རབ་གསལ། རིག་པ།(༠)

dhammapadha༡༩༤༦ ལོར་སྒང་ཏོག་ཏུ་ Sikkim Durbar Press ཞེས་པས་པར་སྐྲུན་མཛད་པའི་ “ཆོས་ཀྱི་ཚིགས་སུ་བཅད་པ་བཞུགས་སོ་” ཞེས་པའི་ཁ་བྱང་འོག་ཏུ་ “DHAMMAPADA”ཞེས་ཀྱང་འཁོད་པའི་ལྕགས་པར་མ་དེར་ “Translated into Tibetan by The Rev Gedun Chomphel” ཞེས་ “བཀུར་འོས་དགེ་འདུན་ཆོས་འཕེལ་གྱིས་བོད་སྐད་དུ་བསྒྱུར་ཅེས་ཨིན་ཡིག་བྲིས་ཤིང་། དེ་བཞིན་དུ་ “With a Forward by Georges Roerich” ཞེས་རོལ་རིག་གིས་གླེང་བརྗོད་སྤེལ་ཡོད་ཅེས་བཀོད་འདུག འདི་ནི་ ཨ་ནཱ་གཱ་རི་ཀ་ དྷརྨ་པཱ་ལའི་ཡིད་ཆེས་ཐེབས་རྩའི་དེབ་ཕྲེང་(Anagarika Dharmapala Trust Publication) གི་དེབ་ཕྲེང་གཉིས་པ་ཡིན་པའི་རྟགས་བཏབ་འདུག

ཐོག་མར་དེབ་འདི་ལ་པར་སྐྲུན་བྱེད་པོས་གསལ་བཤད་ཀྱི་ཡི་གེ་ཞིག་ཨིན་ཡིག་ཏུ་བཀོད་འདུག དེ་བསྒྱུར་ན་འདི་ལྟར།

“པར་བསྐྲུན་པའི་གསལ་བཤད།

ཨ་ནཱ་གཱ་རི་ཀ་ དྷརྨ་པཱ་ལའི་ཡིད་ཆེས་ཐེབས་རྩའི་དེབ་ཕྲེང་གཉིས་པའི་ཚུལ་དུ་ཆོས་ཀྱི་ཚིགས་སུ་བཅད་པ་བོད་འགྱུར་པར་མ་འདི་སྤེལ་ཐུབ་པ་ལ་ང་ཚོ་དགའ་སྤྲོ་བླ་ལྷག་ཏུ་འཕེལ་བྱུང་།

ཆོས་ཀྱི་ཚིགས་སུ་བཅད་པའི་འཆད་ཁྲིད་ནི་བོད་ཀྱི་ནང་པའི་སྤུན་གྲོགས་རྣམས་ལ་རྒྱུས་མངའ་མེད་པ་ཞིག་མིན་མོད། པཱ་ལིའི་སྐད་དུ་བཞུགས་པ་འདི་གྲགས་ཆེན་གྱི་བོད་ཀྱི་མཁས་པ་བཀུར་འོས་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བསྒྱུར་གནང་བ་འདི་ལ་ནི་བོད་ཀྱི་ཀློག་མཁན་རྣམས་ཀྱིས་བསྔགས་པ་མཛད་པར་འགྱུར།

འདིས་ནང་པའི་བསྟན་པའི་འབྱུང་ཁུངས་ཏེ་ རླབས་ཆེ་བའི་པཱ་ལིའི་སྐད་ཀྱི་སྡེ་སྣོད་གསུམ་ལ་སློབ་གཉེར་མཛད་རྒྱུར་བོད་ཀྱི་མཁས་པ་རྣམས་ཀྱི་ཐུགས་སྣང་འདྲེན་པར་ང་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད།

ང་ཚོས་བཀུར་འོས་ དགེ་འདུན་ཆོས་འཕེལ་ལགས་ལ་འགྱུར་འདི་ང་ཚོར་པར་སྐྲུན་ཆེད་གནང་བ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

ང་ཚོས་ད་དུང་སིངྒ་ལའི་(Ceylon)ཡུལ་གྱི་ཨ་ནཱ་གཱ་རི་ཀ་ དྷརྨ་པཱ་ལའི་ཡིད་ཆེས་ཐེབས་རྩའི་འགན་འཛིན་ཚོགས་མི་སྐུ་ཞབས་ ཇེ་ ཨར་ ཇཱ་ཡ་ཝར་དྷ་ན་(J. R. Jayawardhana) ལགས་ཀྱིས་ཐེབས་རྩའི་སྒོར་མོ་ ༡༠༠༠ དེབ་འདིའི་པར་སྐྲུན་ཆེད་སྤྱོད་རྒྱུའི་བཀའ་འཁྲོལ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་དགོས་ཡོད།

དགེ་བས་ཕྱུག་པའི་ལས་འདིས་ཐམས་ཅད་ལ་བདེ་སྐྱིད་འབྱིན་པར་སྨོན།

བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་དྲུང་ཆེ་ལས་རོགས་དགེ་སློང་ ཨེམ་ སངྒཱ་ར་ཏ་ནཱ་ (M. Sangharatana)དང་། དངུལ་གཉེར་ལས་རོགས་ ཡུ་ དྷརྨ་ཇོ་ཏི་(U. Dhammajoti)གཉིས་ཀྱིས།”

ཞེས་འཁོད་འདུག

dhammapadha 2

གླེང་བརྗོད་དམ་སྔོན་གླེང་དེ་ཨིན་ཡིག་དང་བོད་ཡིག་གཉིས་ཀར་བྲིས་ཤིང་། འབྲི་མཁན་ནི་རོལ་རིག་རེད། ཨིན་ཡིག་གི་སྔོན་གླེང་དུ་འདི་ལྟར།

“སྔོན་གླེང་།

ལོ་ངོ་བརྒྱ་ཕྲག་འགའ་ཡི་བར་སྟོང་གི་རྗེས་སུ་བོད་ཀྱི་ལོ་ཙཱ་བ་རྣམས་ནི་སླར་ཡང་ནང་པ་སངས་རྒྱས་པའི་གནས་མཆོག་ཏུ་ལས་ཀྱིས་བྲེལ་བར་གྱུར།

ཨེ་ཤ་ཡ་ནང་མ་(Inner Asia)ཁུལ་དུ་སྡོད་པའི་བོད་ཡིག་ཀློག་མཁན་རྣམས་དང་དེ་བཞིན་བོད་ཀྱི་རྩོམ་རིག་ལ་ཐུགས་སྣང་ཅན་ཚང་མ་ལ་ནང་པའི་བསྟན་བཅོས་གྲགས་ཅན་གྲས་ཀྱི་ཆོས་ཀྱི་ཚིགས་སུ་བཅད་པའི་བོད་འགྱུར་ཕུལ་དུ་བྱུང་བ་ཞིག་བཀུར་འོས་དགེ་འདུན་ཆོས་འཕེལ་གྱིས་གནང་བ་འདིར་དགའ་ཞིང་མགུ་བར་ངེས།

ལོ་ཙཱ་བ་ཁོང་ནི་བོད་ཀྱི་མཁས་པ་སྙན་གྲགས་ཅན་ཙམ་ཞིག་མ་ཡིན་པར་ད་དུང་ཁྱད་དུ་འཕགས་པའི་སྙན་ངག་པ་ཞིག་ཀྱང་རེད། ཁོང་གི་འགྱུར་འདི་ལ་མཁས་པའི་རྣམ་དཔྱོད་དང་རྩོམ་རིག་གི་རིན་ཐང་མཐོ་པོ་གཉིས་འཛོམས་ཡོད།

ཆོས་ཀྱི་ཚིགས་སུ་བཅད་པའི་འགྱུར་ནི་བོད་ཀྱི་བཀའ་འགྱུར་གྱི་ཁོངས་སུ་བསྡུས་མེད་མོད། ཚིག་འགྲོས་ཅུང་མི་འདྲ་བའི་ཚིགས་སུ་བཅད་པ་མང་པོ་ཞིག་ ཆེད་དུ་བརྗོད་པའི་ཚོམས་ (udana-varga)དང་བསྟན་བཅོས་གཞན་དཔེར་ན་འདུལ་བ་ལྟ་བུར་བཀོད་འདུག རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་གླེང་འབུམ་གྱི་ཤོག་ངོས་ ༤༢༥ ན་༽ ཆོས་ཀྱི་ཚིགས་སུ་བཅད་པའི་ཚིགས་བཅད་དང་པོ་དང་གཉིས་པའི་འགྱུར་བཀོད་འདུག (ཚིགས་བཅད་དང་པོའི་རྐང་པ་སྔ་མ་གཉིས་ཀྱི་འགྱུར་ཅུང་མི་འདྲ་བ་ཞིག་ཤོག་ངོས་ ༣༨༣ བ་༽ལ་བཀོད་འདུག ) ཆོས་ཀྱི་ཚིགས་སུ་བཅད་པའི་ཚིགས་བཅད་ ༡༧༣ པའི་ཚིག་མི་འདྲ་བ་ཞིག་བསྟན་བཅོས་དེ་ཉིད་ཀྱི་ཤོག་ངོས་ ༤༦ བ༽ ན་གསལ། ཚིགས་བཅད་ ༡༧༦པ་དེ་ཤོག་ངོས་ ༡༤༢ བ་ ན་གསལ། ཚིག་འགྲོས་ཅུང་མི་འདྲ་བ་དེ་རྣམས་ནི་རྒྱ་གར་བྱང་ཕྱོགས་དང་བལ་ཡུལ་དུ་བྱུང་བའི་རྒྱ་དཔེའི་མ་ཡིག་མི་མཚུངས་པ་ལས་བྱུང་བ་ཡིན་སྲིད།

dhammapadha 3ལོ་ཙཱ་བས་ གནའ་བོའི་ལོ་ཙཱ་བ་རྣམས་ཀྱིས་གཏན་འབེབས་བྱས་ཤིང་ལེགས་སྦྱར་བོད་ཡིག་གི་ཚིག་མཛོད་ཁག་(བྱེ་བྲག་རྟོགས་པར་བྱེད་པ། བསྟན་འགྱུར། སྣ་ཚོགས། ཨང་ ༤༣༤༦ དང་། སྒྲ་སྦྱོར་བམ་པོ་གཉིས་པ། བསྟན་འགྱུར། སྣ་ཚོགས། ཨང་ ༤༣༤༧)ན་ཡོད་པའི་ཁྲིམས་སྲོལ་དེའི་རྗེས་སུ་འབྲངས་དགོས་པ་ཞུ་ག་ལ་དགོས། ཁྲིམས་སྲོལ་དེ་དག་གིས་ལོ་ཙཱ་བ་རྣམས་ལ་ཚིགས་བཅད་རྣམས་ཀྱི་ཚིག་གི་གོ་རིམ་དེ་ངེས་པར་དུ་བརྗེ་དགོས་ན་མ་གཏོགས་མི་བརྗེ་བར་གདམས་ཡོད། ལེགས་སྦྱར་སྐད་ཀྱི་ཚིག་ལྷུག་རྣམས་བོད་སྐད་དུ་བསྒྱུར་ན། ལེགས་སྦྱར་སྐད་ཀྱི་མ་ཡིག་ནས་རང་དབང་གི་འགྱུར་བྱེད་ཆོག་པའི་ཆོག་མཆན་ལོ་ཙཱ་བ་ཚོར་སྤྲད་ཡོད། ཞེ་སའི་ཚིག་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་རྣམས་ལ་འཇུག་པའི་རྗོད་པ་ཡོངས་ལ་སྤྱོད་དགོས་པ་རེད། ལོ་ཙཱ་བ་རྣམས་ནི་ཚིག་གསར་པ་བཟོ་རྒྱུར་ཁ་གསལ་གྱིས་བཀག་སྡོམ་བྱས་ཡོད། འདི་བཟློག་མེད་ཀྱི་སྐབས་དང་འཕྲད་ཚེ། བཙན་པོའི་ཕོ་བྲང་དང་སྦྲེལ་བའི་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་ལ་གནད་དོན་དེ་སྙན་སེང་ཞུ་དགོས་པའི་བཀོད་མངགས་བྱས་ཡོད། (པད་མ་དཀར་པོའི་ཆོས་འབྱུང་། ཤོག་གྲངས་ ༡༠༢ བ་༽ དང་ ༡༠༣ བ་༽ལ་གཟིགས།)

ལོ་ཙཱ་བ་རྣམས་ནི་ད་དུང་དཀོན་མཆོག་སྤྲིན་(བཀའ་འགྱུར། མདོ་སྡེ། ཨང་ ༢༣༡ རཏྣ་རཀྴི་ཏ་དང་། རིན་ཆེན་འཚོ། ཆོས་ཉིད་ཚུལ་ཁྲིམས་ཀྱིས་བསྒྱུར།) ལང་ཀར་གཤེགས་པ། (བཀའ་འགྱུར། མདོ་སྡེ། ཨང་ ༡༠༧ འགོས་ཆོས་གྲུབ་ཀྱིས་བསྒྱུར།)གཉིས་ཀྱི་བོད་འགྱུར་དེའི་རྗེས་སུ་འབྲངས་དགོས་པའི་བསླབ་བྱ་བྱས་ཡོད། གསང་སྔགས་ཀྱི་འགྱུར་རྣམས་ནི་བཙན་པོའི་བཀའ་འཁྲོལ་ཐོབ་ན་ད་གཟོད་སྒྱུར་རུང་། ཁྲིམས་སྲོལ་འདི་དག་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་(རལ་པ་ཅན། ༨༡༧-༨༣༦)གྱིས་ཕོ་བྲང་འོན་ཅང་མདོར་(ལྷ་སའི་ལྷོ་ལ་ཆགས་ཡོད)རྟའི་ལོ་(ཕྱི་ལོ་ ༨༢༦)ལ་གཏན་འབེབས་བྱས་པ་རེད་ལ། དུས་དེ་ནས་བཟུང་བོད་ཀྱི་ལོ་ཙཱ་བ་ཚང་མས་རྗེས་སུ་འབྲངས་ཡོད། (པད་མ་དཀར་པོའི་ཆོས་འབྱུང་། ཤོག་གྲངས་ ༡༠༢ ན༽ དང་། བུ་སྟོན་ཆོས་འབྱུང་། ཨིས་ ཨོ་བྷེར་མིལ་ལཱར་(E. Obermiller)གྱིས་བསྒྱུར་པའི་པོད་གཉིས་པ། ཤོག་གྲངས་ ༡༩༦་ལ་གཟིགས།)

 

པོད་འདིའི་རྗེས་སུ་འདི་དང་འདྲ་བའི་པོད་མང་པོ་འབྱུང་ཞིང་། དེས་རྒྱ་གར་དང་གངས་ཅན་ཡུལ་གཉིས་ཀྱི་བར་གྱི་གནའ་བོའི་རིག་གཞུང་གི་འབྲེལ་བ་དེ་སླར་གསོ་ཡོང་བར་ཕན་པར་གྱུར་ཅིག། །།

འཇི་ རོལ་རིག་(G. Roerich)གིས་ ༡༩༤༤ ལོར་ཀུ་ལུ་ནས།”

ཞེས་སྤེལ་འདུག རོལ་རིག་གིས་ཨིན་ཡིག་ཏུ་སྤེལ་བའི་སྔོན་གླེང་གི་མཇུག་དེ་མ་ཐག་ཏུ་བོད་ཡིག་གི་སྔོན་གླེང་ཞིག་སྤེལ་འདུག དེ་ནི་འདི་ལྟར། “།།སྔོན་བརྗོད།།

ston pa༄༅།། །། དེ་ཡང་གཟུ་བོར་གནས་ཤིང་། །དྲི་མ་མེད་པའི་ཤེས་རབ་ཀྱི་མིག་དང་ལྡན་པ་དག་གིས་ལེགས་པར་བརྟག་ན། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཁོ་ན། རབ་འབྲིང་ཐ་མའི་བློ་ཅན་ཐཾད་ངེས་ལེགས་ཐར་པའི་ཞིང་དུ་འཁྲིད་པའི་འཇུག་ངོགས་བླ་ན་མེད་པར་ངེས་གཤིས། རྒྱ་བོད་ཧོར་སོག་གི་ཡུལ་གྲུ་དག་ཏུ་མ་ཟད། དེང་སང་གི་དུས་ན་ནུབ་ཕྱོགས་ཕྱིའི་རྒྱལ་ཁབ་ཀུན་ཏུ་ཡང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་རྗེས་སུ་འཇུག་པའི་མཁས་པ་ཆེས་མང་བ་དང་། དཀོན་མཆོག་གསུམ་གྱི་རྟེན་དང་། གནས་གཞི་དུ་མ་ཡང་གསར་དུ་ཚུགས་པ་ནི། ཀུན་གྱི་ཐུགས་ལ་གསལ་བ་དེ་བཞིན་ལགས་།

།གངས་ཅན་བོད་ཀྱི་ཡུལ་དུ་ནི། མི་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་པའི་ཡུན་ལ་བསཊ་ཤིང་སྒྲུབ་པའི་་་་རྒྱལ་བའི་གསུང་རབ་དགོངས་འགྲེལ་ཡན་ལག་དང་བཅས་གླེགས་བམ་རྒྱ་མཚོ་ལྟ་བུ་ཞིག་སྔར་ནས་བཞུགས་པའི་སྟེང་དུ། དུས་འདིར་ཡང་ལྷོ་ཕྱོགས་སིངྒ་ལ་པའི་སྡེ་སྣོད་ཀྱི་ཁྲོད་ན་གྲགས་ཆེ་བ། དྷརྨ་པ་དའི་མདོ་ཕྲན་འདི་ཉིད་བོད་སྐད་དུ་གསར་བསྒྱུར་བྱས་པ་ནི། ངེས་པར་ཡི་རང་གི་དཔལ་དུ་གྱུར་ལ།

།སླད་ནས་ཀྱང་། ལེགས་པར་སྦྱར་བའི་སྐད་དུ་གྲུབ་པའི་སྡེ་སྣོད་དང་རིག་གནས་ཀྱི་བསྟན་བཅོས། ད་དུང་ཡང་གྲངས་ལས་འདས་པ་ཞིག། རྒྱ་གར་འཕགས་པའི་ཡུལ་ན་བཞུགས་པ་འདི་ཀུན། རྣམ་དཔྱོད་ལྡན་པ་དག་གིས་བོད་སྐད་དུ་བསྒྱུར་ཏེ། རྒྱལ་པོ་མེས་དབོན་གསུམ་གྱི་མཛད་སྒོ། སྒྲ་བསྒྱུར་ལོ་པཎ་མཁས་པའི་རྣམ་ཐར། གནའ་སྲོལ་བཟང་པོའི་གསེར་གྱི་ཟམ་པ་སླར་ཡང་ཚུགས་པའི་ཡིད་སྨོན་དང་བཅས།། །།

འཇོར་རྗེ་རོལ་རིག་པས།

དབྱིན་ཟླ་ཚེས་ལ་ ༡-༨-༡༩༤༤ ཡུལ་ན་གར་དུ།

།ལྷོ་ཕྱོགས་པའི་བསྟན་རྩིས་ཀྱིས། སངས་རྒྱས་མྱ་ངན་ལས་འདས་ནས་ ༢༤༨༨ ། རབ་བྱུང་ ༡༦ པའི་ཤིང་སྤྲེལ་ལོ།།” ཞེས་འཁོད་འདུག

དེ་ནས་ཆོས་ཀྱི་ཚིགས་སུ་བཅད་པའི་ཁ་ཤོག་ནང་མའི་ཚུལ་དུ་འདི་ལྟར།

“སིངྒ་ལའི་འཕགས་པ་གནས་བརྟན་པ་དག་གི་མདོ་སྡེ་ལས་བྱུང་བའི།།

།།ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་བྱ་བ་བཞུགས་སོ།།

སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་གྱ་བརྒྱད་པ་ལ། ཝར་ཎཱ་སི་མཧཱ་བོདྷིའི་ཚོགས་ནས་སྒོར་ཆིག་སྟོང་གི་རྐྱེན་སྦྱར་ཏེ། འབྲས་མོ་ལྗོངས་ཀྱི་རྒྱལ་སའི་ལྕགས་པར་ལས་ཁུང་དུ་པར་སྐྲུན་བྱས།།

བོད་དཔེ་སྣེ་རིང་གི་གཟུགས་སུ་བསྒྲིགས་ན་འོས་རྒྱུ་ལ་ཡུལ་དུས་ཀྱི་དབང་གིས་ལྕགས་པར་དང་། དེབ་ཏུ་བཀོད་པ་འདིར། གནའ་སྲོལ་ལ་དམ་དོག་ཅན་རྣམས་ཀྱིས་དགོངས་འགལ་དུ་མི་འགྱུར་བ་ཞུ།།” ཞེས་བཀོད་འདུག

ཕྲན་གྱིས་ལྟ་བཞིན་པའི་པར་མ་དེ་ལ་ཤོག་ངོས་ ༡༥༨ ཡོད་ཅིང་། ༡༩༤༦ ལོར་ལྕགས་པར་མ་སླར་ཡང་ངོ་བཤུས་ཀྱིས་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་ ༡༩༧༦ ལོར་ལྡི་ལིར་པར་བཏབ་པ་དེ་རེད་འདུག

(མཆན། འདིར་ཨིན་ཡིག་ནས་གླེང་བརྗོད་གཉིས་འཕྲལ་བསྒྱུར་བྱས་ཡོད་པ་རྣམས་ལ་མཐའ་མའི་ཞུ་དག་སོང་མེད་པ་དགོངས་འཇགས་འཚལ། བཀྲ་ཤིས།)

བསྐྱར་བཅོས།: ༢༠༡༧/༠༦/༡༣

Leave a Reply

བརྙན།

No videos

སྒྲ

དྲ་འབྲེལ།

རིག་པ་གསར་ཤོས།

སྡོམ་གྲངས།

  • སྤྱིའི་སྤེལ་གྲངས། (༣)
  • སྤྱིའི་མཆན་གྲངས། (༠)
  • སྤྱིའི་ཀློག་གྲངས། (༡༤༨༩)