རྒྱ་གཞུང་གིས་ཧོང་ཀོང་གི་ཁྲིམས་འཆར་དང་འབྲེལ་ནས་ཨ་རིར་སྐྱོན་བརྗོད་བྱས།

རྒྱ་ནག་གཞུང་གིས་ཨ་རིའི་གཞུང་ཚབ་ཆེན་མོ་འབོད་འགུག་བྱས་ཏེ་ཨ་རིས་ཧོང་ཀོང་གི་ལས་འགུལ་བར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་མི་ཉན་པའི་ཉེན་བརྡ་བཏང་།རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་གཞུང་གིས་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཊེ་རི་བྷེ་རན་སི་ཊཌ་ (Terry Branstad)ལགས་འབོད་འགུག་བྱས་ཏེ། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་མང་མོས་རྒྱབ་སྐྱོར་ཐོབ་པའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེས། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་མ་འོངས་མཇུག་འབྲས་ཅི་བྱུང་གི་འགན་ཨ་རིས་འཁུར་དགོས་པའི་ཉེན་བརྡ་བསྐྱར་དུ་བཏང་འདུག

ཁ་སང་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་དམངས་གཙོ་དོན་གཉེར་བའི་ཚོགས་པ་ཁག་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པ་དང་བསྟུན། དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཁྲང་ཙི་ཀོང་ (Zhang Zeguang) གིས་ཨ་རིའི་གཞུང་ཚབ་པ་ཊེ་རི་བྷེ་རན་སི་ཊཌ་ལ་ཐུག་འཕྲད་བྱས་ཏེ། ཨ་རིའི་ཧོང་ཀོང་ལ་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་སྐྱོན་བརྗོད་དྲག་པོ་བྱས་ཡོད་སྐོར་དང་། ཨ་རིའི་ཁྲིམས་འཆར་དེས་གནས་ལུགས་ཡལ་བར་དོར་ཏེ། རི་དྭགས་ལ་རྟར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་ཁྲིམས་འགལ་འཚེ་བའི་བྱ་འགུལ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འབྲེལ་ལམ་གྱི་གཞི་རྩའི་ལམ་སྲོལ་ཁག་རྡོག་རོལ་གཏོང་གི་ཡོད་སྐོར་དང་། རྒྱ་ནག་ཕྱོགས་ནས་ཨ་རིས་སོ་སོའི་གནང་སྟངས་ཤེས་པའི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་གིས་ཧོང་ཀོང་གི་ཁྲིམས་འཆར་དེ་ཁྲིམས་ཡིག་ཅིག་ཏུ་གཏན་འབེབ་བྱ་རྒྱུར་བཀག་འགོག་བྱེད་དགོས་པ་དང་། ཧོང་ཀོང་གི་ལས་དོན་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པའི་ཚིག་བརྗོད་དང་བྱ་འགུལ་དག་མཚམས་འཇོག་དགོས། དེ་མིན་མཇུག་འབྲས་ཡོད་ཚད་ཨ་རིས་འགན་ལེན་གནང་དགོས་སྐོར་བཀོད་འདུགད་ལྟའི་ཆར་ཨ་རིའི་གཞུང་གིས་རྒྱ་ནག་ཕྱི་སྲིད་བློན་ཆེན་གཞོན་པ་དང་གཞུང་ཚབ་པ་བར་གྱི་ཐུག་འཕྲད་སྐོར་ལ་གཞུང་འབྲེལ་གྱི་གསལ་བཤད་གང་ཡང་བྱས་མི་འདུག་ཀྱང་། ཨ་རིའི་འཛིན་སྐྱོང་གི་མགྲིན་ཚབ་མི་སྣ་ཞིག་གིས་གསར་འགོད་པར། ཨ་རིའི་གཞུང་ངོས་ནས་ཧོང་ཀོང་གི་རང་སྐྱོང་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་བརྩི་བཀུར། སྤྱི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བཅས་ནི། ཨ་རིའི་ཁྲིམས་སྒྲིག་གཞིར་བཟུང་རང་གི་དམིགས་བསལ་གནས་བབ་གཅེས་སྲུང་བྱ་རྒྱུའི་གནད་དོན་གཙོ་བོ་དེ་ཡིན་པ་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལེགས་འགྲུབ་ཡོང་མིན་དང་། ཧོང་ཀོང་གི་འབྱུང་འགྱུར་གྱི་བརྟན་བརླིང་དང་ཡར་རྒྱས་བཅས་ལ་ཡང་གལ་ཆེར་གྱུར་ཡོད། ཅེས་དང་། རྒྱ་ནག་ངོས་ནས་དབྱིན་ཇི་དང་མཉམ་དུ་བཞག་པའི་ཡོངས་ཁྱབ་ཆིངས་ཡིག་དེར་བརྩི་འཇོག་གིས། ཧོང་ཀོང་མི་མང་གི་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་དམ་བཅའ་དེར་ཆེ་མཐོང་བྱ་དགོས་སྐོར་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ དང་ ༡༩ ཉིན་བསྟུད་མར་ཨ་རིའི་གྲོས་ཚོགས་འོག་མ་དང་གོང་མས་ཧོང་ཀོང་ནང་གི་དམངས་གཙོའི་གཞུང་རྒོལ་ལས་འགུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༡༩ ལོའི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་སྟེ།  ཟླ་རྗེས་མའི་ཕྱི་ཚེས་ ༢ བར་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཁྲིམས་འཆར་དེར་མིང་རྟགས་བཀོད་རྗེས་ཁྲིམས་ཡིག་ཏུ་གཏན་འབེབ་བབ། ཡང་ན་ཨ་རྒྱའི་ཚོང་དམག་གྲོས་མོལ་ལ་བར་ཆད་མི་ཡོང་བའི་ཆེད་དུ། སྲིད་འཛིན་ལ་རང་ཆས་སུ་ཡོད་པའི་དམིགས་བསལ་དབང་ཚད་ཀྱི་ཐོག་ནས་ཁྲིམས་འཆར་དེ་རྩིས་མེད་གཏོང་ཆོག་པ་ཡིན་འདུག  འདི་ལོའི་ཧོང་ཀོང་གི་ཁྲིམས་འཆར་དེར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན། རྒྱ་ནག་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཨ་རིའི་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་མ་ཟད། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་མི་ཉན་པའི་ཉེན་བརྡ་ཐེངས་མང་བཏང་ཡོད་པ་རེད།འདས་པའི་ཟླ་བ་དྲུག་རིང་། རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་དང་། གོ་ལའི་དུས་བབ། སི་སི་བརྙན་འཕྲིན། མི་དམངས་ཉིན་རེའི་ཚགས་པར་བཅས་ཀྱི་རྩོམ་སྒྲིག་པའི་གཏམ་དང་། ཆེད་དམིགས་ལེ་ཚན་བཅས་ནང་ཧོང་ཀོང་གི་ད་ལྟའི་གཞུང་རྒོལ་ལས་འགུལ་ལ་སྐྱོན་བརྗོད་དང་སྦྲགས། དེའི་རྒྱབ་ལ་ནུབ་གླིང་རྒྱལ་ཁབ་ཀྱི་གཞུང་དང་ཚོགས་སྡེ་ཁག་ཡོད་སྐོར་གྱི་གནས་ཚུལ་བརྒྱུད་སྒྲོག་ཤུགས་ཆེན་པོ་བྱེད་མུས་ཡིན་ཡང་། ཁ་སང་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་ནང་། རྒྱ་ནག་གི་ཕྱོགས་གཏོགས་ཤོག་ཁག་ལ་ཕམ་ཁ་ཆེན་པོ་བྱུང་སྟེ། མི་མང་ནས་ཟླ་བ་ ༦ རིང་གི་གཞུང་རྒོལ་ལས་འགུལ་དེར་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཤུགས་ཆེར་བསྟན་རྗེས། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་དེ་དག་ནང་ཧོང་ཀོང་ནང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུ་བྱས་པ་དང་། ད་ཐེངས་འོས་ལྡུག་མཁན་མང་པོ་བྱུང་ཡོད་སྐོར་ཙམ་ལས། མངོན་གསལ་དོད་པོས་དམངས་གཙོ་དོན་གཉེར་ཚོགས་པར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་པའི་གནས་ཚུལ་བཀོད་མེད་ལ། ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གཞུང་དང་འབྲེལ་བ་ཟབ་པའི་གསར་ཁང་དག་གིས་ད་ཐེངས་ཀྱི་འོས་བསྡུའི་ཁོར་ཡུག་དེ་ལེགས་པོ་མེད་སྐོར་སོགས་བརྗོད་ཡོད་འདུག་ལ། དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། རྒྱ་ནག་ནང་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་དང་འབྲེལ་བའི་གནས་ཚུལ་རིགས་བཀག་སྡོམ་བྱེད་ཀྱི་ཡོད་འདུག

ཡང་ཉི་ཧོང་དུས་བབ་ (The Japan Times) གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་བཀོད་པའི་ནང་། ཁ་སང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ (Wang Yi) ཡིས་ཉི་ཧོང་དུ་གཞུང་འབྲེལ་སྐོར་སྐྱོད་བྱེད་བཞིན་པ་དང་བསྟུན། ཡུལ་དེའི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་དང་ཐུག་འཕྲད་གནང་སྐབས་སྲིད་བློན་ཨ་བྷེ་མཆོག་གིས། རྒྱ་ནག་གཞུང་ནས་གུ་ཡངས་དང་རང་དབང་ཅན་གྱི་ཧོང་ཀོང་རྒྱུན་གནས་ཡོང་ཐབས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུགགནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཁ་སང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་མཇུག་འབྲས་ཀྱིས་ཧོང་ཀོང་དང་རྒྱ་ནག་གཞུང་ལ་ཉེན་བརྡ་བཏང་ཡོད་པ་དང་། ལྷག་པར་དུ་ཁེ་རི་ལེམ་གྱི་སྣེ་འཁྲིད་པའི་ཧོང་ཀོང་གཞུང་གིས་ད་དུང་ཨུ་ཚུགས་མཐར་སྐྱེལ་གྱིས་མི་མང་གི་རེ་འདུན་ལ་ཡ་ལན་མ་སྤྲད་ཚེ། འབྱུང་འགྱུར་དེ་བས་ཚབས་ཆེར་འགྱུར་མི་སྲིད་པ་ཞིག་མིན་སྐོར་བརྗོད་ཡོད་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གཅིག་ཏུ་ཁ་སང་གི་འོས་བསྡུའི་མཇུག་འབྲས་དང་བསྟུན། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་ཧོང་ཀོང་ལས་དོན་ཁང་གི་འགན་འཛིན་དེ་འཕོ་འགྱུར་གཏང་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པའི་གནས་ཚུལ་ཐོན་གྱི་འདུག གང་ལྟར་ཨ་རིས་ཧོང་ཀོང་ལ་རྒྱབ་སྐྱོར་གནང་བའི་ཁྲིམས་འཆར་དང་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་མཇུག་འབྲས་གཉིས་ལ་བརྟེན་ནས། རྒྱ་ནག་དང་ཧོང་ཀོང་གཞུང་ལ་གནོན་ཤུགས་ཆེན་པོ་སླེབས་ཡོད་པ་མངོན་གསལ་ཆགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༩/༡༡/༢༦

Leave a Reply