རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་ལ་ཉེས་ཆད་ལྕི་མོ་གཅོད་དགོས་པའི་དགོངས་འཆར་བཏོན།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ ༡༥༠ ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཕྱི་ཕྱོགས་སིམ་འཛུལ་གྱི་བྱ་སྤྱོད་བཀག་སྡོམ་དང་དེ་འབྲེལ་མགོ་འཁྲིད་རྣམས་ལ་སྔར་བཅད་མྱོང་མེད་པའི་ཉེས་ཆད་ཆེན་པོ་འགེལ་དགོས་པའི་དགོངས་འཆར་བཏོན།ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་མཐུན་ཚོགས་ཆེ་ཤོས་སུ་གྲགས་པའི་སྤྱི་མཐུན་ཚོགས་པའི་ཞིབ་འཇུག་ཚོགས་ཆུང་ (Republican Study Committee) ཞེས་པ་དེས། ཨ་རིའི་རྒྱལ་སྲུང་སྲིད་བྱུས་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་ཟུར་འདོན་བྱས་ཏེ་ཨ་རིའི་ནང་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བྱ་འགུལ་ཡོངས་སུ་འགོག་དགོས་པ་མ་ཟད། འཐབ་ཕྱོགས་གཅིག་འགྱུར་ཁང་གི་མཐོ་རིམ་མགོ་འཁྲིད་གཙོ་བོ་གྱུར་པའི་བོད་དང་ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་ནང་དྲག་པོའི་ཁྲིམས་གཞི་འདོམ་མཁན་མགོ་འཁྲིད་ཚོ་ལའང་ཉེས་ཆད་གཅོད་དགོས་སྐོར་བཀོད་ཡོད་འདུག

སྙན་ཐོ་དེའི་སྐོར་ལ་སྤྱི་མཐུན་ཚོགས་པའི་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མེག་ཇོན་སོན་ (Mike Johnson) གྱིས། ང་ཚོས་སྙན་ཐོ་འདིའི་ནང་རྒྱ་ནག་དམར་ཤོག་ཚོགས་པར་ད་བར་ཨ་རིའི་གྲོས་ཚོགས་ཀྱིས་བཀལ་མྱོང་མེད་པའི་དཔལ་འབྱོར་ཉེས་ཆད་ལྕི་ཤོས་དེ་འགེལ་དགོས་པའི་བསམ་འཆར་བཏོན་ཡོད། ད་ལྟ་ང་ཚོས་དེ་ལྟར་བྱ་རྒྱུའི་དུས་ལ་བབས་ཡོད་པ་བསམ་གྱི་འདུག ངས་ཚོས་ཡུན་རིང་ནས་རྒྱ་ནག་དམར་ཤོར་ཚོགས་པའི་ཉེན་ཁ་ལ་དོ་སྣ་བྱེད་མུས་ཡིན་པ་མ་ཟད། ད་ཐེངས་ཏོག་དབྱིབས་ནད་ཡམས་འདིའི་རྐྱེན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་སྔར་བས་དོ་སྣང་ཆེ་བ་བསླེབས་ཡོད། ཅེས་བརྗོད་ཡོད་འདུག དེ་བཞིན་ཚོགས་ཆུང་དེའི་རྒྱལ་སྲུང་ལས་དོན་ཚན་པའི་ཚོགས་གཙོ་འཐུས་མི་ཇོ་ཝིལ་སོན་ (Joe Wilson) གྱིས། ཨ་རིའི་མང་ཚོགས་ངོས་ནས་མའོ་ཙེ་ཏུང་ཀྱི་སྣེ་ཁྲིད་འོག་གསར་འཛུགས་བྱས་པའི་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་དང་། དེའི་ཆབ་སྲིད་འཐབ་རྩོད་ཀྱི་དམིགས་ཡུལ། དེ་བཞིན་དེས་ཨ་རིའི་ནང་འཇོག་བཞིན་པའི་ཤུགས་རྐྱེན་བཅས་པའི་གནས་ཚུལ་དངོས་བདེན་རྣམས་ཤེས་རྟོགས་ཐུབ་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ཤོག་གྲངས་ ༡༢༠ ལྷག་ཡོད་པའི་ཨ་རིའི་རྒྱལ་སྲུང་སྙན་ཐོ་དེའི་ནང་རྒྱ་ནག་དང་། ཨུ་རུ་སུ། ཨི་རཱན་བཅས་གསུམ་ནི་ཨ་རིའི་རྒྱལ་སྲུང་ལ་འཕྲད་བཞིན་པའི་ཉེན་ཁ་ཆེ་ཤོས་དེ་ཡིན་སྐོར་དང་། དེ་དག་ཁྲོད་ནས་ཀྱང་རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་དང་དྲིལ་བསྒྲགས་ཀྱི་ཐབས་བྱུས་བརྒྱུད་ཨ་རི་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་རང་གི་ཤུགས་རྐྱེན་སླེབས་ཐབས་དང་དམར་ཤོག་ཚོགས་པའི་རྒྱལ་ནང་གི་སྲིད་བྱུས་ཀྱི་སྣང་བརྙན་བཟང་ཕྱོགས་སུ་སྒྱུར་ཐབས་ལ་འབད་བཞིན་ཡོད་ཅིང་། སྲིད་འཛིན་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་དང་། དམག་གི་སྟོབས་ཤུགས་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐང་མེད་པའི་གཞུང་འཛིན་ལམ་ལུགས་ཤིག་དྲིལ་བསྒྲགས་བྱེད་བཞིན་ཡོད་སྐོར་བཀོད་འདུག

ཡང་རྒྱ་ནག་གི་འཐབ་ཕྱོགས་གཅིག་འགྱུར་ཁང་གི་བྱ་འགུལ་སྐོར་ལ་སྙན་ཐོ་དེའི་ནང་། རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་སུ་རྒྱ་ནག་གི་མགོ་འཁྲིད་དང་སྲིད་བྱུས་ལ་ངོ་རྒོལ་བྱེད་མཁན་ཚོར་ཁ་གཏད་གཅོག་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། འཐབ་ཕྱོགས་གཅིག་འགྱུར་ཁང་དེས་ཨ་རིའི་ནང་ཡོད་པའི་རྒྱ་རིགས་ཚོར་གསང་མྱུལ་དང་། སུན་བཙེར། ཐ་ན་ཁོ་ཚོའི་མཉམ་དུ་ལག་འབྲེལ་བྱས་ཏེ་རྒྱ་ནག་གི་ཁེ་ཕན་སྒྲུབ་བཞིན་ཡོད་པ་མ་ཟད། ཨ་རིའི་ནང་གནས་ཚུལ་རྫུན་སྒྲོག་དང་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེར་སྤེལ་བཞིན་ཡོད་སྐོར་བཀོད་ཡོད་འདུག

གཞན་ཡང་ཨ་རིའི་ནང་གི་ཁུང་ཙི་སློབ་གླིང་སྐོར་ལ་སྙན་ཐོའི་ནང་། ཨ་རིའི་མངའ་སྡེ་ ༥༠ ཁྲོད་ནས་ ༤༤ ཡི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཁུང་ཙི་སློབ་གླིང་ཡོད་པ་དང་། ཁུང་ཙི་སློབ་གླིང་དེ་ཡང་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཆེན་པོ་ཡོད་སྟབས། ཨ་རིའི་ནང་གི་རྒྱ་ནག་གི་གསར་ཁང་དང་གཅིག་མཚུངས། ཁུང་ཙི་སློབ་གླིང་དག་ཀྱང་ཕྱི་རྒྱལ་གྱི་ཚོགས་སྡེའི་མིང་ཐོག་ནས་དེབ་འགོད་བྱེད་དགོས་པ་མ་ཟད། ད་ལྟའི་ཆར་ཨ་རིའི་སློབ་གྲྭ་ཆེན་མོ་རྣམས་ཀྱིས་ཕྱི་རྒྱལ་ནས་ཨ་སྒོར་འབུམ་ ༢།༥ ཡན་ཐོབ་ན་མ་གཏོགས་གཞུང་ལ་སྙན་གསེང་ཞུ་མི་དགོས་ཀྱང་། ད་ནས་བཟུང་ཨ་སྒོར་ཁྲི་ ༥ ཡན་འཐོབ་ཚེ་གཞུང་ལ་ཞུ་དགོས་པའི་ཁྲིམས་སྒྲིག་ཅིག་བཟོ་དགོས་པའི་བསམ་འཆར་བཏོན་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་སྙན་ཐོའི་དེར་ཨ་རིའི་རྒྱལ་སྲུང་དང་འབྲེལ་ནས་བསམ་འཆར་མི་འདྲ་བ་ ༡༣༠ བཏོན་འདུག་པ་མ་ཟད། ཚོགས་ཆུང་ངོས་ནས་རྒྱ་ནག་དང་། ཨུ་རུ་སུ། ཨི་རཱན་བཅས་གསུམ་ལ་ད་བར་ཨ་རིའི་གྲོས་ཚོགས་ཀྱིས་བཀལ་མྱོང་མེད་པའི་ཉེས་ཆད་ལྕི་ཤོས་དག་འགེལ་ཐབས་བྱས་ཡོད་སྐོར་བརྗོད་འདུག་ལ། སྤྱི་མཐུན་ཚོགས་པའི་ཞིབ་འཇུག་ཚོགས་ཆུང་དེ་གྲོས་ཚོགས་འཐུས་མི་ ༡༥༠ ལས་གྲུབ་པའི་སྤྱི་མཐུན་ཚོགས་པའི་ཚོགས་ཆུང་ཆེ་ཤོས་དེ་ཡིན་འདུག

ཨོ་སི་ཊོ་ལི་ཡའི་དམག་དོན་ཐབས་བྱུས་ཞིབ་འཇུག་ཁང་ (Australian Strategic Policy Institute) གི་གནས་ཚུལ་ལྟར་ན། རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཕྱིར་སྡོད་རྒྱ་རིགས་ཚོར་དམིགས་པའི་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་ཤུགས་ཆེན་པོ་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པས་གཙོ་གཉེར་བྱེད་བཞིན་པའི་བརྒྱུད་ལམ་ཆེ་གྲས་རྒྱ་ནག་གི་གསར་འགྱུར་ལས་ཁང་ (中国新闻社) ཞེས་པ་དེ་འཐབ་ཕྱོགས་གཅིག་འགྱུར་ཁང་གི་སྟངས་འཛིན་འོག་ཡོད་ཅིང་། གསར་ཁང་དེའི་ཁྱབ་ཁོངས་སུའང་གསར་ལས་ཁང་མི་ཉུང་བ་ཞིག་ཡོད་པ་རེད།  གཞན་ཡང་ཨ་རིར་ཡོད་པའི་ཆོབ་པའོ་ (Qiaobao 侨报) ཟེར་བ་དེ་དང་། ཨོ་གླིང་དུ་ཡོད་པའི་ཞི་བདེ་རྒྱ་མཚོའི་གསར་འགྱུར་བརྒྱུད་ལམ་ (Australia’s Pacific Media Group, 大洋传 媒集团) ཟེར་བ་དེ་གཉིས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་གཙོ་གཉེར་བྱེད་ཀྱིན་ཡོད་པ་རེད། ཉུང་མཐར་ཕྱི་རྒྱལ་དུ་ཡོད་པའི་རྒྱ་སྐད་ཐོག་གི་སྐད་འཕྲིན་བརྒྱུད་ལམ་ ༢༦ ལྷག་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་གཙོ་གཉེར་བྱེད་བཞིན་པའི་བཟོ་གྲྭ་ཁག་གི་མིང་ཐོག་ལ་ཡོད་པ་རེད། དེ་ཙམ་དུ་མ་ཟད་རྒྱ་ནག་འཐབ་ཕྱོགས་གཅིག་འགྱུར་ཁང་གིས་ཨོ་གླིང་དང་ཨ་རི་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགྱུར་བརྒྱུད་ལམ་དང་ཞིབ་འཇུག་ཁང་ཆེ་གྲས་མང་དག་ལ་མ་དངུལ་སྤྲད་དེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་རང་གི་འགྲེལ་བརྗོད་དང་སྣང་བརྙན་བསྐྲུན་ཐབས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply