ལྷ་སའི་བར་སྐོར་སྒོ་ཕྱེ་རྒྱུ་ཡིན་སྐོར་བསྒྲགས།

དེ་རིང་ཕྱི་ཚེས་ ༢༨ ཉིན་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་དད་ལྡན་མང་ཚོགས་གཏོང་མགོ་འཛུགས་ཀྱི་ཡོད་སྐོར་བསྒྲགས་འདུག

ལྷ་ས་གྲོང་ཁྱེར་བར་སྐོར་གནའ་གྲོང་སྤྱི་བདེ་ལས་ཁུངས་ཟེར་བས། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་དད་ལྡན་མང་ཚོགས་རྣམས་བར་སྐོར་ནང་གཏང་རྒྱུ་ཡིན་པ་དང་། བར་སྐོར་ནང་གི་ཉེན་རྟོག་མི་སྣ་དང་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་རླངས་འཁོར་ལས་གཞན་སྒེར་འཁོར་སོགས་བཞག་མི་ཆོག་ཚུལ་བསྒྲགས་འདུག

དེ་བཞིན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཟེར་བས་བརྡ་ཁྱབ་ཅིག་བཏང་སྟེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ ༢༡༤ ཙམ་ཞིག་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་སྒོ་འབྱེད་རྒྱུའི་གཏན་ཁེལ་བྱས་པ་ཡིན་ཞེས་བསྒྲགས་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྔ་གྲས་བསམ་ཡས་དགོན་པའང་བསྐྱར་དུ་ཆོས་སྒོ་ཕྱེ་སྟེ། ཉིན་གསུམ་གྱི་རིང་ཆོས་སྒོ་ཕྱེ་ནས་དད་ལྡན་མང་ཚོགས་རྣམས་མཆོད་མཇལ་ལ་བཏང་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གློ་བུར་དུ་ཏོག་དབྱིབས་ནད་ཡམས་འགོག་བཅོས་ཀྱི་ཆེད་དགོན་པ་སྒོ་རྒྱག་རྒྱུ་ཡིན་སྐོར་བཀོད་དེ་སྒོ་བརྒྱབ་ཡོད་འདུག་ལ། ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཀྱི་གཡའ་བཟང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་གཡའ་བཟང་དགོན་པའང་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གློ་བུར་དུ་ཆོས་སྒོ་བརྒྱབ་ཡོད་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་པ་གྲངས་ ༡ ལས་བྱུང་མེད་པ་དང་བོད་ཀྱི་ས་ཁུལ་གཞན་དུའང་རེ་འགའ་ལས་བྱུང་མེད་ཚུལ་བསྒྲགས་ཀྱི་ཡོད་པ་མ་ཟད། ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ལ་སྟངས་འཛིན་བྱེད་ཐུབ་ཡོད་པའི་རྣམ་པ་རྒྱལ་སྤྱིའི་ཐོག་སྟོན་ཆེད། དུས་ལ་རན་པར་ལས་ཀ་མགོ་འཛུགས་བྱེད་པ་དང་སློབ་མགོ་འཛུགས་པ། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གི་ཆོས་སྒོ་ཕྱེ་ཡི་ཡོད་ཚུལ་སྒྲོག་གི་ཡོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་སྡེ་ཁག་གིས་བོད་དང་རྒྱ་ནག་ནང་གི་ཏོག་དབྱིབས་ནད་པའི་དངོས་ཡོད་ཀྱི་གྲངས་ཀ་ནི། ད་ལྟ་རྒྱ་ནག་གཞུང་གིས་སྒྲོག་བཞིན་པའི་གྲངས་ཀ་ལས་ལྡབ་འགྱུར་གྱིས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་ལ། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། བོད་ནང་ཏོག་དབྱིབས་ནད་ཡམས་རྐྱེན་བྱས་ཏེ་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་པའི་རྒྱ་ནག་གཞུང་གི་གནས་ཚུལ་དེ་ནི་ཡོང་མི་སྲིད་པ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།

རྒྱ་ནག་ཝུ་ཧན་ནས་ཐོག་མར་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་ནད་ཡམས་ཛ་དྲག་ཅན་ཏུ་གྱུར་སྟབས་བོད་ཁུལ་ཡོངས་སུའང་འགྲོ་སྐྱོད་མི་ཆོག་པ་དང་འདུ་འཛོམས་མི་ཆོག་པ་སོགས་བཀག་སྡོམ་ཤུགས་ཆེན་བྱས་ཡོད་པ་མ་ཟད། བོད་ཀྱི་ལོ་སར་དང་ཆོས་ཕྱོགས་ཀྱི་དུས་ཆེན་ཆེ་ཁག་གི་སྐབས་མཆོད་མཇལ་དུ་ཕྱིན་མི་ཆོག་པ་དང་གནས་སྐོར་དུ་ཕྱིན་མི་ཆོག་པ་སོགས་ཀྱི་བཀག་སྡོམ་བྱས་ཡོད་པ་རེད་ལ། ལྷ་སའི་བར་སྐོར་གླིང་དུའང་གཅིག་མཚུངས་ཀྱི་བཀག་སྡོམ་བྱས་ཡོད་སྟབས། ཉེ་བའི་ཆར་སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་སྟོང་བར་ལུས་མ་མྱོང་བའི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་བར་སྐོར་སྟོང་བར་ལུས་ཡོད་པའི་རྣམ་པ་པར་རིས་སུ་བཀོད་དེ་བརྒྱུད་བསྐུར་ཤུགས་ཆེན་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༤/༢༨

Leave a Reply