ཨ་རིས་ཧོང་ཀོང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་མཚམས་འཇོག་བྱས།

རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་དང་འབྲེལ་ཨ་རིས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་གཙོའི་གྲོས་ཆོད་གསུམ་ཙམ་མཚམས་འཇོག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན།  ཨ་རིའི་སྲིད་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱས་ཏེ། ཧོང་ཀོང་མི་མང་གི་རང་དབང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་གི་ཡོད་པའི་ངོས་འཛིན་འོག  ཨ་རིས་ཧོང་ཀོང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་གཙོའི་གྲོས་ཆོད་གསུམ་ཙམ་མཚམས་འཇོག་ཡོངས་བསྒྲགས་གནང་འདུག

གནད་དོན་དེའི་ཐད་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་མི་མང་གི་རང་སྐྱོང་དང་རང་དབང་རྡོག་རོལ་གཏོང་གི་ཡོད་སྟབས། ཨ་རིའི་ངོས་ནས་ཧོང་ཀོང་དང་འབྲེལ་བའི་གྲོས་ཆོད་ཁག་གསུམ་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་། གྲོས་ཆོད་དེ་དག་ནི་ཉེས་ཅན་རྩིས་སྤྲོད་དང་། ཁྲིམས་ཆད་ཕོག་པའི་བཙོན་པ་རྩིས་སྤྲོད། དེ་བཞིན། རྒྱལ་སྤྱིའི་ཚོང་འབྲེལ་ཁྲོད་ཀྱི་ཡོང་འབབ་ལ་འདྲ་མཉམ་གྱི་དཔྱ་ཁྲལ་བཅས་མཚམས་འཇོག་རྒྱུ་ཡིན་སྐོར་བརྗོད་འདུག

ཐེངས་འདིར་ཨ་རིས་ཧོང་ཀོང་ལ་ཉེས་ཅན་རྩིས་སྤྲོད་མཚམས་འཇོག་དང་འབྲེལ། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། ཉེ་སྔོན་ཕྱི་ཚེས་ ༩ ཉིན་འཛིན་བཟུང་བྱས་པའི་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་དང་། ཀུ་ཤུ་གསར་ཁང་ཆེད་གཉེར་་ཁང་གི་འགན་འཛིན་ཕྱུག་བདག་ཇི་མེ་ལཱེ་(Jimmy Lai)ལགས་ནི་སྙིང་སྟོབས་ལྡན་པའི་མི་ཞིག་པའི་བསྔགས་བརྗོད་བྱས་ཡོད་འདུག ཨ་རི་ནི་ཧོང་ཀོང་ལ་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་མཚམས་འཇོག་བྱེད་མཁན་ཐོག་མ་མིན་པར། ད་སྔ་བར་དབྱིན་ཡུལ་དང་འཇར་མན། ཨོ་གླིང་སོགས་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་ཧོང་ཀོང་དང་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་རྩིས་མེད་བཏང་ཡོད་པ་རེད།

ཧོང་ཀོང་ནང་བདེ་འཇགས་ཁྲིམས་གསར་ལག་བསྟར་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཞུང་གིས། ཧོང་ཀོང་སྤྱི་ཁྱབ་ཀེ་རེ་ལམ་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་དེ་བཞིན། ཧོང་ཀོང་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་བཅས་ཁྱོན་མི་གྲངས་ ༡༡ ལ་ཉེས་ཆད་བཏང་སྟེ། ཨ་རིའི་ནང་ཡོད་པའི་རྒྱའི་དཔོན་རིགས་དེ་དག་གི་རྒྱུ་དངོས་གཉིས་གཞུང་བཞེས་གཏོང་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ཁྲིམས་ཆད་དེའི་ཁྲོད་ཧོང་ཀོང་སྤྱི་ཁྱབ་ཀེ་རེ་ལམ་དང་ཧོང་ཀོང་ཉེན་རྟོན་ལས་ཁུངས་ཀྱི་མགོ་གཙོ་ཟུར་བ་སི་ཝི་ཧྥན་ལོ་(Stephen Lo)དང་ད་ལྟ་ལས་ཐོག་མགོ་གཙོ་ཁེར་སི་ཝ་ཊང་(Chris Tang)། ཧོང་ཀོང་གི་བདེ་སྲུང་དྲུང་ཆེ་ཇོ་ཧན་ཀཱ་ཆའི་(John Ka-chiu)དང་ཁྲིམས་དྲུང་ཊི་རེ་སཱ་(Teresa Cheng)། གཞན་ཡང་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་ལས་བྱེད་མཐོ་ཤོས་ལཱོ་ཧོ་ཡེན་(Luo Huining)དང་ཨོ་མན་དང་ཧོང་ཀོང་གི་གནས་བབ་ལྟ་ཞིབ་ལས་ཁུངས་ཀྱི་འགན་འཛིན་ཤཱ་བྷོ་ལོང་(Xia Baolong)བཅས་ཡོད་འདུག

ད་ལྟའི་ཆར་ཧོང་ཀོང་ནང་བདེ་འཇགས་ཁྲིམས་ཟེར་བ་ལག་བསྟར་གྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་སོགས་ལ་བཀག་སྡོམ་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཁྲིམས་དེའི་འོག་ཧོང་ཀོང་གི་སློབ་གསོའི་ཁ་ཕྱོགས་བསྒྱུར་གྱི་ཡོད་སྟབས། ད་ལྟ་ཧོང་ཀོང་གི་དགེ་རྒན་མཐུན་ཚོགས་གཙོས་པའི་མི་མང་པོ་ཞིག་གིས་སློབ་གྲྭ་ཁག་གི་སློབ་དེབ་ལ་ཆབ་སྲིད་ཀྱི་དབང་སྒྱུར་བྱེད་བཞིན་ཡོད་པའི་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༨/༢༠

Leave a Reply