདོན་མ་ཞུགས་ན་ད་ནས་འཇམ་གྲགས་ཁྱེད་སྡིག་སྤོང་དགེ་སྒྲུབ་ལ་འབད་དེ། མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །བསིལ་བའི་ཆུ་ཡིས་བྲན་ན་ཡང་། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །ཞེས་པ་ལྟར་མི་འགྱུར་སླད་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགལ་རྐྱེན་དུ་འགྲོ་གཞིའི་སྨྲ་བ་ཉུང་ན་ཁོ་བོའི་སྨྱུག་རྩེ་ཁྱེད་ལ་གཏད་དོན་ཡང་གཏན་ནས་མེད་དོ། །

དཔྱད་གཞི།

http://tibettimes.net/2019/11/03/181478/

http://tibettimes.net/2019/10/15/181121/

https://www.dalailama.com/messages/religious-harmony-1/the-relevance-of-religion-in-modern

དེ་སྔོན་གྱི་འབྲེལ་ཡོད་རྩོམ་ཡིག དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸རྒྱལ་བའི་དགོངས་པར་སྒྲོ་སྐུར་ཞུས་པ།

རྩིབས་རི་རྒོད་ཕྲུག་ཟེར་བས་༧གོང་ས་མཆོག་ལ་སྐུར་བ་བཏབ་པ།

མཆན། གོང་དུ་བཀོད་པའི་རྩོམ་ཡིག་རྣམས་རྩོམ་པ་པོ་སོ་སོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༡༩/༡༡/༡༤

Leave a Reply

2 thoughts on “འཇམ་དབྱངས་གྲགས་པས་༧གོང་ས་མཆོག་ཞལ་ཞེ་མི་མཐུན་པ་བཟོས་པ།

  1. བྱམས་པ་བློ་བཟང་།

    སངས་རྒྱས་བཅོམ་ལྡན་འདས་ཞལ་ཞེ་མི་མཚུངས་མཁན་ཡིན་པར་ཐལ། མགོན་པོ་ཀླུ་སྒྲུབ་ཀྱིས་སངས་རྒྱས་བཀའ་ལ་དྲང་དོན་དང་ངེས་དོན་གཉིས་སུ་དབྱེ་བས་ཕྱིར། རྟགས་གྲུབ་ཏེ། འཁོར་ལོ་དང་པོ་དྲང་དོན་དང་འཁོར་ལོ་བར་པ་ངེས་དོན་དུ་འགྲེལ་པའི་ཕྱིར། འོག་ན་མགོན་པོ་ཀླུ་སྒྲུབ་སངས་རྒྱས་ལ་སྐུར་བ་བཏབ་བ་པོ་ཡིན་པར་ཐལ། དེས་ན་ཐེག་ཆེན་པ་ཚང་མ་སངས་རྒྱས་ལ་སྐུར་བ་བཏབ་མཁན་ལ་རྗེས་སུ་འབྲངས་ཡིན་པར་འགྱུར་རོ།

  2. ཧང་སངས་དགོས་པ་མཛད་འདུག ཡིན་ཡང་། བློ་སེང་འཁོར་བཅས་ལ་སྡིག་པ་མིག་བཙུམ་དང་། ངོ་ཚ་ཁྲེལ་མེད་འགྲོ་བ་ལས། རྒྱུ་མཚན་དང་གནས་ལུགས་མི་འགྲོ་བས། གད་མོ་ཤོར་རྒྱུ་ལས་གཞན་མེད། ད་ལྟ་ནི། ཕྱོགས་གང་སར། བློ་སེང་འཁོར་བཅས་གཅེར་བུ་དམར་རྗེན་ཁྲོམ་སྲང་དུ་དེད་ཚར་བའི་སྐབས་ཡིན་པར་སོང་། ལྟད་མོ་ལྟོས་དང་། ད་དུང་། འགྲོ་བ་མིས་བསྟན་མ་མྱོང་བའི། ངོ་ཚ་ཁྲལ་མེད་ཀྱི་དཔེ་བརྗོད་མང་པོ་འཇོག་གི་རེད། འཇམ་དབྱངས་གྲགས་པ་ནི་རྒྱུན་ཏུ་རང་དོན་ཁོ་ན་བསམས་ཏེ་གང་ཡང་བཙོང་ཕོད་མཁན་ཞིག་ཡིན་པ་གསལ་བས། སྤྲེལ་ལད་འཁྲབ་མ་ཤེས་པ་འདི་སྙིང་རྗེ།