བཀའ་ཤག་གི་གསལ་བསྒྲགས་ནང་བཟོད་གསོལ་ཞུས་མི་འདུག

འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ངོས་བཞེས་གནང་ཡོད་པའི་གསལ་བསྒྲགས་གནང་ཡོད་ཀྱང་བཅད་ཁྲའི་འབྲུ་དོན་ནང་གསལ་བཟོད་གསོལ་ཞུས་པ་གསལ་མི་འདུགབཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲའི་འབྲུ་དོན་ཁག་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་དགོས་པའི་བཀའ་རྒྱའི་དུས་བཅད་ཁ་སང་ནས་རྫོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོར་Tibet.net ནང་དབྱིན་ཡིག་གསལ་བསྒྲགས་ཤིག་སྤེལ་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་རང་དབང་གསར་ཤོག་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་bod.asia ཐོག་བོད་ཡིག་ཐོག་ནས་གསལ་བསྒྲགས་ཤིག་གནང་བའི་ནང་། ཁྲིམས་ཞིབ་ཁང་གི་བཅད་ཁྲ་ངོས་བཞེས་གནང་བ་ཡིན་ཞེས་གསུངས་འདུག་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ནང་གསལ་ཞུ་སྦྱོར་བར་བཟོད་གསོལ་ཞུས་པ་གསལ་མི་འདུག་པས། དེ་རིང་འདི་གའི་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ལ་གསལ་བསྒྲགས་དེ་སྤེལ་ནས་བཟོད་གསོལ་ཞུས་པ་ཡིན་མིན་བཀའ་འདྲི་ཞུས་ཀྱང་བཀའ་ལན་གནང་མ་སོང་། དེ་བཞིན་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་ལག་བསྟར་བྱས་དང་མ་བྱས་ཐོག་གསར་འགོད་པར་གསལ་བཤད་བྱེད་པའི་ལམ་སྲོལ་མེད་སྐོར་གསུངས་བྱུང་།

གསར་འགོད་པས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་ལ་དགོངས་ཚུལ་ཅི་ཡོད་ཞུས་པར་ཁོང་གིས། ད་ལྟ་སྒུག་ནས་བསྡད་ཡོད་པ་དང་། སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་ཡོང་དགོས་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ལ་གུས་བརྩི་ཞུ་དགོས་ཀྱི་ཡོད་ལ། སྤྱི་ཚོགས་ལྷིང་འཇགས་པོ་ཡོང་ཆེད་ད་ལྟའི་ཆར་གང་ཡང་ཞུ་རྒྱུ་མེད་སྐོར་གསུངས་བྱུང་།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བརྒྱད་པའི་དོན་ཚན་ ༥༠ པ་གཞིར་བཟུང་། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ པ་མ་ཉེས་ཁག་གཡོགས་གི་ཁ་མཆུར་ཐག་གཅོད་ཀྱི་བཅད་ཁྲ་བཏང་སྟེ། བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་། bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས། ཞེས་དང་། ཕྱི་ཟླ་ ༡༠ ཚེས་ ༡༤ ནས་རྩིས་པའི་ཉིན་གྲངས་ ༣༠ ནང་ཚུན་དུ་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་བཏང་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤེལ་གནང་བའི་སྔ་ཕྱིའི་གསལ་བསྒྲགས་རྣམས་ཀྱི་ནང་དུ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞབ་ཁང་ནས་ཁ་ཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཞེས་གསུངས་འདུག

བསྐྱར་བཅོས།: ༢༠༡༩/༡༡/༡༤

Leave a Reply

17 thoughts on “བཀའ་ཤག་གི་གསལ་བསྒྲགས་ནང་བཟོད་གསོལ་ཞུས་མི་འདུག

  1. ཁ་ནས་ཆིག་སྒྲིལ་ཆིག་སྒྲིལ། སེམས་ནང་འདྲེན་སེམས་ཁོ་ན།
    ག་དུས་བཤད་ཀྱང་དྲང་མིན་ཤ་སྟག།
    ཁ་ནས་བླ་མ་དཀོན་མཆོག། སེམས་ནང་སྡིག་པ་ཁོ་ན།
    སངས་རྒྱས་གོ་འཕང་མི་ཐོབ། དམྱལ་བའི་ཁྱིམ་ནང་རང་འཛུལ།