——འདི་ལོའི་བོད་ཀྱི་དུས་བབ་གསར་ཁང་གི་བོད་ནང་གི་གསར་འགྱུར་ཆེ་ཁག་བཅུ།
བོད་མིའི་རང་ལུས་མེར་བསྲེགས།
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན། བོད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་རུ་རང་ལོ་ ༢༤ ཙམ་ཡིན་པའི་ཡོན་ཏན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་ལོ་འདིའི་ནང་བོད་ནང་རང་ལུས་མེར་སྲེག་གནང་མཁན་གཅིག་པུ་ཡིན་པ་དང་། ཡོན་ཏན་ལགས་ནི་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་བསོད་དོན་དང་། མ་ཚེ་ཁོ་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ཀྱང་རྗེས་སུ་སྐྱ་སར་བབས་ནས་འབྲོག་པའི་འཚོ་བ་སྐྱེལ་ནས་བསྡད་ཡོད་འདུག
བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི།
རྒྱ་ནག་གཞུང་གིས་གསང་བ་དང་གསང་བ་མ་ཡིན་པའི་ཐོག་ནས་བོད་མི་མང་པོ་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་ནས་ཤེས་རྟོགས་བྱུང་བའི་བོད་མི་ ༦ ལ་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༣ ནང་གསང་བའི་ཐོག་སོག་མཁར་བློ་གྲོས་ལགས་ལ་ལོ་ ༡༨ དང་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་ ༢ ཁྲིམས་ཐག་བཅད། ཕྱི་ཟླ་ ༤ ནང་ཙམ་ལ་ནག་ཚོགས་ཀྱི་ཉེས་མིང་གཡོགས་ཏེ་རེབ་གོང་རོང་བོ་ཧོར་རྒྱ་སྡེ་བའི་བོད་མི་ ༩ འཛིན་བཟུང་གིས་ལོ་ ༣ ནས་༤ བར་ཁྲིམས་ཐག་བཅད། ཕྱི་ཟླ་ ༥ ཚེས་ ༨ ཉིན་དཀར་མཛེས་སེར་ཤུལ་རྫོང་ནས་ཡིན་པའི་བོད་མི་དབང་ཆེན་ལགས་ལ་ལོ་ ༤ དང་ཕྱེད་ཀ་དང་ཁོང་གི་ཨ་ཅག་སྒྲོལ་དཀར་ལགས་ལ་ལོ་ ༡ དང་ཟླ ༣ ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་རྔ་བའི་དགེ་འདུན་པ་བློ་བཟང་ཐབས་མཁས་དང་གྲྭ་ཐུབ་པ། གྲྭ་བློ་བཟང་རྡོ་རྗེ་བཅས་ལ་ལོ་༣ ནས་ ༤ ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༦ ཉིན། མགོ་ལོག་དགའ་བདེ་རྫོང་འབྲིང་རིམ་ཁྲིམས་ཁང་ཟེར་བས། ཨ་ཉ་སེང་སྒྲ་ལགས་སུ་ཁྲིམས་བཤེར་བཅད་ཁྲ་བཏང་སྟེ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད་ནའང་། ཨ་ཉ་སེང་སྒྲ་ལགས་ནས་མ་ཉེས་ཁག་གཡོག་བྱས་པའི་ཁྲིམས་ཆད་དེ་དྭང་ལེན་གནང་གི་མེད་པས་བསྐྱར་དུ་ཞུ་གཏུག་གནང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
བོད་ཀྱི་གཏམ་བརྗོད་སྒྱུ་རྩལ་བ་ཞིག་འདས་གྲོངས།
ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༩ ཉིན། བོད་ཀྱི་གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་རྒན་ཐུབ་བསྟན་ལགས་སྙུང་གཞིའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་ནི་ཕྱི་ལོ་ ༡༩༣༤ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་མི་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། དགུང་ལོ་དྲུག་སོན་དུས་ལྷ་ས་ཀུན་བདེ་གླིང་དགོན་པར་ཞུགས། འདས་པའི་ལོ་དྲུག་བཅུ་ལྷག་ཙམ་རིང་ཁོང་གིས་སྤྱི་ཚོགས་ཀྱི་སྣང་བརྙན་ཟབ་ཅིང་དགོད་སློང་བའི་གཏམ་གླེང་དག་གིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་ཚོའི་ཁྲོད་གཞས་མ་གཏམ་གྱི་གླུ་གཞས་ཐོག་ཁ་ཕྱོགས་ལམ་སྟོན་གནང་ཡོད་པ་རེད། ཁོང་གི་མི་ཚེ་ཧྲིལ་པོར་བོད་སྐད་ཀྱི་གཏམ་བརྗོད་སྒྱུ་རྩལ་ལ་བརྟེན་ནས་བོད་རིགས་མི་མང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་གོམས་སྲོལ་རྒྱུན་སྐྱོང་དར་སྤེལ་གཏོང་བར་སྐུལ་འདེད་ཆེན་པོ་བཏང་ཡོད།
རྒྱལ་སྤྱིའི་མིག་ལམ་དུ་འཚེར་བའི་བོད་ཀྱི་གློག་བརྙན།
ཕྱི་ལོ་ ༢༠༡༩ ཟླ་ ༧ ནང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་དུས་ཡུན་སྐར་མ་ ༡༠༢ ཅན་གྱི་གློག་བརྙན་གསར་ཤོས་དབུགས་ལྒང་། རྒྱལ་སྤྱིའི་ཝེ་ནེ་ཛི་ཡ་སྐབས་ ༦ པའི་གནམ་སའི་འབྲེལ་མཚམས་ཞེས་པའི་གློག་བརྙན་དུས་སྟོན་གྱི་རྟིང་རྩོད་འགྲན་བསྡུར་དང་། རྒྱ་ནག་དང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནང་མཉམ་ཞུགས་བྱས་ཏེ། རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག་དཔྱད་འདེམས་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། ཐེངས་ ༢༠ པའི་རྒྱལ་སྤྱིའི་ཊོ་ཀི་ཡོ་གློག་བརྙན་དུས་སྟོན་དང་སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་བསྟུད་མར་གློག་བརྙན་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་ཅིང་། གློག་བརྙན་དེའི་འཁྲབ་སྟོན་མ་གཙོ་བོ་བསོད་ནམས་དབང་མོ་ལགས་ལའང་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ། དེ་བཞིན་ལྷོ་ཀོ་རི་ཡའི་བྷོ་སན་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་པདྨ་ཚེ་བརྟན་ལགས་སུ་ཆེས་ཁྱད་དུ་འཕགས་པ་དང་མིག་རྒྱང་རིང་བའི་ཨེ་ཤ་ཡའི་སྐར་ཆེན་གྱི་མཚན་སྙན་བྱ་དགའ་ཐོབ་ཡོད་པ་རེད།
ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར།
ཕྱི་ལོ་ ༢༠༡༩ ཟླ་ ༨ ནང་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་དགོན་པའི་གཞུང་ལམ་གྱི་ཕྱོགས་གཅིག་གི་ཁང་པ་ཆ་ཚང་གཏོར་ཏེ་དགོན་པའི་ཕྱེད་ཀ་བེད་མེད་བཟོས་ཡོད་པ་མ་ཟད། གྲྭ་བཙུན་ཧ་ཅང་མང་པོ་ཕྱིར་རང་ཡུལ་དུ་བཙན་གྱིས་ལོག་བཅུག་ཡོད་པ་རེད། དེ་བཞིན་དགོན་པ་དང་འབྲེལ་བའི་གནས་ཚུལ་ཐད་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཕྱིས་སུ་ཤེས་རྟོགས་བྱུང་བ་ལྟར་ན། དགོན་པ་ནས་བཙན་ཕུད་བྱས་པའི་གྲྭ་བཙུན་རྣམས་འཛིན་བཟུང་གིས་ཆབ་མདོ་འཇོ་མདའ་རྫོང་གི་བཀག་ཉར་ཁང་དུ་བཅུག་སྟེ། ཉིན་ལྟར་ཏཱ་ལའི་རུ་ཚོགས་ཞེས་དགག་རྒྱག་བྱེད་དུ་བཅུག་པ་དང་། ཟླ་ ༢ ནས་ ༣ བར་བཀག་ཉར་ཁང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་སྦྱོང་སྤྲད་ཡོད་པ་དང་། དེའི་རྗེས་ཀློད་གྲོལ་བཏང་ཡོད་ན་ཡང་རང་ཁྱིམ་དུ་སྡོད་པ་ལས་ས་ཕྱོགས་གཞན་གང་ལ་ཡང་འགྲོ་མི་ཆོག་པའི་དམ་དྲག་བྱས་ཡོད་པ་རེད།
དངོས་རྫས་རྩ་ཆེན་ཁག་རྒྱ་ནག་ཏུ་དབོར།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༠ ནས་འཆར་ལོའི་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་བར་གྱི་རྒྱ་ནག་པེ་ཅིན་གྲོང་ཁྱེར་གྱི་གོང་མའི་ཕོ་བྲང་རྙིང་པ་འཛུགས་སྐྲུན་བྱས་ཏེ་ངོ་ལོ་ ༦༠༠ འཁོར་བའི་དུས་དྲན་འགྲེམ་སྟོན་ཟེར་བར་ཁ་གཡར་ཏེ། བོད་དེ་བཞིན་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་ཚུལ་སྒྲུབ་ཆེད། རྒྱ་ནག་གཞུང་གིས་༧པཎ་ཆེན་སྐུ་ཕྲེང་ན་རིམ་དང་འབྲེལ་བའི་གཞིས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་གྱི་རྩ་ཆེན་དངོས་རྫས་གྲངས་ ༧༧ པེ་ཅིན་དུ་དབོར་འདྲེན་བྱས་ཡོད་པ་དང་། དེ་ནི་གཙང་གི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་༧པཎ་ཆེན་སྐུ་ཕྲེང་ན་རིམ་དང་དེའི་ནང་བསྟན་དང་འབྲེལ་བའི་གནའ་རྫས་ཁག་གདན་སའི་ཕྱི་ལ་དབོར་འདྲེན་གྱིས་མི་མང་ལ་འགྲེམ་སྟོན་བྱས་པ་ཐོག་མ་ཡིན་པ་དང་། ལྷག་པར་རྒྱ་ནག་ནང་འགྲེམ་སྟོན་བྱས་པ་ཐོག་མ་ཡིན་འདུག
བོད་རིགས་ལུས་རྩལ་བའིི་རྒྱལ་ཁ།
ཕྱི་ལོ་ ༢༠༡༩ ལོར་བོད་ཕྱི་ནང་གཉིས་ནས་ལུས་རྩལ་པ་དང་དྲག་རྩལ་པ་སོགས་བོད་རིགས་གཞོན་སྐྱེས་གང་འཚམ་ཞིག་ལ་རྒྱལ་སྤྱིའི་འགྲན་ཚོགས་ཁག་ཅིག་ནས་རྒྱལ་ཁ་ཐོབ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༤ ཉིན་རྒྱ་ནག་ནང་ཚོགས་པའི་རྒྱལ་སྤྱིའི་རྒྱང་རྒྱུག་འགྲན་བསྡུར་དང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འདེམ་སྒྲུག་ཁྲོད། བོད་ཀྱི་རྒྱང་རྒྱུག་ཨོ་རྩལ་བ་སྟོབས་རྒྱལ་ལགས་ཀྱིས་ཨང་དང་པོ་བླངས་ཏེ། ཕྱི་ལོ་ ༢༠༢༢ ལོའི་ཉི་ཧོང་ཨོ་རྩལ་འགྲན་ཚོགས་ནང་འདེམས་ཐོན་བྱུང་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༨ ཉིན། རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱིས་བོད་རིགས་བུ་མོ་ཨོ་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་བུད་མེད་ཀྱི་ལོ་འཁོར་འདུར་རྒྱུག་གི་ཨང་དང་པོ་དང་། བོད་རིགས་བུད་མེད་འདུར་རྒྱུག་པ་ཀླུ་མོ་མཚོ་ལགས་ལ་ཨང་བཞི་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༦ ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་སྡུར་སྐབས་ ༡༧ པའི་ཐོག ཆོས་དབྱིངས་སྐྱིད་ལགས་ཀྱིས་བུད་མེད་ཀྱི་སྤྱི་ལེ་ ༢༠ འདུར་རྒྱུག་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་གསེར་གྱི་རྟགས་མ་བཅས་བླངས་ཡོད་པ་རེད།
རྒྱལ་མཚན་ནོར་བུ་ལགས་ལ་གོ་གནས་འཕར།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ ཉིན། རྒྱ་ནག་གཞུང་གིས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཟེར་བའི་ཚོགས་གཙོར་བསྐོ་བཞག་བྱས་ཡོད་པ་དང་། སྐབས་སྔོན་མའི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟེར་བ་རྒྱུན་ལས་ཚོགས་གཞོན་གྲས་སུ་བསྐོས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་ལ་རྒྱལ་མཚན་ནོར་བུ་ལགས་ཐའེ་ལན་ཌིའི་ནང་གཞུང་འབྲེལ་སྐོར་སྐྱོད་དུ་ཕེབས་ཡོད་པ་དང་། དེ་ནི་ཁོང་གིས་ཕྱི་རྒྱལ་དུ་གཞུང་འབྲེལ་ཐོག་ཕེབས་པ་ཐོག་མ་ཆགས་ཡོད་པ་དང་། སྐབས་དེར་ཁོང་གིས་ཐའེ་ལན་ཌིའི་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་གཙོ་བོར་གྱུར་བའི་ནང་པའི་བྱེད་སྒོ་ཁག་སོགས་ཀྱི་ཐོག་མཉམ་ཞུགས་ཀྱིས་གཏམ་བཤད་སོགས་བྱས་ཡོད་པ་རེད།
བོད་དུ་འགྲོ་བ་མི་བྱུང་ནས་ལོ་ངོ་འབུམ་གཅིག་ལྷག་ཕྱིན།
ཕྱི་ཟླ་ ༥ ཚེས་ ༢ ཉིན། རྒྱ་ནག་གི་ལན་ཀྲུའུ་སློབ་ཆེན་དང་རྒྱལ་སྤྱིའི་ཉམས་ཞིབ་པ་ཁག་ཅིག་གིས། དེ་སྔོན་བོད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡ་གྱལ་རྒན་གྱའི་གནས་རི་རྩ་ཆེན་རྒན་གྱའི་བྲག་དཀར་གནས་ཁང་ནས་ཐོན་པའི་མིའི་འགྲམ་རུས་འགྱུར་རྡོ་དེར་བརྟག་དཔྱད་བྱས་ཡོད་པ་དང་། རྒྱལ་སྤྱིའི་རང་བྱུང་དུས་དེབ་སྟེང་བཀོད་པའི་གྲུབ་དོན་ལྟར་ན། མིའི་འགྲམ་རུས་དེ་ལོ་ངོ་འབུམ་གཅིག་དང་ཁྲི་ ༦ ཡར་སྔོན་དུ་བྱུང་བའི་ཌན་ནི་སོ་ཝན་ (Denisovan) མི་རིགས་ཀྱི་འགྲམ་རུས་ཤིག་ཡིན་པ་དང་། འགྱུར་རྡོ་དེའི་ཐོག་ནས་གདོད་མའི་དུས་རབས་བར་མའི་སྐབས་ (Middle Pleistocene) བོད་དུ་འགྲོ་བ་མི་དང་སྲོག་ཆགས་ཀྱི་རིགས་འཚོ་གནས་བྱས་ཡོད་པ་ར་འཕྲོད་ཡོད་པ་དང་། སྤྱིར་ཌན་ནི་སོ་ཝན་མི་རིགས་ཀྱི་རུས་པ་མང་པོ་རྙེད་ཡོད་ནའང་། རུས་པ་དེ་དག་ལ་ལོ་ངོ་ཁྲི་ ༥ ཡི་ལོ་རྒྱུས་ཙམ་ལས་མེད་སྟབས། བོད་དུ་རྙེད་པའི་འགྲམ་རུས་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད།
འཛིན་བཟུང་མནར་གཅོད་འོག་གི་བོད་མི།
ཕྱི་ལོ་ ༢༠༡༩ ལོའི་ལོ་མགོ་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ཉེས་མིང་སྣ་ཚོགས་འོག་མི་ཧ་ཅང་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་ལྟར། ཕྱི་ཟླ་ ༢ ཚེས་ ༢༠ ཉིན་དིང་རི་རྫོང་ཁོངས་ཀྱི་ཚེ་རིང་རྡོ་རྗེ་ལགས་འཛིན་བཟུང་བཀག་ཉར་བཅས་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༨ ཉིན་ཡས་མས་ཤིག་ལ་གཞིས་ཀ་རྩེའི་དབང་ཕྱུག་ལགས་འཛིན་བཟུང་བྱས། ཕྱི་ཟླ་ ༣ ཚེས་ ༩ ཉིན་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་གི་པདྨ་བསམ་འགྲུབ་ལགས་འཛིན་བཟུང་། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཡས་མས་སུ་སེར་ཤུལ་རྫོང་ཁོངས་ཀྱི་བློ་བཟང་ལགས་དང་ཡོན་ཏན་ལགས་བཅས་གཉིས་འཛིན་བཟུང་། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ཡས་མས་སུ་སེར་ཤུལ་རྫོང་ཁོངས་ཀྱི་བློ་བཟང་ལགས་དང་ཡོན་ཏན་ལགས་བཅས་གཉིས་འཛིན་བཟུང་། ཕྱི་ཟླ་ ༦ ཚེས་ ༧ ཉིན་མགོ་ལོག་དར་ལག་རྫོང་དུ་ནག་སེལ་ངན་འཇོམས་ཟེར་བར་ཁ་གཡར་ཏེ། བོད་མི་ ༡༣ འཛིན་བཟུང་བྱས། ཕྱི་ཟླ་ ༨ ཚེས་ ༢༠ ཉིན་དིང་རི་རྫོང་བྲང་རྩེ་གྲོང་ཚོའི་ཚེ་རིང་བཀྲ་ཤིས་ལགས་འཛིན་བཟུང་། ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན། རྔ་བ་ཀིརྟི་དགོན་གྱི་གྲྭ་བསོད་ནམས་དཔལ་ལྡན་ལགས་འཛིན་བཟུང་བྱས། ཕྱི་ཟླ་ ༩ ཚེས་ ༢༠ ཉིན་ཙམ་ལ་ནག་ཆུ་ས་ཁུལ་རྟར་ཆེན་གྲོང་རྡལ་དུ་སྨན་པ་ཚེ་རྒྱལ་དང་དབྱངས་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས ༦ འཛིན་བཟུང་བྱས། ཡང་ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ཙམ་ལ་ནག་ཆུ་ས་ཁུལ་ཤག་རོང་པོ་རྟར་ཆེན་ཡུལ་ཚོ་ས་ལྷི་གྲོང་ཚོའི་ལྷ་དར་ལགས་འཛིན་བཟུང་། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྫ་དབོན་པོ་ཡུལ་ཚོའི་གྲྭ་ཀུན་གསལ་དང་གྲྭ་རྟ་མེ། གྲྭ་བསོད་བཀྲ་དང་གྲྭ་ཚུལ་ཁྲིམས། དེ་བཞིན་ཁོང་ཚོའི་དགེ་རྒན་གྲྭ་ཤེར་རྒྱམ་བཅས་མི་ ༥ འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་བོད་མི་ཁག་ཅིག་ཀློད་ཚར་ཡོད་ན་ཡང་མང་པོ་ཞིག་གི་གནས་སྟངས་དང་གར་ཡོང་ཅི་བྱུང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
གསར་འགོད་པ། ཀླུ་མགོན་ཐར།