ཨོ་གླིང་གི་དོགས་ཡོད་འཐུས་མི་ཞིག་ལ་གློ་བུར་སྔོག་བཤེར་བྱས།

རྒྱ་ནག་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་ཨོ་གླིང་གི་ས་གནས་གྲོས་ཚོགས་འཐུས་མི་མོ་སེལ་མེན་ཞེས་པ་དེའི་རང་ཁྱིམ་དང་ལས་ཁུངས་སུ་གློ་བུར་སྔོག་བཤེར་བྱས་ཡོད་ཀྱང་དམིགས་བསལ་གྱི་བདེན་དཔང་རག་ཡོད་མེད་ཁ་གསལ་མི་འདུག དེ་རིང་ཕྱི་ཚེས་ ༢༦ ཉིན། རྒྱ་ནག་དམར་ཤོག་གཞུང་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག ཨོ་གླིང་གི་གསང་བའི་ལས་མི་དང་ཉེན་རྟོག་མི་སྣས་ས་གནས་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་མོ་སེལ་མེན་ (Moselmane) གྱི་ཁྱིམ་དང་ལས་ཁུངས་སུ་ངེས་མེད་སྔོག་བཤེར་བྱས་ཡོད་པ་དང་། ངེས་མེད་སྔོག་བཤེར་གྱི་བྱ་འགུལ་དེ་ནི་རྒྱ་ནག་དམར་ཤོག་གཞུང་ལ་འབྲེལ་བ་ཡོད་པའི་བདེན་དཔང་འཚོལ་ཞིབ་ཀྱི་ཆ་ཤས་ཤིག་ཡིན་ལ། གནད་དོན་དེར་སྤྱི་ཚོགས་ལ་གནོད་པའི་དམིགས་བསལ་གྱི་ཉེན་ཁ་ད་སྔ་བྱུང་མེད་སྐོར་བརྗོད་འདུག

ཨོ་གླིང་གི་སྲིད་བློན་སི་ཁོ་ཊི་མོ་རེ་སན་ (Scott Morrison) ལགས་ཀྱིས།  གནད་དོན་དེར་སྔོན་མ་ནས་རྟོག་ཞིབ་བྱེད་ཀྱི་ཡོད་པ་དང་། ཕྱིའི་ཐེ་བྱུས་ལ་གདོང་ལེན་བྱ་ཆེད་ཁྲིམས་སྒྲིག་གསར་པ་ལག་བསྟར་བྱས་པ་ཞིག་ཡིན་ཚུལ་དང་། དེ་ནི་ཨོ་གླིང་གི་གསང་བའི་ལས་མི་དང་ཉེན་རྟོག་མི་སྣས་བདེ་སྲུང་གི་ཁྲིམས་སྒྲིག་ལག་བསྟར་བྱེད་ཐུབ་ཆེད་ཡིན་སྐོར་སོགས་གསུངས་འདུག

ཨོ་གླིང་གི་སི་ཊི་ནེའུ་ཞོགས་པའི་ཆ་འཕྲིན་ (The Sydney Morning Herald) གྱི་གནས་ཚུལ་ནང་། ཕྱི་ལོ་ ༢༠༠༩ ལོར་མོ་སེལ་མེན་ (Moselmane) ས་གནས་ཀྱི་གྲོས་ཚོགས་ནང་ཞུགས་པ་ནས་བཟུང་། རྒྱ་ནག་ནང་སྒེར་གྱི་སྐོར་སྐྱོད་ཐེངས་ ༩ བྱས་ཡོད་པ་དང་། ཁོང་གི་འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་གཞན་རྣམས་རྒྱ་ནག་གཞུང་ངམ་འབྲེལ་ཡོད་ལས་ཁུངས་ཀྱིས་བཏང་ཡོད་སྐོར་བཀོད་འདུགཏོག་དབྱིབས་ནད་ཡམས་འཛམ་གླིང་གང་ཁྱབ་གདལ་དུ་ཕྱིན་སྐབས།  ཨོ་གླིང་གཞུང་གིས་རྒྱ་ནག་གཞུང་གི་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་དེའི་འབྱུང་ཁུངས་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བྱེད་དགོས་སྐོར་བརྗོད་ཡོན་ནའང་། མོ་སེལ་མེན་ (Moselmane) གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་མགོ་ཁྲིད་ཀྱི་ནུས་པ་ནི་ཉམས་པ་མེད་པ་ཞིག་ཡིན་སྐོར་བརྗོད་དེ་ཞི་ཅིན་ཕིན་ལ་བསྔགས་བརྗོད་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོའི་གཏམ་བཤད་ཅིག་གི་སྐབས་སུ་རྒྱ་ནག་གི་ནུས་པ་ཡོངས་སུ་འདོན་ཐུབ་ཐབས་སུ་འཛམ་གླིང་ལ་འགྱུར་བ་གཏོང་དགོས་སྐོར་བརྗོད་པ་སོགས་ལ་བརྟེན། ངལ་རྩོལ་ཚོགས་པའི་ (Labor Party) ལས་རོགས་གཞན་ཚོར་ཡང་ཁོ་རྒྱ་ནག་དམར་ཤོག་གཞུང་ལ་འབྲེལ་བ་ཡོད་པའི་དོགས་གཞི་བསྐྲུན་ཡོད་འདུག

ལྷོ་རྒྱུད་ཝེལ་སི་གསར་པ་ (New South Wales) ངལ་རྩོལ་ཚོགས་པའི་ཚོགས་གཙོ་ཇོ་དྷི་མེག་ཁེ་ (Jodi McKay)ལགས་ཀྱིས།  གནད་དོན་དེའི་སྐོར་ངེས་མེད་སྔོག་བཤེར་བྱས་རྗེས་ཤེས་རྟོགས་བྱུང་ཡོད་པ་དང་། ད་ལྟ་ཚོགས་པའི་ཚོགས་ཁུངས་ནས་གནས་སྐབས་རིང་བཀག་ཡོད་པ་དང་། ཁོའི་གནས་སྟངས་དེ་ནི་ཧ་ཅང་བློ་འཚབ་སྐྱེས་འོས་པ་ཞིག་ཡིན་ལ། གྲོས་ཚོགས་འཐུས་མི་རེ་རེའི་ངོས་ནས་རང་ཉིད་ཀྱི་མངའ་ཁོངས་ཀྱི་མི་མང་གི་བདེ་སྡུག་ལ་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ཐེངས་འདིའི་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་དཔོན་རིགས་ལ་ངེས་མེད་སྔོག་བཤེར་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་ཨོ་གླིང་གི་སྲིད་དབང་མགོ་རྟིང་སློག་པའི་ཉེས་འཛུགས་ལ་གདོང་ལེན་གསར་པ་ཞིག་བྱ་འདུན་ཡོད་པ་མཚོན་གྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

འདས་ལོར་རྒྱ་ནག་དང་ཨོ་གླིང་གཉིས་བར་ཐའེ་ཝན་གྱི་བདག་དབང་དང་ཧོང་ཀོང་གི་རང་དབང་ལས་འགུལ། དེ་བཞིན་ཕྱོགས་གཉིས་ཀྱི་ཚོང་ལས་མཉམ་འབྲེལ་སོགས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ཨོ་གླིང་གཞུང་གི་སྙན་ཐོ་ཞིག་གི་ནང་། རྒྱ་ནག་གི་ཚོང་པ་ཁག་གིས་ཨོ་གླིང་གི་ས་གནས་ཀྱི་ཆབ་སྲིད་པ་དང་ལག་འབྲེལ་བྱེད་པ་དང་། རྒྱ་ནག་གི་བརྡ་འཕྲིན་འཕྲུལ་ཆས་སྤྱད་དེ་ཨོ་གླིང་ནང་གསང་ཉུལ་དང་སྲིད་དབང་མགོ་རྟིང་སློག་རྩིས་བྱེད་བཞིན་ཡོད་ཚུལ་བཀོད་ཡོད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡༢ ནང་། ཨོ་གླིང་གཞུང་གིས་པེ་ཅིན་ལ་དམིགས་ནས་བདེ་སྲུང་གྱི་མ་དངུལ་ཨ་སྒོར་ས་ཡ་ ༥༩ ལྷག་བཏང་སྟེ་ལས་དོན་ཚོགས་ཆུང་ཞིག་མགོ་འཛུགས་བྱས་ཡོད་པ་རེད།

འདས་ལོར་ཨོ་གླིང་གི་གསང་བའི་བདེ་སྲུང་སྒྲིག་འཛུགས་ (ASIO) ཀྱི་གནས་ཚུལ་ལྟར་ན། ཨོ་གླིང་གི་ (Morrison) མངའ་སྡེའི་གུ་ཡངས་ཚོགས་པ་ (Liberal Party) ཚོགས་མི་རང་ལོ་ ༣༢ ཡིན་པ་ཞིག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་ལས་མི་ཞིག་གིས་ཁོ་ས་གནས་སུ་རྒྱ་ནག་གི་ཆེད་དུ་འོས་ལངས་ཚེ་ཨ་སྒོར་ས་ཡ་ ༡ ཙམ་སྤྲོད་པའི་ཁས་ལེན་བྱས་ཡོད་ཀྱང་། གུ་ཡངས་ཚོགས་པའི་ཚོགས་མི་དེས་ཁས་ལེན་བྱས་མེད་པ་དང་། འདས་ལོའི་ཕྱི་ཟླ་ ༣ ནང་མགྲོན་ཁང་ཞིག་གི་ནང་ནས་ཁོང་གི་ཕུང་པོ་རྙེད་ཡོད་སྐོར་བརྗོད་ཡོད་པ་རེད།  རྒྱ་ནག་གཞུང་གིས་གནས་ཚུལ་དེ་ནི་ཁུངས་ལུང་མེད་པའི་རྫུན་གཏམ་ཞིག་ཡིན་སྐོར་ལན་འདེབས་བྱས་འདུགའདས་ལོར་ཧོང་ཀོང་ནང་སྐྱེས་ཤིང་ཨོ་གླིང་དུ་འཚར་ལོངས་བྱུང་བའི་ཨོ་གླིང་གྲོས་ཚོགས་འོག་མའི་འཐུས་མི་རྒྱ་རིགས་བུད་མེད་ཐོག་མ་གྷིལ་ཊིས་ལིའུ་ (Gladys Liu) ཡང་རྒྱ་ནག་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ཁང་དང་འབྲེལ་བའི་ལས་ཁུངས་ཁག་ཅིག་ལ་འབྲེལ་བ་ཡོད་པའི་དོགས་གཞི་བྱུང་ཡོད་པ་རེད།

ཨོ་གླིང་སྤྱི་ཡོངས་དང་ལྷག་པར་དུ་སློབ་ཆེན་ཁག་གི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་དང་།  ཕྱི་ལོ་ ༢༠༡༦ ལོའི་ཨོ་གླིང་གི་མི་གྲངས་ཞིབ་བཤེར་ཀྱི་སྙན་ཐོ་ལྟར་ན་ཨོ་གླིང་ནང་རྒྱ་རིགས་གྲངས་ས་ཡ་ ༡།༢ ལྷག་ཡོད་འདུག་ལ། འཇར་མན་གྱི་དྲ་ཐོག་ཞིབ་འཇུག་བྱས་པའི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༡༩ ལོ་ཁོ་ནར་རྒྱ་རིགས་སློབ་མ་ཁྲི་ ༢༦ ལྷག་གིས་ཨོ་གླིང་ནང་སློབ་ཞུགས་བྱས་ཡོད་འདུག

 གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༢༦

Leave a Reply