ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་རྒྱལ་ཁ་ཆེན་པོ་ཐོབ།

ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་ཞབས་བཀྱག་ཁྱོན་ ༤༥༢ ནས་གཞུང་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པར་ཞབས་བཀྱག་ ༦༠ དང་དམངས་གཙོ་དོན་གཉེར་གྱི་སྲིད་དོན་ཚོགས་པ་ཁག་ལ་ཞབས་བཀྱག་ ༣༤༧ ཐོབ་སྟེ་ཧོང་ཀོང་མི་མང་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༤ ཉིན་ཧོང་ཀོང་ནང་མི་གྲངས་ས་ཡ་ ༢།༩༤ ལྷག་གིས་གྲོང་སྡེ་ལྷན་ཚོགས་(District Councils of Hong Kong) འཐུས་མིའི་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ། གྲོང་སྡེ་ལྷན་ཚོགས་ཀྱི་ཞབས་བཀྱག་ཁྱོན་ ༤༥༢ ཁྲོད་ནས་དམངས་གཙོ་དོན་གཉེར་གྱི་སྲིད་དོན་ཚོགས་པ་ཁག་ལ་ཞབས་བཀྱག་ ༣༤༧ དང་། གཞུང་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པར་ཞབས་བཀྱག་ ༦༠། རང་དབང་ཅན་གྱི་འཐུས་མིར་ཞབས་བཀྱག་ ༤༥ ཐོབ་པ་བཅས། ཐེངས་དང་པོར་དམངས་གཙོ་དོན་གཉེར་གྱི་ཚོགས་པ་ཁག་གིས་ཧོང་ཀོང་གི་གྲོང་སྡེ་ ༡༨ ཁྲོད་ནས་ ༡༧ ནང་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་བླངས་བར་བརྟེན། ཧོང་ཀོང་མི་མང་གིས་ཐེངས་འདིའི་འོས་བསྡུ་བརྒྱུད་འདས་པའི་ཟླ་ ༦ རིང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་དང་། ཁེ་རི་ལེམ་གྱིས་སྣེ་ཁྲིད་པའི་ད་ལྟའི་ཧོང་ཀོང་གཞུང་དང་རྒྱ་ནག་གཞུང་གི་ཐབས་བྱུས་ལ་ཡི་མ་རང་བའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོད་པར་ངོས་འཛིན་བྱེད་ཀྱི་འདུགད་ལན་གྱི་འོས་བསྡུའི་ནང་གྲོང་སྡེ་ལྷན་ཚོགས་ཀྱི་ཞབས་བཀྱག་མང་ཤོས་ཐོབ་མཁན་དམངས་གཙོ་ཚོགས་པ་(The Democratic Party) ཡི་ཚོགས་གཙོ་ཝུ་ཁྲི་ཝའེ་ (Wu Chi-wai) ཡིས། ཧོང་ཀོང་གཞུང་གིས་འོས་བསྡུའི་གྲུབ་འབྲས་ལ་ཞིབ་པར་བལྟ་དགོས་པ་དང་། ང་ཚོས་ཧོང་ཀོང་འདི་ཉེན་རྟོག་པ་དང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་གྲོང་ཁྱེར་ཞིག་ཏུ་འགྱུར་ན་འདོད་ཀྱི་མེད། ཅེས་བརྗོད་ཡོད་པ་དང་། དེ་བཞིན་ད་ལན་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མིར་འོས་འདེམས་བྱུང་བའི་ན་གཞོན་དམངས་གཙོ་དོན་གཉེར་བ་རོའེ་ཀོང་ (Roy Kwong) གིས། འདི་ནི་མི་མང་གིས་གཞུང་ལ་རེ་འདུན་དོན་ཚན་ལྔ་སྒྲུབ་དགོས་པའི་ཉེན་བརྡ་ཡིན་སྐོར་དང་། གལ་ཏེ་ཁེ་རི་ལེམ་གྱིས་ད་དུང་མི་མང་ལ་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་དགོས་པར་བསམ་གྱི་མེད་ཚེ། ཁོ་མོ་གཉིད་ཡོད་ངེས་རེད། ཅེས་སོགས་བརྗོད་དེ། ད་ལན་དམངས་གཙོ་དོན་གཉེར་གྱི་ཚོགས་པའི་འཐུས་མི་རྣམས་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་འདིས། འདས་པའི་ཟླ་བ་དྲུག་རིང་གི་གཞུང་རྒོལ་ལས་འགུལ་དེར་མི་མང་རྣམས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཡོད་སྐོར་བརྗོད་འདུག

འོས་བསྡུའི་གྲུབ་འབྲས་ཐོན་པ་དང་འབྲེལ་ཧོང་ཀོང་དམིངས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ལྕམ་ཁེ་རི་ལེམ་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ངས་ད་ལན་གྱི་འོས་བསྡུའི་མཇུག་འབྲས་དེར་མི་མང་ངོས་ནས་འགྲེལ་བཤད་དང་ལྟ་ཚུལ་འདྲ་མིན་འཛིན་གྱི་ཡོད་པ་ཤེས་རྟོགས་བྱུང་། མང་པོ་ཞིག་གིས་དེ་ནི་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་དང་གཏིང་ཟབ་པའི་དཀའ་རྙོག་ལ་ཡི་མ་རང་བའི་རྣམ་པ་བསྟན་པ་ཞིག་ཡིན་ཚུལ་རྗོད་ཀྱི་འདུག ཧོང་ཀོང་གཞུང་གིས་གཉོམ་ཆུང་ངང་ནས་མི་མང་གི་བསམ་ཚུལ་ལ་ཉན་ཏེ་དེར་བསྟུན་ཐག་གཅོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུགཧོང་ཀོང་གཞུང་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཆེ་ཤོས་ཧོང་ཀོང་ལེགས་སྤེལ་ཡར་རྒྱས་དམངས་གཙོ་མནའ་འབྲེལ་ཚོགས་པར་ (The Democratic Alliance for the Betterment and Progress of Hong Kong) ད་ཐེངས་གྲོང་སྡེ་ལྷན་ཚོགས་ནང་ཞབས་བཀྱག་་ ༢༡ ལས་མ་ཐོབ་པར་ཕམ་ཁ་ཆེན་པོ་བྱུང་བར་བརྟེན། ཁ་སང་ཚོགས་པའི་ཚོགས་གཙོ་སི་ཊེ་རི་ལཱི་ (Starry Lee) ཡིས། ང་ཚོས་ཧོང་ཀོང་མི་མང་གིས་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་འདོད་བློ་ཁེངས་ཀྱི་མེད་པར་བསམ་ཤེས་ཐུབ་ཀྱི་འདུག་ལ། ང་ཚོས་འོས་བསྡུའི་མཇུག་འབྲས་ལ་དང་ལེན་དང་བརྩི་བཀུར་ཞུ་རྒྱུ་ཡིན། ཞེས་བརྗོད་དེ། ཚོགས་པར་འོས་ལྡུག་མཁན་གྱི་རྒྱབ་སྐྱོར་བ་ཚོར་མགོ་བོ་དུད་དེ་དགོངས་སེལ་ཞུས་ཡོད་འདུག ཡིན་ན་ཡང་། ད་ཐེངས་གྲོང་སྡེ་ལྷན་ཚོགས་ནང་ཞབས་བཀྱག་ ༤ ལས་ཐོབ་མེད་པའི་རྒྱ་ནག་གི་ཕྱོགས་གཏོགས་ཚོང་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སི་ཊེན་ལེ་ (Stanley Ng) ཟེར་བ་དེས། ད་ལན་གྱི་འོས་བསྡུ་དེ་ཟིང་འཁྲུག་དང་འཇིགས་སྣང་གི་གནས་སྟངས་འོག་བསྡུས་ཡོད་སྐོར་བརྗོད་ཡོད་འདུག

སྤྱིར་གྲོང་སྡེ་ལྷན་ཚོགས་ཀྱིས་གྲོང་སྡེ་དང་ས་གནས་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་ལྟ་བུའི་གནད་དོན་ཆུང་ཙགས་རིགས་ལ་མ་གཏོགས་ཐེ་བྱུས་བྱ་རྒྱུའི་འགན་དབང་མེད་ཅིང་། དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་ད་བར་གྲོང་སྡེ་ལྷན་ཚོགས་དེ་ཉིད་རྒྱ་ནག་གི་ཕྱོགས་གཏོགས་སྲིད་དོན་ཚོགས་པས་སྟངས་འཛིན་བྱས་ཡོད། ཡིན་ན་ཡང་། ད་ཐེངས་དམངས་གཙོ་དོན་གཉེར་གྱི་སྲིད་དོན་ཚོགས་པའི་སྟངས་འཛིན་འོག་ཚུད་པ་དེས། འདས་པའི་ཟླ་ ༦ རིང་གི་གཞུང་རྒོལ་ལས་འགུལ་སྐབས་བཏོན་པའི་མི་མང་གི་རེ་འདུན་དོན་ཚན་ ༥ ལ་སྐུལ་འདེད་དང་རྒྱབ་སྐྱོར་ཐོབ་ཡོད་པ་མ་ཟད། ཁེ་རི་ལེམ་གྱིས་སྣེ་འཁྲིད་པའི་ཧོང་ཀོང་གཞུང་ལ་ཁ་གཏད་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་བསྐྲུན་ཐུབ་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཚོགས་མི་ ༡༢༠༠ ལས་གྲུབ་པའི་ཧོང་ཀོང་གི་སྤྱི་ཁྱབ་འདེམས་སྒྲུག་ཚོགས་ཆུང་ཁོངས་སུ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ ༡༡༧ ཡོད་པ་དེ་དག་ཀྱང་དམངས་གཙོ་དོན་གཉེར་བ་རྐྱང་རྐྱང་ཆགས་ངེས་ཡིན་པས། ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་ཐད་ལ་ཡང་ཤུགས་རྐྱེན་སྤྲོད་ཐུབ་པར་གྱུར་ཡོད།ད་བར་རྒྱ་ནག་གཞུང་གིས་འོས་བསྡུའི་མཇུག་འབྲས་དང་འབྲེལ་བའི་ཐད་གཞུང་འབྲེལ་གསལ་བཤད་སྤེལ་མི་འདུག་ཀྱང་། ད་ལྟ་ཉི་ཧོང་དུ་སྐོར་སྐྱོད་བྱེད་བཞིན་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ (Wang Yi) ཡིས། གནས་སྟངས་གང་འདྲ་ཆགས་ཀྱང་ཧོང་ཀོང་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྐོར་དང་། ཧོང་ཀོང་ནང་དཀའ་རྙོག་སློང་བའམ། དེའི་ཡར་རྒྱས་དང་བརྟན་བརླིང་གཏོར་བཅོམ་གཏོང་ཐབས་བྱེད་མཁན་ཚོར་ལེགས་གྲུབ་འབྱུང་མི་སྲིད་སྐོར་བརྗོད་འདུག་དང་། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ནང་དུ་ད་ཐེངས་དམངས་གཙོ་དོན་གཉེར་གྱི་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་དོན་གཙོ་བོ་ནི་རྒྱུན་ལྡན་མ་ཡིན་པའི་གནས་སྟངས་ཀྱི་རྐྱེན་པས་ཡིན་སྐོར་དང་། ནུབ་གླིང་གིས་ཁོ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྐོར་ཡང་བཀོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་གོང་མས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེ་དང་། ཨ་རིས་ཧོང་ཀོང་གཞུང་ལ་མིག་ཆུའི་དུག་རླངས་སོགས་མང་ཚོགས་སྟངས་འཛིན་གྱི་གོ་མཚོན་ཕྱིར་འདྲེན་བྱ་རྒྱུར་བཀག་སྡོམ་གྱི་ཁྲིམས་འཆར་ཞིག་ལ་ཡང་རྒྱབ་སྐྱོར་བྱས་ཡོད་འདུག་ལ། འདས་པའི་བདུན་ཕྲག་གཅིག་ཡར་སྔོན་ནས་ཧོང་ཀོང་ནང་གི་གཞུང་རྒོལ་ལས་འགུལ་དེ་ཆེས་ཛ་དྲག་པོར་གྱུར་ཡོད་པ་དང་།  རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ལྟར་ན། འདས་པའི་ཟླ་ ༦ རིང་ཧོང་ཀོང་གཞུང་གིས་ངོ་རྒོལ་ལས་འགུལ་བ་ ༥༠༠༠ ལྷག་འཛིན་བཟུང་བྱས་འདུག་པ་དང་། ཁ་སང་འོས་བསྡུའི་ཉིན་མོར་དམངས་གཙོའི་ལས་འགུལ་བ་རྣམས་ཀྱིས་ངོ་རྒོལ་མཚམས་འཇོག་གིས་གྲོང་ཁྱེར་ཁྱོན་ཡོངས་ནང་དུས་ཡུན་རིང་པོའི་རྗེས་ཞི་བདེ་བག་ཕེབས་ཀྱི་རྣམ་པ་མངོན་ཡོད་པ་དང་།ཁ་སང་དགོང་མོ་ཙམ་ནས་འོས་གྲངས་བརྩི་བཤེར་གྱིས་དེ་རིང་ཞོགས་པ་ཙམ་ནས་དམངས་གཙོ་དོན་གཉེར་བར་མངོན་གསལ་གྱིས་རྒྱལ་ཁ་ཐོབ་བཞིན་པ་ཤེས་རྟོགས་བྱུང་བ་དང་བསྟུན། དམངས་གཙོའི་ལས་འགུལ་གྱི་སྣེ་འཁྲིད་པ་རྣམས་ཀྱིས་ད་ཐེངས་གྱི་འོས་བསྡུ་དེ་རྒྱལ་ཁ་ཆེན་པོ་ཞིག་ཡིན་ཡང་། ཧོང་ཀོང་བ་རྣམས་ལ་མཚོན་ན་ད་དུང་ཡང་འཐབ་རྩོད་བྱ་རྒྱུ་མང་པོ་ལུས་ཡོད་པས། མུ་མཐུད་མདུན་སྤོས་བྱ་དགོས་སྐོར་གྱི་གཏམ་བཤད་སོགས་སྤེལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༥

Leave a Reply

2 thoughts on “ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་རྒྱལ་ཁ་ཆེན་པོ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ།

  2. གཞུང་པ་ཚེ་དབང་བསོད་ནམས

    ཧོང་ཀོང་གི་ལས་འགུལ་དེ་དམངས་གཙོ་དོན་གཉེར་རེད་དམ་མང་གཙོ་དོན་གཉེར་རེད་ཧཧ།
    ཨིན་ཡིག་ནང་ ( Democracy Party ) མང་གཙོ་འཁོད་འདུག་པ་དང་བོད་ཡིག་ནང་དམངས་གཙོ་བཀོད་འདུག་པ་དུས་བབ་ཚང་གི་མང་གཙོ་དང་དམངས་གཙོ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་ན་ལས་དེ་མིན་ཧོང་ཀོང་གི་ལས་འགུལ་དེ་མང་གཙོའི་ལས་འགུལ་མིན་པ་དམངས་གཙོ་གྲལ་རིམ་གྱི་ལས་འགུལ་ལ་ངོས་འཛིན་གནང་ན་ཁྲིམས་མཐུན་ཨ་ཡིན་ནམ?
    Democracy མང་གཙོ་ མང་གཙོ་ནི་གྲངས་ཀྱི་གསལ་འབྱེད།
    Proletarian or Class..དམངས་གཙོ་ དམངས་གཙོ་ནི་གྲལ་རིམ་གྱི་གསལ་འབྱེད།