བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་།

བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་བ་དང་སྦྲགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐད་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་སོང་།དེ་རིང་ཕྱི་ཚེས་ ༢༧ ནས་ ༢༩ བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་འཚོགས་བཞིན་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ཐོག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེདང་། ༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ། ༧སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་མཚུར་ཕུ་རྒྱལ་ཚབ་གཽ་ཤྲཱི་རིན་པོ་ཆེ། ༧སྔ་འགྱུར་རྙིང་མའི་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ། ༧སྐྱབས་མགོན་འབྲུག་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ། དེ་བཞིན། ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་བཅས་ཀྱི་དབུས་པའི་སྔ་འགྱུར་རྙིང་མའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་ ༢༦ དང་། བཀའ་བརྒྱུད་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༢༤། ས་སྐྱའི་བླ་སྤྲུལ་དང་སྐུ་ཚབ་ ༢༢ ། དགེ་ལུགས་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༣༠ ། གཡུ་དྲུང་བོན་གྱི་བླ་སྤྲུལ་དང་སྐུ་ཚབ་ ༡༡ ། དེ་བཞིན།  ཇོ་ནང་པའི་བླ་སྤྲུལ་དང་སྐུ་ཚབ་ ༤ །  བོ་དོང་དང་བོ་ལུགས། གཞིས་བྱེས་བཅས་བླ་སྤྲུལ་དང་སྐུ་ཚབ་རེ་རེ་བཅས་མི་གྲངས་ ༣ ། རིས་མེད་དགོན་སྡེའི་སྐུ་ཚབ་ ༡ ། བཙུན་དགོན་ཁག་ ༡༢ ནས་སྐུ་ཚབ་བཙུན་མ་ ༡༦ ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༡༢། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། མཛད་གཙོ་རྣམ་པ་སོགས་གདན་ཞུའི་མི་གྲངས་ ༡༦༧ ཡོད་པ་ལས། དངོས་སུ་ཚོགས་བཅར་གནང་མཁན་གྲངས་ ༡༡༧ བྱུང་འདུག་ལ། ཚོགས་ཆེན་དབུ་འཛུགས་ཐོག་ཆོས་བརྒྱུད་ཁག་གི་དབུ་བླ་རྣམ་པས་རིམ་བཞིན་གསུང་བཤད་གནང་རྗེས་གྲོས་གཞི་གྲོས་འཆར་ཁག་གི་ཐོག་བཀའ་སྡུར་གནང་བཞིན་ཡོད་པ་རེད།

ཆོས་ཚོགས་ཀྱི་བྱུང་རིམ་སྐོར་ལ་ཆོས་རིག་བཀའ་བློན་ཀརྨ་དགེ་ལེགས་མཆོག་གིས། ཆོས་ཚོགས་ཀྱི་གྲངས་བཤེར་ཐད་ལ་གསལ་བཤད་བསྡུས་ཙམ་ཞིག་ཞུ་དགོས་པ་ཆགས་འདུག འདས་པའི་ཆོས་ཚོགས་རྣམས་ཀྱི་ནང་ལ་བཞུགས་མོལ་ཚོགས་འདུ་དང་ཚོགས་འདུ་ཧྲག་བསྡུས། རྒྱས་འཛོམས། ཚོགས་ཆེན། དམིགས་བསལ་ལྷན་ཚོགས་བཅས་བྱུང་འདུག་པ་ནས། ཕྱི་ལོ་ ༢༠༠༨ ལོར་ཉིན་གྲངས་ ༢ རིང་དབུ་འཁྲིད་བླ་ཆེན་དང་སྐུ་ཚབ་རྣམ་པ་ ༡༢ ལྷན་འཛོམས་ཀྱིས་དམིགས་བསལ་ལྷན་འཛོམས་གལ་ཆེན་ཞིག་བསྐྱངས་འདུག་པ་དེ། ཆོས་ཚོགས་ཀྱི་སྤྱི་འགྲོས་གྲངས་འབོར་དུ་མི་རྩིས་པར་ཟུར་དུ་བཞག་གནང་འདུག་ཀྱང་། ལྷན་ཚོགས་དེའི་དགོངས་དོན་དང་ཚོགས་མི་། གྲོས་གཞི་བཅས་གང་ས་ཅི་ཐད་ནས་ཆོས་ཚོགས་གལ་གནད་ཅན་ཞིག་ཏུ་གྱུར་འདུག་པས། ཆོས་ཚོགས་སྤྱི་འགྲོས་གྲངས་འབོར་ནང་འཇུག་འོས་མཐོང་བ་ལྟར་བཅུག་པར་བརྟེན། ད་ལྟའི་ཆོས་ཚོགས་འདི་ཆོས་ཚོགས་ཐེངས་བཅུ་བཞི་པ་ཆགས་པ་རེད། དེ་བཞིན། ད་ལན་ཆོས་ཚོགས་ཀྱི་མཚན་བྱང་ལ་འགྱུར་བ་ཕྲན་བུ་ཞིག་གཏོང་དགོས་བྱུང་སོང་།  དེར་གཙོ་བོ་དེང་སང་གི་འགྲོ་ལུགས་སྤྱི་དང་འབྲེལ་བའི་རྒྱུ་མཚན་གནད་འགག་གཉིས་ཡོད། ཆོས་ཚོགས་སྔ་མ་ཁག་ཅིག་གི་བརྗོད་ཚིག་ལྟར། བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཅེས་བཀོད་ཚེ། བོད་ནས་ཚོགས་མི་གདན་ཞུ་བྱ་དཀའ་བས་ཅུང་ཟད་ཁྱབ་ཆེ་བའི་སྐྱོན་ཡོད་པ་ལྟ་བུ་དང་། ཡང་ཆོས་ཚོགས་ཐེངས་བརྒྱད་པ་མན་ཆད་ཀྱི་བརྗོད་ཚིག་ལྟར། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཅེས་བཀོད་ཚེ། གོང་གི་ཁྱབ་ཆེ་བའི་སྐྱོན་ཡོད་པའི་སྒང་ལ་ཆོས་ལུགས་གཞན་ཁག་ཅིག་ལ་མི་ཁྱབ་པའི་དཀའ་ངལ་ཡོད་པ་ལ་བརྟེན་ནས། བཙན་བྱོལ་བོད་མིའི་ཆོས་ཚོགས་ཞེས་བཀོད་ན། སྐྱོན་ཆ་དེ་གཉིས་ཡོང་གཞི་ཆུང་བའི་སྒང་ལ་རང་རེའི་དངོས་ཡོད་གནས་སྟངས་དང་འཚམས་པའི་མཚན་བྱང་བསྒྱུར་བཀོད་ཞུ་དགོས་བྱུང་བ་ཞིག་ཡིན།  ཞེས་སོགས་གསུངས་སོང་།མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཆོས་ཚོགས་དང་འབྲེལ་ནས་གསུང་བཤད་གནང་སྐབས། ཉེ་ཆར་ང་ཚོས་དམིགས་བསལ་ཚོགས་ཆེན་ཚོགས་ཏེ། གྲོས་ཆོད་ནང་སྤྱན་རས་གཟིགས་དང་བོད་བྲལ་ཐབས་མེད་པ་དང་། དེ་བཞིན། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་བོད་མིའི་དབར་གྱི་འབྲེལ་བ་བྲལ་ཐབས་མེད་པ་རེད། དེར་བརྟེན། སྐུ་ཕྲེང་རིམ་བྱོན་ཕེབས་དགོས་ཀྱི་འདུག་ཅེས་གསོལ་བ་ཕུར་ཚུགས་སུ་བཏབས་པའི་གྲོས་ཆོད་བཞག་ཡོད་པ་རེད། གྲོས་ཆོད་དེ་ལོ་རྒྱུས་དང་རྩ་དོན་གང་གི་ཐོག་ནས་ཡིན་ཡང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག གཞི་རྩའི་འདིར་ཕེབས་མཁན་ཚང་མའི་མཁྱེན་གསལ་ལྟར། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་ཡིག་ཆ་ ༥ བ་ཞེས་པ་གསལ་བསྒྲགས་བྱས་ཏེ། བླ་སྤྲུལ་ངོས་འཛིན་བྱེད་སྟངས་ཐོག་ལམ་སྟོན་བྱས་པ་ཙམ་མ་ཟད་ལག་བསྟར་བྱས་པ་རེད། སྤྱིར་བཏང་ལོ་རྒྱུས་དང་སྲོལ་རྒྱུན་ལྡན་པ་བྱས་པ་ཡིན་ན། བླ་སྤྲུལ་ངོས་འཛིན་བྱེད་སྟངས་དེ། བླ་སྤྲུལ་དང་དགོན་སྡེ་ཁག་རང་གིས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཐབས་ཇུས་ངན་པ་བཏིང་སྟེ་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཐག་གཅོད་གུང་ཁྲན་ཏང་གིས་བྱེད་རྒྱུ་ཡིན་ཟེར་གྱི་ཡོད་པ་ནང་བཞིན། ཕྱི་ལོ་ ༢༠༠༧ ནས་བཟུང་དང་པོ་བླ་སྤྲུལ་ ༣༠༠ ངོས་འཛིན་བྱས་པ་ཡིན་ལབ་ཡོད། རྗེས་སུ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གིས་བླ་སྤྲུལ་ ༨༠༠ ངོས་འཛིན་བྱས་ཡོད། དེ་བཞིན། ཉེ་བའི་ཆར་གོ་ཐོས་བྱུང་བ་ལྟར་ན། བླ་སྤྲུལ་ ༡༣༠༠ ངོས་འཛིན་བྱས་ཡོད་ལབ་ནས་འགྲོ་བསྡད་ཡོད་པ་རེད། རྒྱ་ནག་གི་བྱེད་སྟངས་དེ་ལོ་རྒྱུས་དང་འགལ་ཟླ་ཆགས་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་འགལ་ཟླ་ཆགས་ཡོད་ལ། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་མི་འགྲིག་པའི་ཇུས་ངན་འཐེན་ནས་ལག་བསྟར་བྱས་ནས་འགྲོ་ཡི་ཡོད། ཆོས་དད་རང་དབང་ཐོག་ནས་ཀྱང་ང་ཚོའི་སྲོལ་རྒྱུན་གྱི་འགྲོ་སྟངས་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་རེད། ང་ཚོས་བླ་སྤྲུལ་ངོས་འཛིན་བྱེད་སྟངས་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་ཆགས་བསྡད་ཡོད་སྟབས། དེའི་བདག་དབང་དང་འགན་ཆ་ཚང་བོད་པའི་ནང་བསྟན་ཆོས་བརྒྱུད་རང་ལ་ཡོད་པ་རེད། བླ་སྤྲུལ་ངོས་འཛིན་བྱེད་སྟངས་དེ་བླ་སྤྲུལ་དང་དགོན་སྡེ་ཁག་རང་ནས་ངོས་འཛིན་བྱས་ནས་འགྲོ་དགོས་རེད་མ་གཏོགས་འགྲིག་གི་མ་རེད་ཅེས་དམིགས་བསལ་ཚོགས་ཆེན་ཐོག་ནས་བརྡ་ལན་གཏོང་དགོས་ཀྱི་ཡོད་པ་རེད་ལ། བརྡ་ལན་ཡང་བཏང་ཡོད་པ་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ནང་པ་སངས་རྒྱས་པའི་ཆོས་དེ་འཛམ་གླིང་ནང་དར་ཁྱབ་འབྱུང་བཞིན་ཡོད་སྐོར་ལ་ཁོང་གིས། འཛམ་གླིང་ཡོངས་ནང་ནང་པ་སངས་རྒྱས་པའི་ཆོས་དར་འཕེལ་བྱུང་སྟེ། རླབས་ཆེན་གྱི་མཛད་འཕྲིན་ཆགས་བསྡད་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ནང་བང་མཛོད་ནས་འགྲོ་གྲོན་གཏོང་དགོས་ས་ཆུང་ཤོས་དེ་ཆོས་རིག་ལས་ཁུངས་ཆགས་བསྡད་ཡོད། དེ་གང་ཡིན་ཟེར་ན། ང་ཚོའི་དགོན་སྡེ་ཁག་གིས་སྐུ་ལས་ཧ་ཅང་བསྐྱོན་ཏེ། སོ་སོའི་དགོན་པ་དང་གྲྭ་བཙུན་རྣམས་ཀྱི་འགྲོ་གྲོན་མང་ཆེ་བ་སོ་སོ་རང་གི་འབད་པ་ལ་བརྟེན་ནས་གཏོང་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རོགས་སྐྱོར་དང་འགྲོ་གྲོན་ཆུང་ཤོས་ཆོས་རིག་ལས་ཁུངས་ཆགས་ཀྱི་ཡོད། དེར་བརྟེན། ད་ལྟ་བར་དུ་སྐུ་ལས་སྐྱོན་མཁན་དགོན་སྡེ་ཁག་གི་སྐུ་ཚབ་དང་དགེ་འདུན་པ་རྣམ་པ་ཚང་མར་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ཡོངས་ནས་འཛམ་གླིང་ནང་བལྟས་པ་ཡིན་ན། ང་ཚོ་བཙན་བྱོལ་ནང་འབྱོར་རྗེས་ནང་པ་སངས་རྒྱས་པའི་ཆོས་བསྐྱར་གསོ་བྱུང་ཐུབ་ཡོད་པ་མ་ཟད། དར་འཕེལ་གཏོང་ཐུབ་པ་བྱུང་ཡོད། འོན་ཀྱང་། འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལ་བལྟས་པ་ཡིན། ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་རྒྱལ་ཁབ་  ༡༤ དང་རྒྱལ་ཁབ་ ༥༢ ནང་ནང་པ་སངས་རྒྱས་པའི་ཆོས་བྱེད་པའི་མི་འབོར་མང་དག་ཅིག་ཡོད་པ་དང་། རྒྱལ་ཁབ་ཁག་ ༡༥༠ ནང་སངས་རྒྱས་པའི་ཆོས་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད་པ་གསལ་བོ་ཞེ་དྲགས་རེད་འདུག དེར་བརྟེན། འཛམ་གླིང་རྒྱལ་ཁབ་ ༡༥༠ ལྷག་ནང་ཆོས་བྱེད་མཁན་ཆགས་འདུག ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་འཛམ་གླིང་ཡོངས་ནང་དར་འཕེལ་ཡོང་གི་ཡོད་པ་གསལ་བོ་རེད་འདུག ཕྱོགས་གཞན་ཞིག་ནས་བལྟས་པ་ཡིན་ན། འཛམ་གླིང་ནང་ཆོས་དད་ཡོད་མཁན་དང་མེད་མཁན་གཉིས་ལས་ཆོས་དད་མེད་པའི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཆོས་དད་ཅན་གྱི་མི་འབོར་ཇེ་ཉུང་དུ་འགྲོ་ཡི་འདུག དཔེར་ན། ཡུ་རོབ་ནང་ཁྱེད་རང་གིས་ཆོས་བྱེད་ཀྱི་ཡོད་དམ་ཞེས་དྲིས་པ་ཡིན་ན་མེད་ཟེར་མཁན་གྱི་མི་འབོར་མང་བ་ཆགས་ཀྱི་ཡོད། ཅེས་དང་། བོད་ཀྱི་བླ་སྤྲུལ་རྣམ་པས་འཛམ་གླིང་ནང་ཆོས་དད་རིང་ལུགས་པ་ཇེ་ཉུང་འགྲོ་བཞིན་པའི་སྐབས་འདིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་སྤེལ་གྱིས། མ་འོངས་པའི་ལོ་བརྒྱ་ཕྲག་རིང་ནང་བསྟན་ཆོས་ལུགས་ཡུན་ནས་ཡུན་དུ་གནས་ཐུབ་ཐབས་ཀྱི་འཆར་གཞི་དགོས་སྐོར་སོགས་གསུངས་སོང་།དེ་རིང་ཆོས་ཚོགས་ཀྱི་ཉིན་དང་པོའི་སྔ་དྲོར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐད་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབ་གནང་སོང་། ༡༽ སྔ་མའི་ཐུགས་བསྐྱེད་དམ་བཅའ་དང་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་གྱི་དབང་གིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་ྋརྒྱལ་དབང་སྐུ་ཕྲེང་རིམ་པ་དང་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་བོད་གངས་ཅན་གྱི་སྐྱེ་འགྲོ་རྣམས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། ྋརྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ།

༢༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་ྋསྐྱབས་མགོན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན།

༣༽ ྋགོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས། ནང་པ་སངས་རྒྱས་བའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཞིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུད་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་རེད།

དེ་བཞིན་ཐེངས་འདིའི་ཆོས་ཚོགས་ཐེངས་བཅུ་བཞི་བར་གྲོས་གཞི་ཁག་ ༥ ཡོད་པ་དག་ནི། གཅིག་བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ་དང་། གཉིས། ཆོས་ལུགས་གཞན་དང་ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་མཉམ་ལས་ཡར་རྒྱས་གཏོང་ཕྱོགས་ཇི་དགེ་བཀའ་བསྡུར་གནང་རྒྱུ། གསུམ་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ་དང་འབྲེལ་བཀའ་བསྡུར་གནང་རྒྱུ། བཞི་དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར་གནང་རྒྱུ། དེ་བཞིན། གྲོས་གཞི་མཐའ་མ་གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་དགོངས་འཆར་དང་བཀའ་བསྡུར་གནང་འོས་གནང་རྒྱུ་བཅས་རེད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས་དང་སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༩/༡༡/༢༧

Leave a Reply

7 thoughts on “བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་།

  1. ལོ་རབ་ ༧༠ ནང་དུ་༧གོང་ས་མཆོག་གི་བཀའ་སློབ་ཏུ་ང་ཏཱ་ལའི་བླ་མ་ཐ་མ་དེ་ཡིན་སྲིད། མ་འོང་པ་ན་ཏཱ་ལའི་བླ་མའི་དགོས་མཁོ་ཡོད་མེད་བོད་རྒྱ་ཆེའི་མི་མང་ནས་ཐག་གཅོད་བྱ་གི་རེད་ཞེས་ལན་འགའ་ཤས་བསྩལ་ཡོད། ད་ལྟ་བར་དུ་བོད་མི་མཐོ་དམའ་སུས་ཀྱང་གསོལ་འདེབས་འདི་འདྲ་ཞུ་མྱོང་མེད། རྩ་བའི་༧གོང་ས་མཆོག་དགུང་ལོ་ ༡༡༣ བར་སྐུ་ཚེ་བརྟན་རྒྱུའི་ཞལ་བཞེས་གནང་ཟིནའང་། མ་འོང་པའི་སྐུ་ཕྲེང་རྗེས་མའི་ཆེད་ད་ལྟ་ནས་གསོལ་འདེབས་ཞུས་པ་དང་། གྲོས་ཆོད་ཀྱང་འཇོག་གནང་མཛད་པར་རང་གཞུང་གི་མཛད་གཙོ་རྣམས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྒྱ་དམར་གཞུང་ནས་༧གོང་ས་མཆོག་གི་ཡང་སྲིད་ཕེབས་དགོས་པ་དང་། དེ་ཡང་རྒྱ་དམར་གཞུང་གི་ཁྲིམ་ལུག་དང་མཐུན་པའི་ངོས་འཛིན་ཞུ་གི་ཡིན་ཚུལ་དྲིལ་སྒྲག་རྒྱ་ཆེ་བྱ་བཞིན་པ་དེར་གདོང་ལེན་གནད་ཁེལ་ཞིག་བྱུང་ཡོད། ཨ་རིས་གཙོས་པའི་དྲང་བདེན་རྒྱལ་ཁབ་མང་པོས་ཀྱང་རྒྱབ་སྐྱོར་གནང་བའང་དགའ་སྤྲོའི་རང་བཞིན་ཡིན། རྒྱ་དམར་ཆོས་མེད་ཀླ་ཀློའི་ལུགས་ངན་འཛིན་པས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་པ་དེ་དད་པས་མ་ཡིན་པར་ཆབ་སྲིད་ཀྱི་ལག་ཆར་སྦེད་སྤྱོད་བྱ་ཆེད་ཡིན་པ་བོད་མི་ཙམ་མ་ཟད། འཛམ་གླིང་མི་མང་ཚང་མས་ཤེས་བསལ་ཡིན། དེར་རྟེན་ད་རེས་ཀྱི་མཛད་ཕྱོགས་འདི་ནི་ཧ་ཅང་དགོས་གལ་དུས་ཐུག་ལྟ་བུར་བྱུང་སོང་བས་བཀའ་སྤྱི་གཉིས་དང་ཆོས་བརྒྱུ་ཀྱི་བསྟན་བདག་རྣམས་བཀའ་དྲིན་བླ་མེད་ཆེ་ཞ་ལགས་སོ།།

  2. གཞུང་པ་ཚེ་དབང་བསོད་ནམས

    གོང་མཆོག་ནས་ཁོང་དགུང་གྲངས་113བར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཕེབས་ཡོད་ན་ཡང་སྲིད་སྐོར་བྲེལ་བ་དེ་ག་ནས་བྱུང་བ་རེད་མི་མང་ལ་རྣམ་དཱོགས་མ་བཟོས་ན་ཡག་ལེ་རེད་དོ།

  3. ༄༅། རྒྱ་དམར་པོ་ཆོས་ཀྱི་དགྲ་བོ་རེད། ཆོས་བྱེད་མཁན་རྣམ་པ་རྩ་བ་བཀོག།
    རྒྱ་དམར་པོ་བྱམས་བརྕེ་དྲི་མེདརེད། བྱམས་སྙིང་རྗེ་མེད་ན་འདི་ཕྱི་ཕུང།
    རྒྱ་དམར་པོ་ཆོས་མེད་ཀླ་ཀློ་རེད། ཆོས་མེད་པར་ཡང་སྲིད་བྱུས་གཏོགས་མེད།
    བྱུས་བྱས་ཀྱང་ཡིད་ཆེ་མོས་གུས་མེད། འདི་འཛམ་གླིང་ཀུན་གྱི་མཁྱེན་ཤག་རེད།