བཀའ་ཤག་གི་ཁྲིམས་རྩོད་པར་ཉན་ཞིབ་ཀྱི་གོ་སྐབས་གཉིས་པ་གནང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དུས་བཅད་གཏན་འབེབ་བཞིན་དེ་རིང་ཉིན་རྒྱབ་ཀྱི་ཉན་ཞིབ་ཐོག་ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་བསླེབས་མི་འདུག

བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་བཏང་བ་ལྟར།  དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཉན་ཞིབ་ཚོགས་གཏན་འཁེལ་ཡོད་ཀྱང་། རྩོད་ལན་པའི་ཁྲིམས་རྩོད་པ་ཉན་ཞིབ་ཐོག་བསླེབས་མེད་པར་བརྟེན། ཁྲིམས་ཞིབ་ཁང་ནས་ཉན་ཞིབ་ཀྱི་གོ་སྐབས་ཐེངས་གཉིས་པ་གནང་བའི་བརྡ་ཁྱབ་སྤེལ་གནང་འདུག

དེ་ཡང་ཁྲིམས་ཞིབ་ཁང་གི་བརྡ་ཐོའི་ནང་། ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པའི་ཐད་གསར་འགོད་པར་གཏམ་བཤད་བྱས་པ་དེ་རིགས་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༥ [ཁ] ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཆེད། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན་ཕྱི་དྲོའི་ཆུ་ཚོད་ ༢་༣༠ སྟེང་ཉན་ཞིབ་བྱ་རྒྱུའི་བརྡ་ཐོ་ ༢༠༡༩།༡༡།༢༢ ཉིན་བརྡ་ཐོ་སྐྱེལ་མཁན་ཆེད་གཏོང་གིས། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་ཀྱི་ལས་བྱེད་རིན་ཆེན་བཟང་པོ་ལ་སྤྲད་དེ་འབྱོར་ལན་མིང་རྟགས་བླངས་ཟིན་ནའང་། དོ་བདག་གོང་གསལ་དུས་བཀག་ཉིན་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་བྱས་མ་སོང་བས། ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་ཞུས་པའི་རྒྱུ་མཚན་དང་ཆབས་ཅིག  ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་ཡོད། ཅེས་གསལ་འདུག

དེ་ཡང་བཙན་བྱོལ་བོད་མིའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༨༤ (ཁ) པའི་ནང་། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཅེས་པ་ནི། སྐྱེ་བོ་གང་ཞིག་གིས་ཆེད་དུ་དམིགས་ནས།

༡) ཁྲིམས་ཞིབ་ཀྱི་བྱ་རིམ་གང་རུང་ལ་འགལ་རྐྱེན་བཟོ་རྒྱུའམ། ཁྲིམས་ཞིབ་པའི་དབང་ཆར་གནོད་སྐྱོན་བཟོ་རྒྱུ་བཅས་གང་རུང་གི་བྱ་སྤྱོད་སྤེལ་བའམ། གཏུག་བཤེར་སྐབས་ཁྲིམས་ཞིབ་པའི་མདུན་སར་སྒྲིག་མེད་དམ། མཐོང་ཆུང་། ཁེངས་དྲེགས་བཅས་གང་རུང་གི་སྤྱོད་ཚུལ་སྟོན་པ། ༢) ཁྲིམས་ཞིབ་ཁང་གི་བཅད་ཁྲའམ། བཀའ་ཁྲ། བཀའ་ཁྱབ། བཀའ་ཤོག བཀོད་འདོམས། བྱ་རིམ་གཞན་བཅས་གང་རུང་ལ་བརྩི་མེད་བྱེད་པ་བཅས་ཡིན། ཞེས་གསལ་འདུག

ཡང་ཁྲིམས་ཡིག་དེའི་དོན་ཚན་ ༨༥  (ཁ) ནང་། གཏུག་བཤེར་སྐབས་ཁྲིམས་ཞིབ་པའི་མདུན་སར་ཁྱད་གསོད་བྱས་པ་ཡིན་ན་བཅོས་གསོའི་ཆད་པ་འཕྲལ་དུ་འགྱེལ་ཆོག དེ་མིན་ཁྱད་གསོད་བྱེད་མཁན་སྐྱེ་བོ་དེར་བརྡ་ཐོ་བཏང་ནས་རྒྱུ་མཚན་བརྗོད་རྒྱུའི་ཉན་ཞིབ་ཀྱི་དུས་ཚོད་ངེས་ཅན་གཏན་འབེབས་ཐོག་ཉན་ཞིབ་ཟིན་རྗེས་བཅོས་གསོའི་ཆད་པ་འགེལ་ཆོག ཅེས་གསལ་ཡོད་པ་དང་། ཆད་པའི་རྣམ་གྲངས་སུ་ཡང་ཁྲིམས་ཡིག་དེའི་དགོངས་དོན་གཞིར་བཟུང་། ཆད་དངུལ་གྲངས་ཚད་ངེས་ཅན་ནམ། སྤྱི་ཚོགས་ཀྱི་ཞབས་ཞུ་ཅི་རིགས། བཤགས་རྟེན་ནམ་དཀར་གསོལ་ཆེད་ཁ་བཏགས་འབུལ་སྤྲོད་ཀྱིས་མཚོན་ཅི་རིགས། ཡང་ན་ཁྲིམས་ཞིབ་ཁང་ནས་སྔོན་དུ་བཏང་བའི་བཀའ་དེར་བརྩི་བཀུར་ཉམས་ལེན་ཞུ་དགོས་པའི་བཀའ་གཉིས་པ་ཞིག་གཏོང་བ་བཅས་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༩/༡༢/༠༦

Leave a Reply

6 thoughts on “བཀའ་ཤག་གི་ཁྲིམས་རྩོད་པར་ཉན་ཞིབ་ཀྱི་གོ་སྐབས་གཉིས་པ་གནང་།

    1. སྟག་ལའི་གངས་ཕྲུག་

      བོད་མི་ཡོངས་ཀྱི་དབུ་ཁྲིད་མཁས་དབང་འབུམ་རམ་པ་མི་རྗེ་བློ་བཟང་སེང་གེ་ཞལ་ནས་བོད་མི་སྒེར་པ་ཞིག་ལ་དགོངས་དག་ཟེར་བའི་ཚིག་ཞིག་འདོན་པར་རེ་བསྒུག་བྱེད་བཞིན་པའི་རྩ་དོན་ཁ་ལ་མཁྱེར་ནས་རང་སྐྱོན་ཁོག་སྦས་ཀྱི་བོད་མི་འགའ་ཞིག་ལ་ཞུ་དོན། ང་ཚོར་སྐྱོན་སྤུ་ཙམ་ཡང་མེད་པའི་དབུ་ཁྲིད་༧གོང་ས་མཆོག་ལྟ་བུ་ནི་སྲིད་ན་དཀོན། ད་ལྟ་ང་ཚོར་ཡོད་བཞིན་པ་ནི་འཛམ་གླིང་དབུ་ཁྲིད་གཞན་དང་དཔུང་པ་མཉམ་ཤིབ་ཀྱིས་བོད་དོན་ལས་འགན་སྒྲུབ་བཞིན་པ་ནི་ཚང་མས་མཐོང་ཐོས་སུ་འགྱུར་པ་སྲིད་སྐྱོང་ལགས་རེད། མི་ལ་ནོར་བ་ཅུང་ཙམ་ཡོང་སྲིད་དེ་ནི་རྒྱུན་ལྡན་རེད། འོན་ཀྱང་ནོར་འཁྲུལ་ཆུང་ཆུང་ཞིག་གི་ཆེད་སོ་སོའི་དབུ་ཁྲིད་ལ་སྨྲ་འབེབ་པ་ནི་བོད་མི་ལ་སྨྲ་འབེབ་པ་ཡིན། དེའི་ནང་དུ་ང་ཡང་ཡོད་ལ། བོད་མི་ཚང་མ་ཡང་ཡོད། མི་མང་སྐྱུས་མའི་ཁྲོད་ནས་དབུ་ཁྲིད་འདི་ལྟ་བུ་ཞིག་ཐོན་པ་ནི་དགའ་འོས་པ་ལས། འགྱོད་དགོས་པ་ཞིག་རྩ་བ་ནས་མིན། གལ་སྲིད་རྩ་དོན་ཁ་ལ་འཁྱེར་ནས་སྲིད་སྐྱོང་ལ་སྐྱོན་བརྗོད་མཁན་གྱི་མི་ཁ་བདེ་དེ་དག་ལ་སྲིད་སྐྱོང་གི་ལས་འགན་དེ་སྤྲད་པ་ཡིན་ན། ཕལ་ཆེར་ཉིན་ཤས་ལས་མ་འགོར་བར་སྐད་ངན་ཤོར་ངེས། སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་སོ་སོས་བརྩེ་བཀུར་མི་བྱེད་ན་སུས་བྱེད་དེར་བརྟེན་བོད་མི་ཙམ་ཟན་ཡོངས་ནས་འབྲོག་པས་ལ་རྒྱབ་པར་མ་ཐོང་ཐུད་ཟ་བར་ཐོང་མཁན་གྱི་དྲ་འབུ་དག་ལ་ཡིད་ཟབ་གནང་སྟེ་རྟགས་དཔྱད་ཀྱི་ལམ་ནས་རང་ཚུག་ཟིན་པའི་རེ་བསྐུལ་ཞུ་བཞིན་ཡོད། དྲ་འབུ་ཁྱེ་ཚོ་ཡང་བོད་མི་ཞིག་ཡིན་པ་དང་བོད་འབངས་ཞིག་ཡིན་པར་མི་བརྗེད་པའི་རེ་བ་ཞུ་བཞིན་ཡོད། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་མི་རྗེ་སྲིད་སྐྱོང་འབུམ་རམ་པ་བློ་བཟང་སེང་གེ་མཆོག་ལ་སེམས་ཤུགས་མ་ཆག་པར་མུ་མཐུད་ནས་འཇུག་སྐྱོང་གནང་རོགས་ང་ཚོ་བོད་མི་ཚོ་དུས་ནམ་ཡང་སྐུ་ཉིད་ཀྱི་རྒྱབ་ཏུ་ཡོད། བོད་རྒྱལ་ལོ། ( དག་བརྗོད་ལ་སོགས་ནོར་ཡོད་ཚེ་དགོངས་བསེལ་ཞུ།)