གངས་ཅན་པའི་ཕུགས་བསམ།

                            ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་(སྐལ་རྡོར།)

ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་གཞུང་གིས་དྲག་པོའི་བཙན་གནོན་གྱིས་བོད་འདི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་བཟོད་དཀའ་བའི་གནས་སྟངས་ཤིག་གི་འོག་ཏུ་བཅུགས་ནས་མཐར་རང་ཅག་བོད་མི་ཡོངས་ཀྱི་སྲོག་རྩ་༧གོང་ས་༧སྐྱབས་མགོན་ཆེན་པོ་གཙོས་པའི་སྐུ་འཁོར་དང་། བོད་མི་སྐྱ་སེར་ཕོ་མོ་སྟོང་ཕྲག་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་གྱར་དགོས་བྱུང་བ་རེད།   སྐབས་དེར་བོད་མི་རྣམས་ཀྱིས་ངོ་ཤེས་པ་ནི་གནམ་དང་ས་མ་གཏོགས་མེད་པའི་དུས་སུ་བཀའ་དྲིན་གཞལ་མཐའ་བྲལ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་སྔོན་གཟིགས་ཀྱིས་འཆར་འགོད་དང་བཀའ་སློབ་ལམ་སྟོན་འོག་ཏུ་བཀའ་དྲིན་ཅན་གྱི་བོད་མི་རྒན་རབས་པ་རྣམས་ཀྱིས་ལྷག་བསམ་རྣམ་དག་དང་སྐུ་ངལ་འཛེམས་མེད་ངང་རང་ནུས་གང་ཡོད་ཀྱིས་༧རྒྱལ་བའི་བཀའ་བཞིན་བསྒྲུབས་ཡོད།  སྐུ་གཤེགས་ཟིན་པའི་བདག་གི་ཕ་དམ་པའང་དེའི་ཚོའི་ནང་ནས་གཅིག་ཡིན།

བདག་གི་ཕ་དམ་པ་ནི་སྤྱི་སེམས་རྣམ་པར་དག་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་གྲས་ཤིག་ཡིན།    ཁོང་ནམ་རྒྱུན་ལྡི་ལི་སོགས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་ཧ་ཅང་སྟབས་བདེ་གནང་གི་རེད། ཁང་གླ་མི་དགོས་པའི་ཆེད་དུ་ལྡི་ལི་དོན་གཅོད་ལས་ཁུངས་སུ་འདུག་པ་དང་། ཚོགས་འདུ་སོགས་ལ་ཕེབས་སྐབས་སྤྱི་སྤྱོད་རླངས་འཁོར་གྱི་ནང་ཕེབས་ནས་ཚོགས་ཁང་གི་ཉེ་སར་སླེབས་སྐབས་གཞི་ནས་གླ་འཁོར་དུ་བསྡད་དེ་རྒྱ་གར་དཔོན་རིགས་ཚོ་དང་འདྲ་མཉམ་ལྟར་ཚོགས་འདུར་ཕེབས་ཀྱི་ཡོད། པཱ་ལགས་དམ་པའི་མི་རབས་རྣམས་ནི་ཁོག་རྒྱ་ཡངས་པ་དང་། འཇིགས་ཞུམ་བྲལ་བའི་སྙིང་སྟོབས་ཅན་གྱི་མི་རབས་ཤིག་རེད།

བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཁྲག་དང་རྔུལ་ཆུ་ཚོད་མེད་བཏང་བའི་ཕ་དམ་པ་གཙོས་ཁོང་ཚོའི་མི་རབས་ཀྱི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་དེ་དག་མི་རབས་གསར་བའི་སྙིང་ཁམས་སུ་བསྐྱར་གསོ་བྱེད་རྒྱུ་ནི་ངའི་རེ་བའི་ཕུགས་བསམ་ཡིན།  བོད་མིའི་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་ཀུན་སློང་རྣམ་པར་དག་ཅིང་དགོས་དམིགས་གསལ་ཁ་ལྡན་པ་དང་།  ༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་ལག་བསྟར་བྱེད་པ། ལུང་ཚན་ལས་སྤྱི་དོན་གཙོ་བོར་བཟུང་ནས་མཐུན་སྒྲིལ་དམ་སྲུང་བྱེད་པ།   བག་འཁུམ་གྱི་གཤིས་ཀ་དོར་ནས་ལས་དོན་ལ་སྤྲོ་སྣང་དང་ཚོར་ཤུགས་ལྡན་པ།   རང་གི་ཁེ་ཕན་ལས་སྤྱི་པའི་ཞབས་ཞུ་གཙོ་བར་འཛིན་པ།    གཞན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པ་ལས་རྐང་པ་མི་འཐེན་པ།  བོད་མིའི་རང་དབང་དང་ཐོབ་ཐང་།   ཆེ་མཐོང་ཆེད་དུ་ནུས་པ་མཉམ་སྤུངས་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་ངས་ཡུན་རིང་སྙིང་ལ་བཅངས་བའི་ཕུགས་བསམ་ཡིན།

ཕུགས་བསམ་དེ་དག་མངོན་འགྱུར་ཡོང་མི་ཐུབ་པ་རྩ་བ་ནས་མིན།    ང་ཚོའི་ཁ་གཏད་རྒྱ་ནག་སྟོབས་ཤུགས་ཆེ་ཞིང་ཁྲིམས་མེད་ལུགས་མེད་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་རྒྱལ་ཁབ་དང་ཚོགས་སྡེ་མང་པོས་རྒྱ་གཞུང་ལ་ངོ་སྲུང་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད་མོད།   འོན་ཀྱང་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་དེ་ལྟ་བུའི་སྲིད་དབང་དག་གི་མཇུག་འབྲས་ནི་ཕམ་ཁ་ཁོ་ན་ཡིན། ང་ཚོའི་ཕུགས་བསམ་མངོན་འགྱུར་གྱི་འགལ་རྐྱེན་ཆེ་ཤོས་ནི་རྒྱ་ནག་གི་སྟོབས་ཤུགས་མིན་པས་ང་ཚོ་ཆིག་སྒྲིལ་ཐོག་ནུས་པ་མཉམ་སྤུངས་བྱས་ན་རང་ཅག་ལ་བསམ་ཡུལ་ལས་འདས་པའི་སྟོབས་ཤུགས་ཤིག་ཡོད་པ་ཤེས་དགོས།

ནང་ཆོས་ལས་རང་གཞན་ཐམས་ཅད་སྡུག་བསྔལ་གྱི་གནས་ལས་གྲོལ་ཐབས་སུ་ཐོག་མར་རང་ཉིད་ཀྱི་སྟེང་ནས་ལེགས་བཅོས་གཏོང་དགོས་པ་བསྟན་ཡོད། ང་ཚོ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་བསླབ་བྱ་ཐོབ་པའི་ཤེས་རིག་གི་དཔལ་ཡོན་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་པས་སེམས་ནང་དུ་རྟག་ཏུ་སྤོབས་པ་སྐྱེ་འོས། ༧གོང་ས་མཆོག་ནི་ང་ཚོའི་མགོན་སྐྱབས་ཡིན། ང་ཚོ་ལ་ནང་ཁུལ་གྱི་དཀའ་རྙོག་སེལ་ཐུབ་པ་དང་། བཟང་ཕྱོགས་ཀྱི་འཆར་སྣང་མངོན་འགྱུར་ཐུབ་པའི་ནུས་པ་ཡོད།

དེས་ན་ང་ཚོས་གནད་དོན་གང་དག་ལ་ཤུགས་སྣོན་བརྒྱབ་དགོས་སམ།   

ང་ཚོས་ཤུགས་སྣོན་བརྒྱབ་དགོས་ས་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་དེང་རབས་ཅན་ལ་བསྒྱུར་རྒྱུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུ།  བོད་མིའི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ།  དཔལ་འབྱོར་སྲ་བརྟན་དང་ཡར་རྒྱས་གཏོང་རྒྱུ་བཅས་ཡིན། 
ད་ལྟའི་འཛིན་སྐྱོང་གི་སྒྲོམ་གཞི་འདི་ནི་འདས་པའི་མི་ལོ་དྲུག་ཅུའི་རིང་ལག་བསྟར་གནང་བ་ཡིན་པས་དུས་སྐབས་སོ་སོར་ཧ་ཅང་ཕན་ནུས་ལྡན་པ་བྱུང་ཡོད།  ད་ལྟའི་ཆར་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཕན་ཐོགས་ཡོད་པ་རྣམས་རྒྱུན་འཛིན་བྱེད་རྒྱུ་དང་། གཞན་རྣམས་འགལ་རྐྱེན་དང་གོ་སྐབས་ལ་གཞིགས་ནས་ལེགས་བཅོས་གཏོང་དགོས་པའི་དུས་ལ་བབས་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་རྣམས་ཀྱིས་བོད་ཀྱི་དཀའ་རྙོག་ལ་སྣང་མེད་འཇོག་པ་དེར་བཟང་ལན་ངན་ལན་གྱི་གོ་བརྡ་འཕྲོད་པ་བྱས་ནས་བོད་ཀྱི་རྩ་དོན་གྱི་དཀའ་རྙོག་དེ་འཁྱགས་རོམ་གྱི་སྦུག་ནས་འདོན་དགོས། རྒྱལ་མཚམས་དབྱེ་བ་མེད་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁུངས་བོད་མི་ཡོད་སའི་རྒྱལ་ཁབ་ཁག་ཏུ་རྒྱ་བསྐྱེད་བཏང་ནས་བོད་མི་ཕན་ཚུན་དབར་འབྲེལ་བ་ཟབ་ཏུ་བཏང་སྟེ་ཆིག་སྒྲིལ་དང་ནུས་ཤུགས་ལྡན་པའི་མདུན་སྐྱོད་བྱེད་དགོས།  ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་གཙོ་བོ་སྤུས་ཚད་ལ་དམིགས་པའི་གལ་ཆེའི་ལེགས་བཅོས་གཏོང་དགོས་པ་དང་།  ང་ཚོའི་ཕྲུ་གུ་ཚོ་འདབ་གཤོག་གཉིས་ལྡན་གྱི་མི་རབས་ཤིག་ཏུ་གསོ་སྐྱོང་བྱེད་རྒྱུ་ཁས་ལེན་བྱས་པ་ལྟར་ལག་བསྟར་ཚུལ་བཞིན་མ་གནང་ཚེ་ཁོང་ཚོ་ཕྱི་ནང་གི་ཤེས་ཡོན་གཉིས་ལྡན་གྱི་བོད་མི་རིགས་ཀྱི་སོན་རྩ་རྣལ་མ་ཞིག་ལ་འགྱུར་མི་ཐུབ།

ང་ལ་ཕུགས་བསམ་འགྲུབ་པའི་འཆར་གཞི་དང་ཆོད་སེམས་བརྟན་པོ་ཡོད། དམིགས་ཡུལ་ལྟར་འགྲུབ་པར་ལོ་ལྔ་ལས་མང་བ་དགོས་ཀྱི་ཡོད་མོད།    འོན་ཀྱང་ང་ཚོ་མཉམ་དུ་འགྲུལ་བཞུད་དེ་འགོ་བཙུགས་ནས་སྔར་ཡོད་ཐོག་རིམ་བཞིན་ཡར་རྒྱས་བཏང་ན་ལེགས་འགྲུབ་ཡོང་ངེས་རེད།  ང་ཚོས་རྒྱལ་ཁབ་གཅིག་དང་།  མི་རིགས་གཅིག  འཐབ་རྩོད་གཅིག་གི་ངོ་བོ་བརྟན་པོར་བསྲུངས་ནས་ནུས་པ་མཉམ་སྤུངས་ཐོག་བོད་མིའི་རང་དབང་དང་ཐོབ་ཐང་།   ཆེ་མཐོང་བཅས་སླར་གསོ་བྱེད་དགོས།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༠༩/༡༥

Leave a Reply