འདས་མ་ཐག་ལོར་བོད་ཀྱི་དུས་བབ་གསར་ཁང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཟླ་གཉིས་རིང་སྐོར་སྐྱོད་བྱས་པ་དང་བསྟུན་ཏེ། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཧྥ་རན་སིའི་ལྷོ་མཐའ་ཊོའུ་ལོའུ་སི་(Toulouse)ཞེས་པ་དེར་བསྐྱོད་དེ། རྩོམ་པ་པོ་སྐུ་ཞབས་ལྗང་བུ་ལགས་དང་ལྷན་དུ། ཁོང་གི་དྲན་ངོས་ཀྱི་དཔལ་དོན་གྲུབ་རྒྱལ་གྱི་སྣང་བརྙན་ཐར་ཐོར་དང་། ལྗང་བུ་ཁོང་རང་ཉིད་ཀྱི་སྙན་ངག་གི་འགྱུར་འགྲོས་སོགས་ཀྱི་སྐོར་ལ་ཉིན་ཞག་གསུམ་རིང་གླེང་མོལ་བྱས་པ་དང་། ཉེ་ལམ་བསྐྱར་དུ་གནད་དོན་ཁ་ཤས་ཐད་དོགས་འདྲི་ཞུས་ཏེ་གླེང་མོལ་གྱི་ནང་དོན་གནད་བསྡུས་ཡིག་ཐོག་ཏུ་ཕབ།
དོན་འགྲུབ་བཀྲ་ཤིས། ད་ལོ་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ཏེ་ལོ་ངོ་ ༣༠ འཁོར་བ་རེད། བོད་ཕྱི་ནང་གཉིས་སུ་ཁོང་ལ་རྗེས་དྲན་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་འདུག གནས་ཚུལ་འདི་དག་ལ་བལྟས་ཡོང་ན། དོན་གྲུབ་རྒྱལ་གྱི་མི་རིགས་སྙིང་སྟོབས་དང་རིག་གནས་སྙིང་སྟོབས་དེ་ད་དུང་བོད་པའི་གཞོན་སྐྱེས་ཚོའི་སྙིང་ཁམས་ན་འཕར་ལྡིང་བྱེད་ཀྱིན་ཡོད་པ་མཐོང་ཐུབ་ཀྱི་འདུག ཁྱེད་རང་ལ་མཚོན་ན་དོན་གྲུབ་རྒྱལ་གྱི་ངོ་ཤེས་དང་ཁོང་གི་རྩོམ་རིག་ལ་རྒྱུས་མངའ་ཆེ་ཤོས་ཀྱི་མི་ཞིག་རེད། ངས་ཁྱོད་ལ་དེའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་བསམ་སོང་།
ལྗང་བུ། དོན་གྲུབ་རྒྱལ་ངེད་གཉིས་ངོ་ཤེས་ས་དེ་པེ་ཅིན་རེད། ༡༩༨༢ ལོར་ང་པེ་ཅིན་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྫས་འགྱུར་ཟབ་སྦྱོང་ལ་ཕྱིན་པ་ཡིན། སྐབས་དེར་དོན་གྲུབ་རྒྱལ་ཁོང་མི་རིགས་སློབ་གྲྭ་ཆེན་མོ་དེའི་དགེ་རྒན་དང་ཉམས་ཞིབ་པ་རེད། ངེད་གཉིས་ཉལ་ཁང་གི་བར་འཁྱམ་གཅིག་པ་རེད། ཡིན་ན་ཡང་། དེའི་ཡར་སྔོན་ལ་ང་སློབ་འབྲིང་སྐབས་ཤིག་ལ། དོན་གྲུབ་རྒྱལ་རེབ་གོང་ལ་ཐེངས་ཤིག་བསླེབས་སོང་། ༡༩༨༠ ལོ་ཡིན་བསམ་སོང་། སྐབས་དེར་ཝཱང་ཡའོ་(王尧)(ཝཱང་ཡའོ་ཟེར་བ་རྒྱ་རིགས་ཡིན་ཞིང་། བོད་མིང་ལ་དབང་རྒྱལ་ལམ། བོད་དབང་རྒྱལ་པོའང་ཟེར། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་དང་བོད་རིག་པའི་མཁས་པ། ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་འདས་གྲོངས་སུ་ཕྱིན།) ཟེར་པ་དེ་ཡིས་ཁྲིད་དེ། ཁོ་ཚོ་ཞིབ་འཇུག་སློབ་མ་སྐོར་ཞིག་རེབ་གོང་དང་བླ་བྲང་། དེའི་རྗེས་ལ་ལྷ་ས་སོགས་སུ་ཕྱིན་པ་རེད། <<འབོལ་རྩོམ་ཕྱོགས་པའི་སྐྱ་རེངས>>ནང་གི་བླ་བྲང་གི་ལོ་རྒྱུས་ཤིག་ཡོད་པ་དེ་སྐབས་དེར་བྲིས་པ་ཡིན་ས་རེད།
རྗེས་སུ་ང་པེ་ཅིན་ལ་ཕྱིན་སྐབས་ཐོག་མ་དོན་གྲུབ་རྒྱལ་ཧྭི་པེ་ཁྲིན་ཏེ་(承德)ཟེར་བའི་ས་དེར་ཞིབ་འཇུག་ཅིག་གི་ཆེད་དུ་ཕྱིན་འདུག རྗེས་སུ་ཁོ་ཕྱིར་ལོག་རྗེས་ང་རོགས་པ་ཞིག་དང་མཉམ་དུ་ཁོང་ལ་བཅར་བ་ཡིན། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་(陈庆英)གཉིས་ཉལ་ཁང་གཅིག་པ་རེད། ཁྲིན་ཆིན་དབྱིན་ཟེར་བ་དེ་དོན་གྲུབ་རྒྱལ་དང་མཉམ་དུ་<<ཐང་ཡིག་གསར་རྙིང་ལས་ཐུ་བྷོད་ལོ་རྒྱུས>>ཟེར་བ་དེ་བོད་ཡིག་ཏུ་བསྒྱུར་མཁན་དེ་རེད། ཉལ་ཁང་ཆུང་ཆུང་ཞིག་གི་ནང་དུ་ཉལ་ཁྲི་གཉིས་དང་བར་དུ་ཅོག་ཙེ་གཅིག་འདུག སྐབས་དེར་དོན་གྲུབ་རྒྱལ་གྱིས་རཱ་མ་ཎའི་རྟོགས་བརྗོད་སྒྱུར་བཞིན་པའི་སྒང་རེད། ཁོ་རང་གི་ནང་དུ་ཡོང་མཁན་ནམ་རྒྱུན་དབུས་གཙང་གི་སློབ་མ་སྐོར་ཞིག་རེད། སྐབས་དེ་དུས་པེ་ཅིན་དུ་ཁམས་དང་ཨ་མདོའི་སློབ་ཕྲུག་ཧ་ཅང་ཉུང་ཉུང་རེད། དབུས་གཙང་ནས་ཡོང་བའི་གཞས་ཞབས་བྲོ་སྦྱོང་མཁན་མང་པོ་ཞིག་འདུག ངས་དེ་དུས་དབུས་གཙང་སྐད་ཁྱོན་ནས་ཤེས་ཀྱི་མེད་སྟབས། དོན་གྲུབ་རྒྱལ་གྱིས་དབུས་སྐད་ཡག་པོ་བཤད་ཤེས་ཀྱི་ཡོད་མེད་མི་ཤེས་མོད། ཁོ་རང་ཚོ་ཕན་ཚུན་བར་དབུས་སྐད་ཐོག་ནས་ཀུ་རེ་རྩེད་ཐུབ་པ་དེ་འདྲ་ཞིག་རེད། དོན་གྲུབ་རྒྱལ་གྱིས་དབུ་མེད་འཁྱུག་ཡིག་ཡང་ཡག་པོ་འབྲི་ཤེས་ཀྱི་འདུག དེ་དུས་ང་ཚོ་ཡང་སེ་ཡང་སེ་ཐུག་ཐུབ་གི་ཡོད་སྟབས་རིམ་བཞིན་གྲོགས་པོ་ཆགས་སོང་།
སྐབས་དེར་ང་ཚོ་ཟབ་སྦྱོང་བ་སྐོར་ཞིག་ལ། དོན་གྲུབ་རྒྱལ་གྱིས་བདུན་ཕྲག་གཅིག་རེ་ནང་ཐེངས་གཉིས་གསུམ་རེར་ལོ་རྒྱུས་དཔེ་ཁྲིད་ཅིག་གནང་སོང་། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་སྲིད་དོན་རྒྱལ་རབས་ཟེར་བ་ཞིག་ཐེངས་མང་པོར་གླེང་གི་འདུག དེ་ལས་ལུང་ཡང་མང་པོ་དྲང་གི་འདུག རྗེས་སུ་ངས་སྲིད་དོན་རྒྱལ་རབས་སྐོར་དྲིས་པས་ཉིན་ཞིག་ཁོས་དེབ་ཆེན་པོ་དེའི་ཕྱེད་ཀ་ཙམ་ཞིག་ཁོང་གི་སྡོད་ཤག་ལ་འཁྱེར་ནས་བསླེབས་སོང་། དེ་ནི་བཙན་པོའི་རྒྱལ་རབས་དང་བོད་མཆོད་ཡོན་འབྲེལ་བ་བྱུང་བའི་བར་རེད་འདུག ལག་བྲིས་ཡིན་ནམ་དཔར་སློག་བརྒྱབ་པ་གང་ཡིན་ད་ལྟ་ཡག་པོ་དྲན་གྱི་མི་འདུག མཐུག་པོ་ཞེ་དྲགས་འདུག ང་ཚོར་ལོ་རྒྱུས་སློབ་ཁྲིད་གནང་སྐབས་ཁོང་གིས་དཔེ་དེབ་དང་འབྲི་དེབ་དེ་འདྲར་ལྟ་གི་མི་འདུག ལུང་དེ་ཚོ་ངག་ཐོག་ནས་ཤར་ཤར་རེད། ཁོ་རང་གི་ཨམ་ཕྲག་ནང་ཤོག་བུ་གྲུ་བཞི་འགའ་འདུག མཚམས་རེར་དེ་དག་ལ་ལྟ་ཙམ་རེ་བྱེད་ཀྱི་འདུག དོན་གྲུབ་རྒྱལ་སྐབས་དེ་དུས་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་རྒྱུས་ཆེན་པོ་འདུག བཙན་བྱོལ་སློབ་གྲྭ་ཁག་གི་སློབ་དེབ་ཚང་མར་བལྟས་ཚར་འདུག བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་གྱི་འགྲེལ་བཤད་སོགས་ཀྱང་ཤེས་ཀྱི་འདུག དོན་གྲུབ་རྒྱལ་མ་གཏོགས་སྐབས་དེར་དེ་དག་ལ་དོ་སྣང་བྱེད་མཁན་དཀོན་པོ་རེད། དོན་གྲུབ་རྒྱལ་ལ་ཁེར་རྐྱང་གི་སྡུག་བསྔལ་ཡོང་ས་གཅིག་དེ་རེད་བསམ་གྱི་འདུག ཕྱི་ལོགས་ལ་འདོན་མི་ཐུབ་པ་དང་། འདོན་ཡུལ་མེད་པའི་གནད་དོན་མང་པོ་ཞིག་ཁོག་ལ་ཉར་བསྡད་ཡོད་པ་རེད། དོན་གྲུབ་རྒྱལ་བརྒྱུད་ནས་ངས་ཀྱང་<<གསར་འགྱུར་མེ་ལོང་།>>མང་ཆེ་བར་ལྟ་རྒྱུ་བྱུང་སོང་། གད་མོ་ཤོར་བ་ཞིག་ལ། ངས་སྐབས་དེའི་བཙན་བྱོལ་སློབ་དེབ་ནང་<<མ་འོངས་སྔོན་བསུའི་འཐབ་རྩོད།>>ཟེར་བ་ཞིག་ཡོད་པ་དེའི་ཁ་བྱང་བརྗེ་སྟེ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ནང་བསྐུར་ཏེ་རྗེས་སུ་དུས་དེབ་སྟེང་བཏོན་སོང་།
དོན་གྲུབ་རྒྱལ་གྱིས་ཨ་ལགས་དུང་དཀར་ཚང་ལ་གདེང་འཇོག་ཆེན་པོ་གནང་གི་རེད། ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་སྐབས་མདུན་གྲལ་གྱི་ལྔ་པ་རེད་ཟེར་བ་དང་། དུང་དཀར་ཚང་གི་ལོ་རྒྱུས་ཞིབ་འཇུག་བྱེད་ཐབས་དེ་ཧ་ལས་པ་རེད་ཟེར་ནས་ཡང་ཡང་ཤོད་ཀྱི་འདུག རྡོ་རྗེ་རྒྱལ་པོ་དེ་ནོར་བུ་ཞིག་ཡིན་ཟེར་གི་རེད། དེ་གཅིག་བྱས་ན་རྡོ་རྗེ་རྒྱལ་པོ་སྤོམ་མདའ་ཚང་གི་དྲུང་ཡིག་རེད། སྤོམ་མདའ་ཚང་དང་ས་འདུ་ཚང་། ཚ་རོང་སོགས་སྐབས་དེའི་དབུས་གཙང་གི་རྒྱུ་ཆེན་ཕྱུག་བདག་ཡིན་སྟབས། རྡོ་རྗེ་རྒྱལ་པོས་ལོ་རྒྱུས་དེ་དག་མཁྱེན་གི་ཡོད་རེད་ཟེར་བའི་དོན་དག་མིན་འགྲོ། རྡོ་རྗེ་རྒྱལ་པོས་ལོ་རབས་ལྔ་བཅུའི་ནང་བྲིས་པའི་<<མགར་བ་སྟོབས་རྒྱལ་དང་སྲས་མོ་ཡེ་ཤེས་ལྷ་མོ།>>ལ་གདེང་འཇོག་ཆེན་པོ་གནང་གི་རེད། དེ་ནས་བསོད་ནམས་དཔལ་འབྱོར་གྱིས་སྐུ་དྲག་གི་སྐོར་ལ་རྒྱུས་ཆེན་པོ་ཡོད་པ་དང་། མཁྱེན་རབ་འོད་གསལ་ལ་གསར་གཏོད་ཀྱི་བསམ་བློ་ཡོད་པ་དང་གཞོན་སྐྱེས་ཚོར་དགའ་བ་སོགས་ཀྱང་བཤད་གི་རེད། རྩ་བའི་ཆ་ནས་དོན་གྲུབ་རྒྱལ་དེ་དབུས་གཙང་གི་རིག་གནས་ལ་དོ་སྣང་ཆེན་པོ་མཛད་མཁན་ཞིག་རེད། དེ་དབུས་གཙང་གི་རིག་གནས་ལ་བོད་པའི་རིག་གནས་ཀྱི་གཏིང་ཡོད་པ་དང་སྲིད་དོན་ལ་འབྲེལ་བ་ཆེན་པོ་ཡོད་པ་སོགས་ཀྱིས་ཡིན་སྲིད་པ་རེད།
དོན་འགྲུབ་བཀྲ་ཤིས། གཞོན་སྐྱེས་མང་པོ་ཞིག་གིས་དོན་གྲུབ་རྒྱལ་གསར་བརྗེ་བ་ཞིག་ལ་གདེང་འཇོག་བྱེད་ཀྱི་ཡོད་པ་རེད། དེ་རིང་ཁྱེད་རང་གི་བཤད་སྟངས་ལ་ཉན་ཡོང་ན། དོན་གྲུབ་རྒྱལ་རྙིང་ཞེན་པ་ཞིག་ཏུ་ཚོར་སོང་། གང་ཡིན་ཟེར་ན། དབུས་གཙང་གི་དམངས་སྲོལ་རིག་གནས་ནང་ན་བོད་པའི་སྲོལ་རྒྱུན་དང་སྐུ་དྲག་གི་རིག་གནས་ཤུགས་ཆེན་པོ་རེད།
ལྗང་བུ། དོན་གྲུབ་རྒྱལ་གསར་བརྗེ་བ་ཞིག་རེད་ཟེར་ནས་ལབ་ཐུབ་ཀྱི་མེད། གསར་གཏོད་པ་ཞིག་ཏན་ཏན་རེད། མང་པོ་ཞིག་གིས་དོན་གྲུབ་རྒྱལ་ལ་གསར་བརྗེ་བའི་མིང་ཨུ་ཚུགས་ཀྱིས་འདོག་གི་འདུག དོན་གྲུབ་རྒྱལ་གྱི་<<ལང་ཚོའི་རྦབ་ཆུ།>>ནང་དུ་གསར་གཏོད་མ་གཏོགས་གསར་བརྗེ་ཟེར་བའི་ཚིག་གཅིག་ཀྱང་ཧ་ལམ་མེད་བསམ་སོང་། “རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་པོ་ལ། དུས་དང་མཐུན་པའི་སྲོག་གི་དབང་བོ་མ་ཞུགས་ན། ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད” ཟེར་བ་དེས་ག་རེ་སྟོན་གྱི་ཡོད་པ་རེད། ལང་ཚོའི་རྦབ་ཆུའི་ནང་དུ་རིག་གནས་ཀྱི་དོན་དག་ ༡༢ བཤད་ཡོད་པའི་ནང་གི་བཅུ་ནི་བོད་ཀྱི་རྒྱུན་སྲོལ་གྱི་རིག་གནས་བཤད་ཡོད་པ་རེད། གཞན་པ་དེ་ནི་ཚན་རིག་དང་ལག་རྩལ་བགྲང་ཡོད་པ་ལས། གསར་བརྗེ་ཞིག་བགྲང་ཡོད་པ་དྲན་གྱི་མི་འདུག དོན་གྲུབ་རྒྱལ་བོད་ཀྱི་རིག་གནས་ལག་ལེན་པ་ཞིག་རེད།
དོན་གྲུབ་རྒྱལ་གྱིས་སློབ་ཚན་ལ་<<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།>>དང་<<རྗེ་བཙུན་མི་ལ་རས་པའི་རྣམ་ཐར།>>སོགས་བདམས་པའི་རྒྱུ་མཚན་ལ་བསམ་བློ་ཐོངས་དང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཁྲིད་དུས་རྒྱལ་དབང་ལྔ་པ་དང་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཆ་ཚང་གླེང་དགོས་ཡོད་པ་རེད། དེ་དུས་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཟུར་དུ་ཁྲིད་རྒྱུའི་གོ་སྐབས་ཡོད་པ་མ་རེད། དགེ་རྒན་གཞན་པ་ཚོས་<<མི་དབང་རྟོགས་བརྗོད།>>ཁྲིད་ཀྱི་ཡོད་པ་རེད། མི་དབང་རྟོགས་བརྗོད་ནང་ན་ཆཱེན་གོང་མ་དང་བོད་ས་གནས་སྲིད་གཞུང་བར་གྱི་འབྲེལ་བ་ཞིག་བཤད་བསྡད་ཡོད་པ་རེད། མི་ལ་རས་པ་བདམས་པའང་སྙན་ངག་མེ་ལོང་དང་མི་རིགས་གཞན་པའི་ཤུགས་རྐྱེན་མ་ཐེབས་པའི་བོད་རང་གི་ཁྱད་ཆོས་གཙང་མ་ལྡན་པ། དེ་ནས་ནང་ཆོས་ཀྱི་ཉམས་རྟོགས་ངེས་པར་དུ་བཤད་དགོས་པ་དེར་བསམ་བློ་བཏང་བ་རེད་སྙམ། བོད་ཀྱི་མགུར་གླུའི་བྱུང་འཕེལ་ལ་ཞིབ་འཇུག་བྱས་པའང་དེ་བཞིན་རེད། འདི་དག་ལ་བལྟས་ཡོང་ན་དོན་གྲུབ་རྒྱལ་བོད་ཀྱི་རིག་གནས་ལ་བརྩེ་དུང་ཆེན་པོ་ཡོད་མཁན་ཞིག་རེད། མདོར་བསྡུས་ན། དོན་གྲུབ་རྒྱལ་གསར་བརྗེ་བ་རེད་ལབ་ན་ཞྭ་མོ་ནག་པོ་གཡོག་པ་དང་། ཡང་ན་གདེང་འཇོག་མཐོ་དྲགས་པ་རེད།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱིས་ <<སྤྲུལ་སྐུ།>>ཞེས་པའི་བརྩམས་སྒྲུང་དེ་བྲིས་པ་ལ་བརྟེན་ཏེ། རིག་གནས་གསར་བརྗེ་ཡི་ཐོན་རྫས་ཟེར་བ་དང་། ཁོ་ནང་ཆོས་ལ་དགའ་ཡི་མ་རེད་ཟེར་བ་སོགས་ཀྱི་གླེང་ཕྱོགས་བྱུང་བ་རེད། ང་རང་སྔོན་མ་ནུབ་བྱང་མི་རིགས་སློབ་ཆེན་ནང་ཡོད་སྐབས། རྒན་བདུད་ལྷ་རྒྱལ་མཆོག་གིས་དེང་རབས་རྩོམ་རིག་སློབ་ཁྲིད་ཅིག་གི་སྐབས་སུ། དོན་གྲུབ་རྒྱལ་གྱིས་སྤྲུལ་སྐུ་དེ་ཐོག་མ་བྲིས་སྐབས་ཁ་བྱང་ལ་<<སྤྲུལ་སྐུ་རྫུན་མ།>>ཞེས་བཏགས་ཡོད་ཀྱང་། རྗེས་སུ་དཔར་བསྐྲུན་བྱས་ཡོང་དུས་<<སྤྲུལ་སྐུ།>>ཞེས་ཁ་བྱང་བརྗེ་བོ་བརྒྱབ་པ་དེས་གནས་ཚུལ་རྙོག་འཛིང་ཅན་ཞིག་ཆགས་སོང་། ཞེས་གསུངས་ཏེ་ཐུགས་ཕམ་ཞེ་དྲགས་གནང་གི་འདུག
ལྗང་བུ། དོན་གྲུབ་རྒྱལ་ལ་དད་པ་ཡོད་མེད་མི་ཤེས། ཡིན་ནའང་ནང་ཆོས་ཀྱི་གོ་རྟོགས་ཡོད་མཁན་ཞིག་ཡིན་ཐལ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་སྟོང་ཉིད་སོགས་འགྲེལ་སྟངས་ཡ་མཚན་པོ་དེ་འདྲ་འདུག <<སྤྲུལ་སྐུ།>>ཟེར་བ་དེ་མི་སྣ་ངོ་མ་ཞིག་ས་བོན་བྱས་ཚུལ་གྱི་ལབ་གླེང་ཞིག་ཡོད་རེད། དེ་སུ་རེད་ཟེར་ན། ཕ་ཡུལ་གཅན་ཚ་ནས་ཡིན་པའི་འབེ་རྩ་བློ་བཟང་ཟེར་བ་ཞིག་ངས་ངོ་ཤེས་ཀྱི་ཡོད། སྔོན་ཆད་གྲྭ་བ་བྱས་ཏེ་འདོན་པའང་རེ་གཉིས་ཤེས་ཀྱི་ཡོད་ས་རེད། རིག་གནས་གསར་བརྗེའི་རྗེས་སུ་ཆོས་སྒོ་ཕྱེས་སྐབས། བླ་མ་མང་ཆེ་བ་བཙོན་ནས་གྲོངས་ཚར་བ་རེད། འབེ་ཚ་བློ་བཟང་གིས་རས་ལྭ་ཁམ་ཁམ་ (ཨ་མདོའི་ཁ་སྐད། ཁ་དོག་སྨུག་ནག་གི་དོན།) ཞིག་གྱོན་ནས་འབྲོག་ས་དག་ལ་སོང་སྟེ་བླ་མ་ཞིག་ཡིན་མདོག་མདོག་བྱས་ཡོད་ས་རེད། རྗེས་སུ་མེ་མདའི་ཚོང་ཡང་བརྒྱབ་པའི་སྐད་ཆ་འདུག མི་དེས་རྒྱུན་པར། སྤྲུལ་སྐུ་དེ་ཁོ་རང་ལ་བྲིས་པ་རེད་ཟེར་ནས་དོན་གྲུབ་རྒྱལ་ལ་ཁྱོན་ནས་དགའ་གི་མ་རེད། ངས་དེ་བདེན་པ་ཡིན་རྒྱུ་རེད་བསམ་གི གཅིག་ནས་ཁོ་གཉིས་ཕ་ཡུལ་གཅིག་པ་ཡིན་སྟབས་འབེ་ཚ་བློ་བཟང་གི་བྱ་སྤྱོད་ལ་རྒྱུས་ཡོད་པ་རེད། གཉིས་ནས་སྐབས་དེར་བོད་ཡུལ་དུ་སྤྲུལ་རྫུན་གྱི་གནས་ཚུལ་ཤུགས་ཆེན་པོ་རེད། ངས་འདི་ནས་བློ་བཟང་གི་མིང་བོས་ནས་བཤད་དོན་བློ་བཟང་ཁོ་རང་གིས་དོན་གྲུབ་རྒྱལ་ལྟ་ལོག་དེས་ང་ལ་ཟུར་ཟ་བྲིས་པ་རེད་ཟེར་ནས་ང་ལ་དངོས་སུ་ཐེངས་མང་པོར་ལབ་མྱོང་ཡོད།
སྤྱིར་བཏང་བླ་སྤྲུལ་ངན་པའི་བྱ་སྤྱོད་ལ་རྗེ་བཙུན་མི་ལ་རས་པས་དགག་པ་བརྒྱབ་པ་རེད། འབྲུག་པ་ཀུན་ལེགས་དང་། ཞབས་དཀར་བ། གུང་ཐང་བསྟན་པའི་སྒྲོན་མེ་སོགས་མཁས་གྲུབ་མང་པོས་དགག་པ་བརྒྱབ་མྱོང་ཡོད་པ་རེད། འདི་དག་གིས་དགག་པ་བརྒྱབ་པ་དེ་བསླབ་བྱ་ཡིན་པ་དང་། དོན་གྲུབ་རྒྱལ་གྱིས་དགག་པ་བརྒྱབ་པ་དེ་ལོག་ལྟ་ཡིན་པའི་རྒྱུ་མཚན་ཅི་རེད། ངས་བལྟས་ན། ད་ལྟ་ད་དུང་ཡང་དོན་གྲུབ་རྒྱལ་ལྟ་བུའི་རང་གི་རིག་གནས་འདུ་ཤེས་གཏིང་ཟབ་མོ་དང་། དེ་ལ་གདེང་ཚོད་དང་ལ་རྒྱ་ཡོད་མཁན་དཀོན་པོ་རེད། དོན་གྲུབ་རྒྱལ་ལ་མཚོན་ན། དེ་དུས་ནས་ཆེད་མངགས་ཡར་ཀླུངས་འཕྱོངས་རྒྱས་སོགས་ལ་ཕྱིན་ཏེ་བཙན་པོའི་བྱིན་རླབས་ཞུས་འདུག ཐ་ན་བཙན་པོའི་བང་སོ་ཡན་ཆད་ནས་ཞིབ་འཇུག་གནང་འདུག ཁོ་རང་གིས་དེའི་སྐོར་བྲིས་པ་དེ་ཚོར་བལྟས་ཡོང་ན། རང་བཞིན་གྱིས་རིགས་ཞེན་གྱི་ང་རྒྱལ་ཞིག་དང་། ལ་རྒྱ་དང་རིན་ཐང་གི་ལྟ་བ་ཆེན་པོ་བཟུང་ཡོད་པ་ཚོར་ཐུབ་ཀྱིན་འདུག དེ་དུས་ནས་ཁོང་གིས་གང་ཞིག་གི་ཆེད་དུ་ཅི་ཞིག་འཚོལ་གྱིན་ཡོད་པའང་ཚོར་ཐུབ་པ་ཞིག་རེད། ད་ལྟ་ན་གཞོན་སྐོར་ཞིག་གིས་སྐད་རྒྱག་གི་ཡོད་པའི་དོན་དག་མང་པོ་ཞིག་ལ་ཁོ་རང་གིས་དེ་དུས་ནས་བསམ་གཞིག་གནང་འདུག་བསམ་གྱི་ཡོད།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱི་<<འདི་ནའང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག>>ཅེས་པའི་སྙན་ངག་དེ་ཁྱེད་རང་ལ་འབྲེལ་བ་ཡོད་སྐོར་ཞིག་གོ་སོང་། དེ་དོན་གྲུབ་རྒྱལ་གྱི་སྙན་ངག་སྐད་གྲགས་ཆེ་ཤོས་ཤིག་ཀྱང་རེད། དེའི་སྐོར་སྦ་གསང་མེད་པར་ངོ་སྤྲོད་ཅིག་གནང་ན་འགྲིག་གམ།
ལྗང་བུ། འདིའི་སྐོར་ངས་སྔོན་ཆད་སྐད་འཕྲིན་ཚོགས་པ་ཤིག་ལ་ཐེངས་གཅིག་བཤད་མྱོང་། དེ་རྗེས་སུ་ཡིག་ཐོག་ཏུ་ཕབ་འདུག་ཀྱང་ཆད་ལྷག་ནོར་གསུམ་གང་འཚམ་འདུག དེ་དུས་སྤྱི་ཚོགས་ནང་དཀྲོགས་གཏམ་ཞིག་འགྲོ་བཞིན་འདུག ངས་དེ་ལ་གསལ་བཤད་འདྲ་བོ་བྱས་པ་ཡིན། སྙན་ངག་དེ་ཇི་ལྟར་བྱུང་བ་རེད་ཟེར་ན། ༡༩༨༥ ལོར་སློབ་གྲྭའི་དབྱར་ཁའི་གུང་གསེང་མ་བཏང་ཙམ་ལ་ཟི་ལིང་དུ་རྩོམ་པ་པོའི་སྦྱོང་བརྡར་འཛིན་གྲྭ་ཞིག་ཚོགས་པ་རེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཨ་ལགས་དོར་ཞི་ཚང་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་སངས་རྒྱས་གཉིས་གདན་ཞུའི་དགེ་རྒན་རེད། ང་སྐབས་དེར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན། ཨ་ལགས་དོར་ཞི་ཚང་གིས་ཁྲིད་དེ་ཟབ་སྦྱོང་དེར་ཞུགས་པ་ཡིན། ཉིན་ཞིག་སངས་རྒྱས་ཀྱིས་དོན་གྲུབ་རྒྱལ་འཁྲིད་ནས་བསླེབས་སོང་། འདིའི་སྐབས་ཀྱི་གནས་ཚུལ་ཞིབ་ཕྲ་ངས་སྔོན་མ་བཤད་ཚར་ཡིན། དེ་རིང་བསྡུས་མ་བྱས་ཏེ་བཤད་དགོས།
དགོང་མོ་དེར་ནོར་བུ་རྒྱ་མཚོ་ཟེར་བའི་སློབ་མ་ཞིག་བསླེབས་ནས་ཨ་ལགས་དོར་ཞིས་ཁོང་གི་སྡོད་ཤག་ནང་ལ་དོན་གྲུབ་རྒྱལ་ཟ་མ་བཟའ་བར་ཤོག་ཟེར་ནས་སྐད་བཏང་སོང་། ཞེས་ལབ་སོང་། མ་གཞི་ངེད་གཉིས་ཁ་ལག་བཟས་ཚར་ཡིན་ཡང་། ཨ་ལགས་ཀྱིས་འབོད་ཀྱི་ཡོད་ན་གཅིག་འགྲོ་དགོས་ཟེར་བས་ངེད་གཉིས་ཕྱིན་པ་ཡིན། ཨ་ལགས་ཀྱིས་ཤ་དང་ཆང་སོགས་གྲ་སྒྲིག་བྱས་འདུག སངས་རྒྱས་ཀྱང་བསླེབས་འདུག ང་ཚོས་ཁ་ལག་ཟ་སྐབས། བརྙན་འཕྲིན་ནས་དོན་གྲུབ་རྒྱལ་གྱི་ཆུང་མ་སྔོན་མ་རིན་ཆེན་སྐྱིད་ཀྱིས་གསར་འགྱུར་བཤད་སོང་། མོ་སྐབས་དེར་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགྱུར་བཤད་མཁན་རེད། དེ་དུས་ནས་མཚོ་སྔོན་བརྙན་འཕྲིན་ཁང་དུ་བོད་སྐད་ཏོག་ཙམ་འདུག སངས་རྒྱས་ཀྱིས། ཡ་་། ཤོག་བུ་གྲ་སྒྲིག་བྱོས། དོན་གྲུབ་རྒྱལ་ལ་(灵感)ཡོང་གི་ཡོད་རྒྱུ་རེད་ལབ་སོང་། དེར་དོན་གྲུབ་རྒྱལ་ཅུང་མ་བདེ་བ་འདྲ་བོ་ཞིག་བྱུང་སོང་། སྤྱིར་བཏང་དགོང་མོ་དེར་ཁོ་རང་ཚོས་ཁ་བརྡ་བྱེད་སྐབས་ཕན་ཚུན་ལ་ཅུང་དོགས་ཀྱི་ཡོད་པ་ཞིག་མཐོང་སོང་། ཁ་བརྡ་གཏིང་ཟབ་པོ་དང་སྙིང་པོ་ཡོད་པ་འདི་ལབ་སོང་བསམ་པ་ཞིག་དྲན་གྱི་མི་འདུག དེ་ནས་ངེད་གཉིས་ཕྱིར་ལོགས་ཏེ། དགོང་མོ་དེར་ང་ཚོའི་སྦྱོང་བརྡར་འཛིན་གྲྭའི་གཅན་ཚའི་རྟ་མགྲིན་རྒྱལ་དང་བཀྲ་བྷོ་གཉིས་ཀྱི་ཉལ་ཁང་དུ་ཉལ་ཁྲི་སྟོང་པ་ཞིག་ཡོད་པ་དེར་དོན་གྲུབ་རྒྱལ་ཉལ་བ་རེད། ཁོང་ཚོ་སྔོན་ཆད་ངོ་ཤེས་ཀྱི་མི་འདུག ཡིན་ན་ཡང་དོན་གྲུབ་རྒྱལ་ལ་གུས་ཞབས་ཞེ་དྲགས་ཞུ་གི་འདུག དེ་དུས་གཞོན་སྐྱེས་ཕལ་ཆེ་བས་ཁོང་ལ་གུས་ཞབས་ཞེ་དྲགས་གནང་གི་རེད།
ཕྱི་ཉིན་ཉིན་གུང་བར་ཉལ་རྗེས་ང་ཕྱི་ལོགས་སུ་སོང་ནས་སྦི་རག་ཤེལ་དམ་འགའ་དང་ཨ་རག་དཀར་པོ་ཤེལ་དམ་གང་ཉོས་ནས་ཡོང་བ་ཡིན། ང་ཚོའི་སྦྱོང་བརྡར་འཛིན་གྲྭར་ཁོང་གི་ཕ་ཡུལ་གཅིག་པའི་བུ་མོ་ཞིག་ཡོད་པ་དེ་ཁོང་གི་ཁ་བརྡ་བྱེད་རོགས་ལ་སྐད་བཏང་སྟེ་ང་ཚོ་ཨ་ལགས་དོར་ཞིའི་དཔེ་ཁྲིད་ལ་ཉན་དུ་ཕྱིན་པ་ཡིན། ང་འགྲོ་ཁར་ཤོག་བུ་ཞིག་དང་སྨྱུ་གུ་ཞིག་ཅོག་ཙེ་སྟེང་བཞག་སྟེ། ཨ་རོགས། འདིའི་སྟེང་ལ་ཆང་རིན་ཡག་པོ་ཞིག་ཕྲིས་ཨ། ཞེས་ཀུ་རེ་འདྲ་ཞིག་ལབ་ཡིན། འཛིན་གྲྭ་གྲོལ་རྗེས་ཨ་ལགས་དོར་ཞིས་དོན་གྲུབ་རྒྱལ་ལ་ཐུག་ཏུ་འགྲོ་རྒྱུ་ཡིན་ཟེར་ནས་ང་ཚོ་མི་སྐོར་ཞིག་མཉམ་དུ་ཡོང་བ་ཡིན། ང་ཅུང་སྔོན་ལ་ནང་དུ་ཡོང་སྐབས་ཁོ་གཉིས་ཉལ་ཁྲི་ཕར་ཁ་ཚུར་ཁར་ཙོག་ནས་བསྡད་འདུག ཆང་ཚང་མ་ཐུང་ཚར་འདུག སྙན་ངག་ཀྱང་བྲིས་འདུག ཨ་ལགས་ནང་དུ་བསླེབས་རྗེས། དོན་གྲུབ་རྒྱལ་གྱིས་ཐོག་མར་སྙན་ངག་དེ་ཨ་ལགས་ཀྱི་ལག་ཏུ་བཞག་སོང་། ཨ་ལགས་ཀྱིས་གཟིགས་རྗེས་སྐད་ཆ་ཞིག་བཤད་སོང་མོད་ག་རེ་བཤད་པ་ད་ལྟ་དྲན་སོས་ཀྱི་མི་འདུག དེ་ནས་དོན་གྲུབ་རྒྱལ་གྱིས་ང་ཚོར་སྙན་ངག་འདི་ཀློག་རོགས་ལབ་སོང་ཡང་། ཨ་ལགས་དང་དོན་གྲུབ་རྒྱལ་གཉིས་ཀྱི་མདུན་དུ་ཀློག་ཕོད་མཁན་མ་བྱུང་སྟབས་ཁོ་རང་གིས་ཀློག་ཞོར་དང་འགྲེལ་རྒྱག་ཞོར་འདྲ་ཞིག་བྱས་སོང་།
སྙན་ངག་དེའི་མགོ་ནས་ “མཛེས་སྡུག མཚར་སྡུག སྙིང་སྡུག” ཅེས་བཀླགས་ཡོང་སྐབས། ཚིག་རྐང་གི་མཐའ་མའི་སྒྲ་ཡོང་སྟངས་འདི་རྒྱ་ནག་གི་སྙན་ངག་ནང་ཡོན་ཅའོ་(韵脚)ཟེར་བ་དེ་ཡོད་པ་རེད། འུ་ཅག་བོད་པར་མི་འདུག དགེ་འདུན་ཆོས་འཕེལ་གྱིས་འདིའི་སྐོར་ལ་བསམ་བློ་ཞིག་བཏང་འདུག ཅེས་ལབ་སོང་། ངས་ཀྱང་རྗེས་སུ་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན། དགེ་འདུན་ཆོས་འཕེལ་ཙམ་མ་རེད། རྗེ་རིན་པོ་ཆེ་མཆོག་གིས་ཀྱང་རྩོམ་འབྲི་སྐབས་རྟགས་འཇུག་གི་འགྲོས་དང་བསྟུན་ཏེ། དཔེར་ན། ཤིན་ཏུ་མོ་གཅིག་པུའི་འདྲེན་སྟངས་ལྟ་བུ་ལའང་དགོངས་པ་ཟབ་མོ་བཞེས་ཡོད་ས་རེད་བསམ་པ་ཞིག་བྱུང་སོང་། སྙན་ངག་དེའི་ནང་གི་‘གཞིས་བྱེས’ ཟེར་བ་དེ་སྐབས་དེའི་རྩོམ་པ་པོ་ཚོར་བརྡ་ཆད་གསར་པ་རེད། མདོ་སྨད་སོགས་སུ་ད་ལྟ་ད་དུང་ ‘གཞི་བྱས’ དང་། ‘གཞིས་བྱས’ ཟེར་བ་སོགས་སྣ་ཚོགས་བྲིས་ཡོང་གི་འདུག “གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས” ཟེར་བ་དེ་རྒྱ་གར་རྨ་བྱའི་ཡུལ་རེད་པྭ་གསུངས་སོང་། “ཞལ་ལྕེ་དགའ་གསུམ་དང་འདར་གསུམ”ཞེས་པའི་མཚམས་སུ་བསླེབས་སྐབས། ཏུན་ཧོང་ཡིག་རྙིང་ལས་རྒྱ་ཞིག་དང་བོད་ཞིག་ཁྲིམས་ཐོག་ལ་སོང་སྟེ་རྒྱ་དེ་ཐོབ་ན་བོད་དེ་འདར་བ་དང་། བོད་དེ་ཐོབ་ན་རྒྱ་དེ་འདར་བ་བཞིན་ནམ་ཞིག་བོད་པར་རྒྱལ་ཁ་འཐོབ་ཀི་རེད་ཟེར་བ་ཞིག་ལབ་སོང་དྲན་ཡོད། མཁས་པའི་དགའ་སྟོན་ནང་ ‘ཞལ་ལྕེ་དགའ་གསུམ’ ལ་འགྲེལ་བཤད་ཅིག་ཡོད་པ་དེ་འདྲ་ཞིག་ལབ་མ་སོང་བསམ་ཡོད། རྩོམ་ཡིག་དེའི་སྤྱི་ཁོག་གི་ཆ་ནས་ཀྱང་རྒྱ་ནག་གིས་བོད་པ་ཚོར་ཀླ་ཀློ་ཟེར་གྱི་ཡོད་པ་དེར་ལན་རྒྱག་གི་ཡོད་པ་རེད། ཉིན་དེར་མི་བཅུ་གྲངས་ཤིག་ཡོད་ཀྱང་དོན་གྲུབ་རྒྱལ་གྱིས་སྙན་ངག་དེ་དངོས་སུ་འབྲི་སྐབས་ཁོའི་གམ་དུ་བདེ་སྐྱིད་སྒྲོལ་མ་གཅིག་པུ་རེད། བདེ་སྐྱིད་སྒྲོལ་མ་ཟེར་བ་དེ་ད་ལྟ་པེ་ཅིན་བོད་རིག་པའི་ཞིབ་འཇུག་ལྟེ་བར་ཡོད་པ་དེ་རེད།
ཉིན་གཉིས་པ་དེའི་དགོང་དྲོར་ངས་དོན་གྲུབ་རྒྱལ་བསྐྱལ་ནས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སུ་ཕྱིན་པ་ཡིན། ལམ་བར་ནས་ཁོས་ང་ལ། ཨ་རོ། ང་ལ་རླངས་འཁོར་སྤ་སེ་ཉོ་བྱེད་དངུལ་མེད་དཱ་ཟེར། སྐད་ཆ་དེ་ངའི་རྣ་ལམ་ན་ཁ་སང་བཤད་པ་ལྟར་གསལ་ལྷིང་ལྷིང་གྲག་གི་འདུག ངས་བརྗེད་ཐབས་མི་འདུག ཨམ་ཕྲག་ཏུ་མོ་ཙེ་(མོ་ཙེ་ཞེས་པ་རྒྱ་སྐད་དང་བོད་སྐད་འདྲེས་པའི་དབུས་གཙང་གི་ཡུལ་སྐད་ཞིག་སྟེ། སྒོར་ཟུར་གྱི་དོན།)ཁ་ཤས་ཀྱང་མེད་པ་དེ་ནི་ང་ཚོའི་མི་འདང་ཅན་ཁོང་གི་སྐབས་དེའི་གནས་སྟངས་དང་འཁོར་ཡུག་དངོས་དེ་རེད་ལ། དེ་ངའི་མི་ཚེ་ནང་གི་སེམས་གཅོང་ཞིག་ཀྱང་ཆགས་སོང་།
སྙན་ངག་དེའི་མ་ཡིག་ངས་ཉར་བསྡད་པ་ཡིན། རྗེས་སུ་ངའི་སློབ་གྲོགས་རྡོ་རྗེ་མཚོ་ཟེར་བའི་མཛོད་ཁང་ལ་ལྟ་རྟོག་བྱེད་མཁན་ཞིག་ཡོད་པ་མོ་བརྒྱུད་ནས་སྣུམ་དཔར་བརྒྱབ་སྟེ་སློབ་གྲོགས་ཚོར་བཀྲམས་པ་ཡིན། སྐབས་དེར་སྙན་ངག་དེའི་ཁ་བྱང་འོག་ཏུ་ ‘བདག་ལ་བདུད་བརྩི་འདྲེན་པའི་གྲོགས་པོ་འགར་ཕུལ’ ཟེར་བ་ཞིག་ཡོད་པ་དེ་ངས་མར་བཏོན་པ་ཡིན། དེའི་རྗེས་སུ་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཐོག་བཏོན་སོང་། དེ་ཧ་ལམ་ང་ཚོའི་སློབ་གྲོགས་ཕག་མོ་རྡོ་རྗེ་ཟེར་བ་ཞིག་ཡོད་པ་ཁོས་བཀོད་པ་ཡིན་ཤག་རེད། ངེད་གཉིས་དེ་དུས་སྦྱོང་བརྡར་འཛིན་གྲྭའི་སྒྲོག་ཙེ་གཅིག་པ་ཡིན་ལ་ཁོང་དུས་དེབ་དེའི་རྩོམ་སྒྲིག་པ་ཡང་རེད།
༡༩༨༨ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ། ང་ཚོའི་སྐོར་ཞིག་གིས་གྲོ་སོ་ཕྱེ་མར་སོགས་བཟོས་ཏེ་བོད་ལུགས་ལོ་གསར་ཐེངས་དང་པོར་གོ་སྒྲིག་བྱས་པ་རེད། ལོ་གསར་དེའི་སྟེང་བན་ཁོ་ཡང་ཡོད། བན་ཁོ་ཟེར་བ་དེ་དོན་གྲུབ་རྒྱལ་གྱི་གསུང་འབུམ་རྩོམ་སྒྲིག་གནང་མཁན་ཁོང་རེད། ཁོང་ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཤེས་རིག་སློབ་གླིང་གི་འགན་འཛིན་རེད། ཁོང་དོན་གྲུབ་རྒྱལ་གྱི་གྲོགས་པོ་རེད་ལ་ང་གཉིས་ཀྱང་གྲོགས་པོ་ཡག་པོ་ཡིན། བན་ཁོས་མཚན་མོ་དེར་ང་ལ། སྙན་ངག་གི་མ་ཡིག་དེ་འཁྱེར་ཤོག་དང་། ང་ཚོ་སྐྱིད་པའི་སྐབས་ལ་སྙན་ངག་དེ་གྱེར་ཏེ། བླ་བསངས་ (ཨ་མདོའི་ཁ་སྐད། འདས་གྲོངས་སུ་ཕྱིན་པའི་གང་ཟག་གི་མིང་ཚབ།) ཁོང་ཚང་མར་དྲན་གསོ་ཞིག་བྱེད་ན་འདོད་སོང་ཟེར། དགོང་མོ་དེར་ཆང་ཐུང་སྟེ་རྩེད་མོ་རྩེ་བཞིན་པའི་སྐབས་ཤིག་ལ་ཁོས་སྙན་ངག་དེ་ཐེངས་ཁ་ཤས་ལ་བཀླགས་ཀྱང་དོ་སྣང་བྱེད་མཁན་མ་བྱུང་སྟབས། ཁོ་སེམས་སྡུག་པ་ཡིན་རྒྱུ་རེད། སྙན་ངག་གི་ཤོག་བུ་དེ་གཤགས་རལ་བཏང་སྟེ་ས་ལ་གཏོར་སོང་།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱིས་ཆང་དང་ཐ་མག་མང་པོ་རོལ་བའི་སྐད་ཆ་འདུག བུད་མེད་ཀྱང་མང་པོ་འཚོལ་མཁན་ཞིག་ཡིན་རབས་འདུག དོན་གྲུབ་རྒྱལ་གྱི་པར་རེ་ཟུང་ནང་ཐ་མག་འཐེན་གྱིན་ཡོད་པ་དང་ཆང་འཐུང་གི་ཡོད་པ་མཐོང་རྒྱུ་འདུག དེས་ཤུགས་རྐྱེན་ཐེབས་པ་ཨ་ཡིན། དེང་སྐབས་ཀྱི་སྙན་ངག་པ་ཚོས་སྙན་ངག་གི་ཕྱོགས་ནས་དོན་གྲུབ་རྒྱལ་ལ་དཔེ་ལྟ་བཞིན་ཡོད་པ་མ་ཟད། ཆང་དང་ཐ་མག་གི་ཐད་ནས་ཀྱང་ཁོང་ལ་ལད་མོ་བྱེད་མཁན་རེ་ཟུང་ཡོང་གི་མེད་དམ་བསམ་གྱི་འདུག
ལྗང་བུ། ཆང་རག་དང་ཐ་མག་མང་པོ་འཐེན་པ་དེ་སྐབས་དེའི་དམར་ཤོག་གི་རིག་གནས་ཀྱི་ཆ་ཤས་ཤིག་རེད། སྣོད་ནང་གི་ཀུ་ཤུ་རུལ་བ་གཅིག་གིས་གཞན་ཚང་མ་རུལ་དུ་འཇུག་པ་རེད། རྒྱ་མ་ཡོང་སྔོན་ལ་འུ་ཅག་བོད་པའི་ས་ཆར་ཆང་དང་ཐ་མག་འཐེན་པའི་སྲོལ་ཤུགས་ཆེན་པོ་དེ་འདྲ་ཡོད་ས་མ་རེད། རྗེས་སུ་ལས་ཁུངས་ཀྱི་མི་མང་པོས་སྣ་ཁྲིད་ནས་ཆང་རག་དང་ཐ་མག་བག་མེད་སྤྱོད་པའི་སྲོལ་དར་བ་རེད་ཟེར་ནས་ངའི་ཕ་མ་ཚོས་གསུང་གི་འདུག དོན་གྲུབ་རྒྱལ་གྱིས་ཆང་མང་པོ་འཐུང་གི་ཡོད་པ་དེ་བདེན་པ་རེད། ཡིན་ནའང་ཁོ་རང་གིས་སྐྱེས་དམན་ལ་ཞེ་དྲགས་རྡུང་གི་རེད་ཟེར་བའི་སྐད་ཆ་ཞིག་འདུག དེ་ངས་ཧ་གོ་མ་སོང་། ང་རང་གི་མཐོང་ཚུལ་བྱས་ན། དོན་གྲུབ་རྒྱལ་བུད་མེད་སྟེང་ལ་དེ་འདྲའི་རྩུབ་པོ་ཞིག་མིན་ཐལ། མཚམས་རེར་ཆང་འཐུང་ས་དེ་འདྲར་རོགས་པ་ཚོས་བུད་མེད་ཚོར་བརྙས་བཅོས་བྱས་ན་ཁོ་རང་ཁོང་ཁྲོ་ལངས་གི་རེད།
ངས་ཤེས་ཚོད་བྱས་ན། དོན་གྲུབ་རྒྱལ་ལ་སྐྱེས་དམན་བཞི་ཡོད་པ་རེད། དང་པོ་དེ་རེབ་གོང་གི་དོར་རྡོ་ཟེར་བའི་དེང་སྐབས་རྒྱ་ནག་གིས་ཧོར་རིགས་ཟེར་བ་དེ་གའི་བུ་མོ་ཞིག་རེད་ཟེར་བ་གོ་མྱོང་། དེ་ལ་ཧ་ལམ་ཕྲུ་གུ་གཅིག་ཡོད་པའི་སྐད་ཆ་འདུག གཉིས་པ་རིན་ཆེན་སྐྱིད་རེད། མོ་ལའང་ཕྲུ་གུ་བུ་གཅིག་ཡོད་པ་མཐོང་མྱོང་། གསུམ་པ་དེ་པེ་ཅིན་དུ་ལས་ཀ་བྱེད་བཞིན་པའི་རྒྱ་མོ་ཞིག་རེད། ཕ་ཡུལ་ཧོ་པེ་ཞིང་ཆེན་གྱི་གྲོང་གསེབ་ཅིག་ཡིན་ཚུལ་གོ་སོང་། དེའི་སྐོར་ཤེས་མཁན་ཉུང་ཉུང་རེད། ཐེངས་ཤིག་དོན་གྲུབ་རྒྱལ་རྒྱ་མོ་དེའི་ནང་ལ་སྐད་བཏང་ནས་བོད་པ་ཤ་ལ་དགའ་བ་རེད་ཟེར་ནས་ཕག་ཅིག་བཤས་འདུག་ཟེར་ནས་རྗེས་སུ་ཀུ་རེ་རྩེད་བཞིན་འདུག བཞི་པ་དེ་མཚོ་སྔོན་གྱི་མིང་ལ་ཡུམ་སྐྱིད་ཟེར་བའི་སོག་མོ་ཞིག་རེད། དོན་གྲུབ་རྒྱལ་གྲོངས་མཁར་ཁོ་གཉིས་ཁྲིམས་མཐུན་གྱི་ཁྱོ་ཤུག་རེད། དེ་ལ་བུ་མོ་གཅིག་ཡོད་པ་ད་ལྟ་ཨ་རིར་ཡོད་རབས་ཤིག་གོ་སོང་།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱིས་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་སློབ་མ་འདོན་སྐབས། ཨ་ལགས་དུང་དཀར་ཚང་དང་ཝཱང་ཡའོ་གཉིས་ཁོང་གི་ཁྲིད་སྟོན་དགེ་རྒན་ཡིན་ས་རེད། ཡིན་ནའང་དོན་གྲུབ་རྒྱལ་ ༡༩༨༣ ལོར་མི་རིགས་སློབ་གྲྭ་ཆེན་མོ་ནས་ཆབ་ཆར་ལས་གནས་སྤོར་དོན། དོན་གྲུབ་རྒྱལ་གྱིས་ཝཱང་ཡའོ་ལ། “ཁྱོད་ཀྱིས་ཤེས་པ་ངས་ཤེས་ཀྱི་ཡོད། ངས་ཤེས་པ་ཁྱོད་ཀྱིས་ཤེས་ཀྱི་མི་འདུག” ལབ་སྟེ་ཝཱང་ཡའོ་ཁོང་ཁྲོ་ལངས་ནས་དོན་གྲུབ་རྒྱལ་ཕྱིར་འཕུད་བཏང་བའི་བཤད་སྲོལ་ཞིག་འདུག
ལྗང་བུ། ངས་བསམ་བློ་བཏང་ན་སྐད་ཆ་དེ་བདེན་པ་མ་རེད། གལ་སྲིད། ཝཱང་ཡའོ་ཡིས་འཕུད་པ་ཡིན་ཡང་། དོན་གྲུབ་རྒྱལ་པེ་ཅིན་དུ་འདུག་འདོད་ཡོད་ན་སྡོད་རྒྱུ་ལས་སླ་བོ་རེད། དེ་དུས་བོད་རིག་པའི་ཞིབ་འཇུག་ལྟེ་བ་འཛུགས་བཞིན་ཡོད་པ་རེད། སྤྱི་ཚོགས་ཚན་རིག་ཁང་སོགས་ཡོད་པ་རེད། དོན་གྲུབ་རྒྱལ་པེ་ཅིན་ལ་དགོས་མཁོ་ཆེན་པོ་རེད། ཡིན་ནའང་དོན་གྲུབ་རྒྱལ་བོད་ཡུལ་དུ་ཡོང་བ་དེར་དམིགས་ཡུལ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག ཟི་ཁྲོན་གྱི་ཐུབ་བསྟན་ཉི་མའི་བོད་ཡིག་སློབ་གྲྭའི་རྨང་གཞིའི་ཐོག་བོད་ཡིག་སློབ་གྲྭ་ཆེན་མོ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་ཟེར་ནས་ཨ་ལགས་གུང་ཐང་ཚང་གིས་ང་ལ་གསུངས་མྱོང་། དེ་པཎ་ཆེན་རིན་པོ་ཆེ་དང་ཨ་ལགས་གུང་ཐང་ཚང་། ཨ་ལགས་གཟན་དཀར་ཚང་དང་མཁྱེན་རབ་འོད་གསལ་སོགས་མཉམ་རུབ་ཀྱི་འཆར་གཞི་ཞིག་ཡིན་ས་རེད། དེ་བཞིན། དོན་གྲུབ་རྒྱལ་དང་ཁོང་གི་ན་མཉམ་གྲོགས་པོ་ཁ་ཤས་བར་དུའང་ཆབ་ཆ་ནས་བོད་ཡིག་སློབ་ཆེན་ཞིག་འཛུགས་པའི་འཆར་གཞི་ཡོད་པ་རེད་ཟེར་བའི་བཤད་ཚུལ་ཞིག་འདུག ཡོངས་གྲགས་ཐོག་ཆབ་ཆ་དགེ་ཐོན་སློབ་གྲའི་ངོས་ནས་ཁོ་རང་ཆེད་དུ་གདན་འདྲེན་ཞུས་ཟེར་བ་དེ་རེད། ཆབ་ཆ་ནས་ཐོག་མ་མཐུན་རྐྱེན་མང་པོ་ཞིག་ཁས་ལེན་བྱས་ཡོད་པ་བདེན་པ་རེད། ཁོང་གིས་ཆབ་ཆ་ནས་དགེ་རྒན་ཚོར་དཔེ་ཁྲིད་གནང་སྐབས་ཤིག་ལ། ཨ་ཁུ་དམ་ཆོས་ཀྱང་དཔེ་ཁྲིད་ལ་ཡོང་ན་ཡག་པོ་འདུག་གཱ ཅེས་ལབ་པ་རེད་ཟེར་བའི་བཤད་སྲོལ་ཞིག་འདུག ཨ་ཁུ་དམ་ཆོས་ཟེར་བ་དེ་དོན་གྲུབ་རྒྱལ་གྱི་ཨ་ཞང་རེད། ཆུང་དུས་བོད་ཡིག་སློབ་མཁན་དགེ་རྒན་ཡང་ཡིན་ས་རེད། རྗེས་སུ་དོན་གྲུབ་རྒྱལ་ལྟ་ལོག་རེད་ཟེར་ནས་ཁོ་གཉིས་བར་འཆམ་པོ་ཡོད་ས་མ་རེད།
དོན་གྲུབ་རྒྱལ་གྲོངས་ཁ་ཏག་ཏག་ལ་ཁོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ཡོང་འདོད་མེད་འགྲོ་སྙམ་པ་ཞིག་ངས་ཚོར་སོང་། གང་ཡིན་ཟེར་ན། དོན་གྲུབ་རྒྱལ་མ་གྲོངས་བའི་བདུན་ཕྲག་གཅིག་གི་སྔོན་ལ་ལན་ཀྲུག་ལ་ཡོང་སྟེ་ཞིབ་འཇུག་སློབ་མ་བསང་བདག་དང་བན་ཁོ་གཉིས་ཀྱི་ས་ནས་བདུན་ཕྲག་གཅིག་གཉིས་ཤིག་ལ་བསྡད་པ་རེད། ང་ཚོ་ཉི་མ་རྟག་པར་ཧ་ལམ་མཉམ་དུ་བསྡད་པ་ཡིན། སྐབས་དེར་ཆབ་ཆ་ནས་སློབ་གྲྭའི་འཆར་གཞི་ཞིག་གི་ཐོག་ནས་སློབ་གཙོ་དང་ཁོང་གཉིས་བར་དུ་འགལ་བ་ཞིག་བྱུང་སྟེ། ཟླ་དྲུག་གི་རྗེས་སུ་ཆབ་ཆ་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་པའི་ཡི་གེ་ཞིག་ཀྱང་སྤྲད་ཡོད་ས་རེད། རྒྱ་ནག་གི་ཤན་དབྱིང་(咸阳)ཟེར་བའི་གྲོང་ཁྱེར་དུ་ཡོད་པའི་བོད་ལྗོངས་མི་རིགས་སློབ་གླིང་ཟེར་པ་དེ་ནས་ཀྱང་ཁོང་ལ་ལས་ཀ་རེག་ཡོད་པ་མ་ཟད། ཁོ་རང་གི་སྐྱེས་དམན་ལའང་ལས་ཀ་རེག་སྟེ་སྡོད་ཤག་གི་ལྡེ་མིག་ཀྱང་སྤྲད་ཡོད་པ་ང་ཚོར་བསྟན་སོང་། ཡིན་ནའང་ཁོང་དེ་ལ་འགྲོ་འདོད་མེད་པའི་ཚོར་བ་ཞིག་སྤྲད་སོང་།
དེའི་སྔོན་ལ་ཤན་དབྱིང་བོད་ལྗོངས་སློབ་གྲྭ་ཆེན་མོ་ཟེར་བ་དེས་ཁོ་སྐད་བཏང་སྟེ་ཚོད་ལྟའི་སློབ་ཁྲིད་བྱེད་བཅུག་ཡོད་ས་རེད། <<དྲི་བཞིན་གྱི་བུ་མོ།>>ཡིན་ནམ། <<སྤྲིན་དཀར་གྱི་འདབ་མ།>> ཡིན། སྙན་ངག་དེ་གཉིས་གང་རུང་ཞིག་སྐབས་དེར་ཡིག་ཚད་ཀྱི་དོད་དུ་སློབ་གྲྭའི་གཞུང་ལས་ཁང་དུ་འབྲི་རུ་བཅུག་སོང་ཟེར། ཟླ་བ་བློ་གྲོས་ཀྱིས་བཤད་ན། སྐབས་དེར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེ་མོས་ལས་བྱེད་གཉིས་བཏང་སྟེ་དོན་གྲུབ་རྒྱལ་དགེ་རྒན་དུ་གདན་འདྲེན་ཞུ་རུ་ཡོང་བཞིན་པའི་མེ་འཁོར་ནང་ནས་དོན་གྲུབ་རྒྱལ་སྐུ་གཤེགས་པའི་གནས་ཚུལ་དེ་གོ་བ་རེད་ཟེར།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྲོངས་རྐྱེན་སྐོར་ལ་བཤད་སྟངས་སྣ་ཚོགས་འདུག ཡོངས་གྲགས་སུ་རྡོ་སོལ་གྱི་དུག་ཕོག་པ་རེད་ཟེར་གྱི་ཡོད་ཀྱང་། ཁ་ཤས་ཀྱིས་སྤྱི་ཚོགས་ཀྱི་གནོན་ཤུགས་ཟེར་ན་འདྲ། སྤྱི་ཚོགས་དང་ལྟ་བ་མ་མཐུན་པའི་དབང་གིས་རང་ཤི་བརྒྱབ་པ་རེད་ཟེར་བ་དང་། ཁ་ཤས་ཀྱིས་བརྩེ་དུང་དང་ཁྱིམ་ཚང་གི་རྙོག་གྲ་རེད་ཟེར་བ། ཡང་ཁ་ཤས་ཀྱིས་མི་ངན་རེ་ཟུང་གིས་ལྐོག་ཇུས་བྱས་པ་རེད་ཟེར་བ། འགའ་རེས་སྲིད་གཞུང་ལའང་དོགས་པ་ཟ་བཞིན་ཡོད་པ་རེད།
ལྗང་བུ། སྐབས་དེར་དོན་གྲུབ་རྒྱལ་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ཡོད་པ་དང་། སེམས་ནང་སྡུག་བསྔལ་ཆེན་པོ་ཡོད་པ་ཁོ་རང་གི་གྲོགས་པོ་མང་པོ་ཞིག་གི་སེམས་ནང་གསལ་བོ་ཡོད་པ་རེད། ཡིན་ནའང་མཐའ་མའི་སྐུ་གྲོངས་རྐྱེན་གཙོ་བོ་དེ་བཟའ་ཚང་དང་བརྩེ་དུང་ལ་འབྲེལ་བ་ཡོད་སྲིད་པ་རེད། སྐབས་དེར་ཁོ་གཉིས་འགྲིག་མ་འགྲིག་ཅིག་བྱས་ཏེ་ཡུམ་སྐྱིད་ནང་དུ་བསྡད་ཡོད་ས་མ་རེད། ཡུམ་སྐྱིད་ཅུང་མཁྲེགས་པོ་ཡོད་པ་རེད། དོན་གྲུབ་རྒྱལ་གྱིས་སྐྱེས་དམན་ལ་སྐྲག་སློང་འདོད་དེ་སྟབས་མ་ལེགས་པར་གྲོངས་པ་ཨ་ཡིན། དོན་གྲུབ་རྒྱལ་དེ་ལ་ཕྱོགས་གཅིག་ནས་མི་སུ་ཞིག་གིས་གཅེས་དགོས་པའི་ཕྲུ་གུའི་གཤིས་ཀ་ཞིག་ཡོད་ས་རེད། དེང་སྐབས་གྲོང་ཁྱེར་ན་ཕན་ཚུན་ལ་གཅེས་པོ་བྱེད་སྟངས་ཤིག་ཡོད་པ་དེ་འདྲ་ལ་དགའ་བོ་ཡོད། རིན་ཆེན་སྐྱིད་ཀྱིས་ཁོ་ལ་ཧ་ཅང་གཅེས་པོ་བྱེད་ཀྱི་ཡོད་ས་རེད། ཁོ་གཉིས་ཁ་ཁ་ཆགས་སྐབས་དོན་གྲུབ་རྒྱལ་ཉི་མ་ཁ་ཤས་ལ་བོར་བརླག་ཕྱིན་ཏེ་རོགས་པ་འགའ་འཚོལ་དུ་སྐབས། ཁོ་རང་གིས་དང་པོ་ཨ་རག་འཐུང་ནས་ཤི་གྲབས་ཤིག་བྱས་ཡོད་ས་རེད། དེ་ནས་སྨན་ཁང་ཞིག་ཏུ་ཁོའི་གྲོགས་པོ་ཞིག་སྨན་བཅོས་བྱས་ནས་བསྡད་ཡོད་པ་དེར་ནད་གཡོག་བྱེད་ཁུལ་བྱས་ནས་བསྡད་འདུག་ཟེར། ཁོ་རང་གྲོངས་རྗེས་ནང་དུ་བརྟག་དཔྱད་གཏོང་སྐབས། མདུན་ཅོག་སྟེང་དུ་རིན་ཆེན་སྐྱིད་ཀྱི་པར་ཞིག་བཞག་འདུག་ཟེར། ཉིན་འགའི་སྔོན་ལ་ཁོ་རང་གིས་ངོ་ལྟ་ (ཨ་མདོའི་ཁ་སྐད། གཟུགས་བརྙན་འཆར་བའི་ཤེལ་རིགས་ལ་ཟེར།) ནང་ལ་ཁུ་ཚུར་བཞུས་ཏེ་ལག་པར་རྨ་བཟོས་ཏེ་རྨ་དཀྲི་ཞིག་ཀྱང་བརྒྱབ་འདུག་ཟེར། དེ་ཧ་ལམ་ཁོ་རང་གིས་ཤེལ་སྒོའི་ནང་གི་ཁོ་རང་གི་གཟུགས་བརྙན་ལ་བཞུས་པ་ཡིན་ས་རེད།
དེ་བར་སྐབས་ཤིག་ལ་ཡུམ་སྐྱིད་དང་ལྷ་མོ་ཚེ་བརྟན་གཉིས་ལ་ལྐོག་འབྲེལ་འདུག་ཟེར་བའི་གླེང་ཕྱོགས་ཤིག་ཀྱང་ཡོད་པ་རེད། ལྷ་མོ་ཚེ་བརྟན་སྐབས་དེར་ཆབ་ཆའི་སློབ་གྲྭ་དེའི་དམར་ཤོག་དྲུང་ཆེ་རེད། ཁོས་དོན་གྲུབ་རྒྱལ་ཕྱིར་འཕུད་གཏོང་རྒྱུ་ཡིན་ལབ་སྟེ་ཡུམ་སྐྱིད་ཞུ་བ་རྒྱག་ཏུ་སོང་ནས་ཁོ་གཉིས་བར་འབྲེལ་བ་བྱུང་བ་རེད་ཟེར་བའི་སྐད་ཆ་ཞིག་འདུག ལྷ་མོ་ཚེ་བརྟན་ཟེར་བ་དེ་མི་ཡག་པོ་ཞིག་ཡིན་མིན་ལ་ལབ་གླེང་མང་པོ་འདུག ངས་སྔོན་ཆད་པེ་ཅིན་ནས་ངོ་ཤེས་ཀྱི་ཡོད། དོན་གྲུབ་རྒྱལ་གྱི་དཔེ་ཁྲིད་ལའང་མཚམས་རེར་ཉན་དུ་ཡོང་གི་རེད། དོན་གྲུབ་རྒྱལ་གྲོངས་པའི་ཉིན་དེ་ ༢༩ དང་ཡང་ན་ ༣༠ རེད། ཚེས་ ༢༧ ཉིན་ཡུམ་སྐྱིད་དང་ལྷ་མོ་ཚེ་བརྟན་གཉིས་ལ་ཁ་ཆེམས་ཤིག་ཀྱང་བྲིས་ཡོད་པའི་སྐད་ཆ་འདུག
ངས་ཐེངས་ཤིག་ལོན་ཌོན་ནས་སྐད་ཆ་གོ་པ་ལྟར་ན། ཨ་ཁུ་དམ་ཆོས་ཀྱིས་དོན་གྲུབ་རྒྱལ་གྱི་ཀླད་པའི་ནང་འཛེར་མ་བཏབས་ཏེ་བསད་པ་རེད། དོན་གྲུབ་རྒྱལ་གྱི་ཕུང་བོ་མེར་བསྲེགས་གཏོང་སྐབས་མགོའི་ནང་འཛེར་མ་འདུག་ཟེར། སྐད་ཆ་དེ་བཤད་མཁན་ཨ་ཁུ་དམ་ཆོས་དང་འབྲེལ་བ་ཡག་པོ་ཡོད། དོན་གྲུབ་རྒྱལ་ལ་འབྲེལ་བ་དམིགས་བསལ་ཟེར་མཁན་ཞིག་རེད། གང་ལྟར། ཨ་ཁུ་དམ་ཆོས་ཀྱིས་དོན་གྲུབ་རྒྱལ་གྱི་ཕུང་བོར་བརྟག་དཔྱད་གཏོང་བཅུག་ཡོད་པ་མ་རེད། དོན་གྲུབ་རྒྱལ་སྐུ་གཤེགས་པ་གོ་མ་ཐག་ང་ཚོའི་སློབ་མ་སྐོར་ཞིག་གིས་དངུལ་བསྡུས་ཏེ། བསང་བདག་དང་བཀྲ་བྷོ། བན་ཁོ། ཚེ་རིང་དོན་གྲུབ། རྡོར་བྷ་སོགས་ཁག་ཅིག་ཆབ་ཆར་མྱ་ངན་ཚོགས་འདུར་བཅར་བ་དང་། ང་དང་བན་དེ་མཁར་སོགས་ཁག་ཅིག་གིས་ནུབ་བྱང་མི་རིགས་སློབ་ཆེན་ནང་མྱ་ངན་གྱི་བྱེད་སྒོ་སྤེལ་བ་ཡིན། ཆབ་ཆར་འགྲོ་མཁན་ཚོའི་ལག་ཏུ་སྙན་ཞུ་དོན་ཚན་ཁ་ཤས་ཅན་ཞིག་ཡོད། དེའི་ནང་སྐུ་ཕུང་ལ་བརྟག་དཔྱད་གཏོང་དགོས་པ་དང་མྱ་ངན་ཚོགས་འདུ་བསྐོང་དགོས་པ་སོགས་འཁོད་ཡོད་པ་རེད། ཡིན་ནའང་ཆབ་ཆ་ནས་ཨ་ཁུ་དམ་ཆོས་སོགས་ཕུང་བདག་ཚོས་བེམ་པོ་རྩབ་ཧྲལ་བཏང་ན་འགྲིག་གི་མ་རེད་ཟེར་ནས་བརྟག་དཔྱད་གཏོང་ཐུབ་མི་འདུག ཡང་ཕུང་བོ་མེར་བསྲེགས་གཏོང་སྐབས་གཟུགས་པོའི་སྟེང་དུག་ཕོག་པའི་སྨུག་ཐིག་འདུག་ཟེར་ནས་ཁ་ཤས་ཀྱིས་བཤད་སོང་། ངས་གང་གོ་བ་དང་གང་དྲན་པ་དག་བཤད་པ་འདི་མི་སྒེར་ཞིག་ལ་བརྣག་པ་མིན། སྤྱི་ཚོགས་ནང་གི་བཤད་ཡམ་འདི་དག་ལ་གསལ་ཁ་འདོན་མཁན་བྱུང་ན། ལོ་རྒྱུས་ཀྱི་དོན་དངོས་གང་ཡིན་པ་དེ་ཕྱི་ལ་འཐོན་ཡོང་རྒྱུར་ཕན་ཐོགས་ཀི་རེད་སྙམ་པ་ཡིན།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་གྱི་སྙན་ངག་དང་སྒྲུང་རྩོམ་ཕྱོགས་བསྒྲིགས་<<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>ཟེར་བ་དེ་ ༡༩༨༡ ལོར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པ་རེད། དེ་དུས་ཁོང་དགུང་ལོ་ ༢༨ རེད། ༡༩༨༥ ཟླ་ ༡༡ ཚེས་ ༢༩ ཉིན་ཁོང་གིས་ཤུལ་དུ་དེབ་རྒན་དྲུག་བཞག་སྟེ་སྐུ་གཤེགས་པ་རེད། དེབ་དེ་དག་གི་ནང་དོན་ཡང་སྤྱིར་བཏང་ཞིག་མ་རེད། སྐབས་དེར་ཁོང་ལོ་ ༣༢ ཙམ་རེད། ལོ་ཆུང་ཆུང་སྐབས་ནས་རྣམ་དཔྱོད་བློ་གྲོས་དེ་ཙམ་འབར་བ་རེད། ཁོང་ད་ལྟ་བཞུགས་ཡོད་ན་དགུང་ལོ་ ༦༣ ཙམ་རེད། ཇི་འདྲའི་ཕངས་བ་ལ་ཨང་།
ལྗང་བུ། དེ་ཡིན་རྒྱུ་རེད། དོན་གྲུབ་རྒྱལ་གྱི་སྐུ་ཕྲེང་སྔོན་མ་སྣ་ཚོགས་རང་གྲོལ་ནས་བརྒྱུད་པའི་ཨ་ལགས་དགུ་རོང་ཟེར་བ་དེ་རེད། སྐྱེས་པ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་དང་མཚུངས།། ཟེར་བ་དེ་རེད། ཀུ་རེ་ཡིན། དངོས་གནས་དྲང་གནས་དོན་གྲུབ་རྒྱལ་གྱི་རྣམ་དཔྱོད་དེ་ཡ་མཚན་རེད། དོན་གྲུབ་རྒྱལ་གྱིས་རྒྱ་ཡིག་གི་ཐོག་ནས་སྐབས་དེར་ཆེད་རྩོམ་འབྲི་བཞིན་ཡོད་པ་རེད། དབྱིན་ཡིག་ཀྱང་གང་ལ་གང་འཚམ་ཤེས་ཀྱི་འདུག སྔོན་མ་པེ་ཅིན་དུ་སྡོད་སྐབས་དོན་གྲུབ་རྒྱལ་དང་། ཕལ་ཆེར་རྒྱ་མོ་ལའོ་བྷན་ཧྥིན་(罗斌芬)ཡིན་བསམ་སོང་། ཁོ་རང་གཉིས་ཀྱིས་བོད་རིག་པའི་སྐོར་གྱི་དབྱིན་ཡིག་གི་དེབ་ཅིག་བོད་ཡིག་ལ་སྒྱུར་བཞིན་འདུག རྗེས་སུ་ཐེངས་ཤིག་དོན་གྲུབ་རྒྱལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་ནང་ཡོང་སྐབས། <<སྙན་ངག་གིས་སླར་ཡང་ཁོ་བོ་བཙལ།>>ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་རྡོར་བྷས་ཁོ་ལ་དབྱིན་ཡིག་ཅིག་འབྲི་རོགས་ལབ་སྟེ། ཁོས་དབྱིན་ཡིག་གི་ལེགས་བཤད་ཅིག་བྲིས་སོང་། ཁོའི་ཡིག་གཟུགས་ལ་བལྟས་ན་སྦྱངས་མྱོང་བའི་རྟགས་འདུག དོན་གྲུབ་རྒྱལ་གྱིས་ཁོ་རང་ཨ་རིར་སློབ་སྦྱོང་དུ་འགྲོ་འདོད་ཡོད་ཀྱང་སྲིད་གཞུང་གིས་འགྲོ་རུ་བཅུག་མ་སོང་ལབ་སོང་། དེ་བདེན་པ་ཡིན་རྒྱུ་རེད། སྐབས་དེར་གུང་ཁྲན་ཏང་ཡཱོན་མིན་ན་ཕྱི་སྐྱོད་སློབ་སྦྱོང་གི་གོ་སྐབས་ཡོད་པ་མ་རེད། དེ་དུས་ཁོ་ལ་རོགས་པ་བྱེད་མཁན་ང་ཕོད་འཇིགས་མེད་དང་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་བུ་ཆེ་བ་ཕུན་ཁམས་(平康)གཉིས་རེད་ཟེར་བ་ཞིག་གོ་སོང་། ཁོང་ཚོར་བཀའ་འདྲི་ཞུས་ན་གསལ་ཡོང་གི་རེད། དོན་གྲུབ་རྒྱལ་ཨ་རིར་སློབ་སྦྱོང་ལ་འགྲོ་བའི་ལམ་གླ་ཡང་བཏང་སྟེ་བསླེབས་པའི་སྐད་ཆ་ཞིག་འདུག
དོན་འགྲུབ་བཀྲ་ཤིས། ཁྱོད་ཀྱིས་གོང་དུ་དོན་གྲུབ་རྒྱལ་སྣ་ཚོགས་རང་གྲོལ་གྱི་སྐུ་སྐྱེས་རེད་ཟེར་བ་ཞིག་ལབ་སོང་། དེ་ག་རེ་ལབ་ཀྱི་ཡོད་པ་རེད།
ལྗང་བུ། དོན་གྲུབ་རྒྱལ་ཨ་ལགས་དགུ་རོང་གི་སྤྲུལ་སྐུ་ཡིན་ཟེར་གྱི་ཡོད་པ་རེད། དགུ་རོང་སྣ་ཚོགས་རང་གྲོལ་ནས་བརྒྱུད་ཡོང་བའི་སྲས་དགུ་རོང་རྒྱལ་སྲས་རེད། དགུ་རོང་རྒྱལ་སྲས་དེ་འཇུ་མི་ཕམ་གྱི་སྤྲུལ་བ་ཡིན་ཟེར་གྱི་ཡོད་པ་རེད། དགུ་རོང་རང་གྲོལ་དེ་འཇུ་མི་ཕམ་གྱི་སློབ་མ་རེད། དགུ་རོང་སྣ་ཚོགས་རང་གྲོལ་གྱི་ཡང་སྲིད་ངོས་འཛིན་གྱི་དབང་ཆ་དེ་དགུ་རོང་རྒྱལ་སྲས་ལ་ཡོད་ས་རེད། སྐབས་དེར་དགུ་རོང་རྒྱལ་སྲས་མཚོ་སྔོན་ཞིང་ཆེན་ཆབ་སྲིད་གྲོས་ཚོགས་ཀྱི་འགན་འཛིན་གཞོན་པ་རེད། དེ་ནས་རྙིང་མའི་ཕྱོགས་ཀྱི་གནད་ཡོད་མི་སྣ་རེད། ཁོས་དོན་འགྲུབ་རྒྱལ་ཨ་ལགས་དགུ་རོང་གི་ཡང་སྲིད་ལ་ངོས་འཛིན་གནང་རྒྱུར་མི་སྐོར་ཞིག་མངགས་པའི་སྐད་ཆ་འདུག དོན་གྲུབ་རྒྱལ་ཁོང་གིས་ཀྱང་ང་ཚོའི་ཕ་ཡུལ་ནས་ཞིང་པ་ཁ་ཤས་དང་ལས་བྱེད་པ་ཞིག་པེ་ཅིན་ལ་ཆེད་མངགས་ཡོང་ནས་ང་སྤྲུལ་སྐུ་ཞིག་རེད་ལབ་སོང་ཟེར་བ་ངས་གསལ་པོ་དྲན་གྱིན་འདུག སྐབས་དེར་དོན་གྲུབ་རྒྱལ་གྱིས་ཧ་ལམ་ངོས་ལེན་གནང་མེད་པ་འདྲ། ཡིན་ནའང་ཁོ་རང་གི་སྨྱུག་མིང་ལ་རང་གྲོལ་ཟེར་སྲོལ་སྟངས་ལ་བལྟས་ན། ཁོ་རང་གི་སེམས་ནང་ངོས་ལེན་གནང་བ་མིན་འགྲོ་བསམ་གྱི་འདུག
ཨ་ལགས་དགུ་རོང་ཟེར་བ་དེ་ནུས་པ་ཅན། གསར་གཏོད་ལ་དགའ་མཁན་ཞིག་ཡིན་ས་རེད། མན་ཇུ་ཐོར་རྗེས་ཀྱི་རྒྱ་ནག་གོང་མ་ཡན་ཧྲི་ཁེ་ཟེར་བ་དེས་དགུ་རོང་ཁོང་ལ་ “མདོ་སྨད་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ།” ཟེར་བའི་མཚན་གནས་ཤིག་སྤྲད་འདུག ཁོང་གིས་སློབ་གྲྭ་དང་ཁེད་ཐག་བཟོ་གྲྭ་སོགས་བཙུགས་འདུག ༡༩༡༩ ཡས་མས་ནས་ཁོས་དཔར་ཆས་བེད་སྤྱོད་གནང་འདུག གཏེར་སྟོན་བསོད་རྒྱལ་ལས་རབ་གླིང་པར་ད་ལྟ་དཔར་གཅིག་རང་མཇལ་རྒྱུ་ཡོད་པ་དེ་ཁོ་རང་གིས་བརྒྱབ་པ་ཡིན་ས་རེད། དེ་བཞིན་སྐབས་དེར་དིལ་མགོ་མཁྱེན་རྩེ་རིན་པོ་ཆེའང་མདོ་སྨད་ལ་གདན་དྲངས་འདུག སྐབས་དེར་མདོ་སྨད་ཕྱོགས་སུ་སྔ་འགྱུར་རྙིང་མའི་བསྟན་པ་ཡང་དར་གྱི་རྣམ་པ་ཞིག་བྱུང་འདུག
ཡང་དོན་གྲུབ་རྒྱལ་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཟེར་བའི་བཤད་སྲོལ་ཞིག་ཀྱང་ཡོད་པ་རེད། དུས་ཚོད་དང་དོན་གྲུབ་རྒྱལ་གྱི་བྱེད་སྟངས་རེ་ཟུང་ལ་བལྟས་ན་འདྲ་བོ་ཞིག་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི་བྱ་ལེན་མའི་རྟོགས་བརྗོད་ཀྱི་མཇུག་དེ་དོན་གྲུབ་རྒྱལ་གྱིས་བསྒྱུར་རྒྱུ་ཡིན་ལབ་པ་རེད་ཟེར་བ་ཞིག་ཡོད་པ་རེད། དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོའི་ནང་དུ་དཔལ་འབྱོར་སྐོར་མི་འདུག་ཟེར་ནས་དོན་གྲུབ་རྒྱལ་གྱིས་འབྲི་རྒྱུ་ཡིན་ལབ་པ་རེད། ར་མ་ཎའི་རྟོགས་བརྗོད་དེའང་སྔོན་ཆད་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་ཡོད་ཀྱང་མ་ཡིག་བརླག་ཚར་བ་རེད་ཟེར་བའི་བཤད་སྟངས་སོགས་ཡོད་པ་རེད།
དོན་འགྲུབ་བཀྲ་ཤིས། དོན་གྲུབ་རྒྱལ་ལ་ང་རྒྱལ་ཆེན་པོ་ཡོད་པ་རེད་ཟེར་སྲོལ་འདུག དོན་གྲུབ་རྒྱལ་ཁོ་རང་གིས་འདི་འདྲ་ཞིག་གསུངས་འདུག “མི་ལ་ང་རྒྱལ་དགོས། མི་སྒེར་པའི་ང་རྒྱལ་བསགས་ནས་མི་རིགས་དང་རྒྱལ་ཁབ་ཀྱི་ང་རྒྱལ་གྲུབ་ཀྱིན་ཡོད།” ཅེས་གསུངས་འདུག དེ་བཞིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ “ཐ་སྙད་པ་ཡི་ང་རྒྱལ་དོན་གྱི་ང་རྒྱལ” ཡིན་གསུངས་པ་རེད།
ལྗང་བུ། ཉིན་ཞིག་དོན་གྲུབ་རྒྱལ་གྱིས་སྙན་ངག་པ་ཡི་དམ་ཚེ་རིང་ལ། མི་རྒན་པ་ཞིག་ཡིན་ན་ང་ལ་ཉམས་མྱོང་ཡོད་སྙམ་པའི་སྤོབས་པ་ཞིག་ཡོད་པ་རེད། དེ་ལ་ང་རྒྱལ་ཟེར་གི་མ་རེད། ན་གཞོན་ཞིག་ཡིན་ན་ང་ལ་ལང་ཚོ་རྒྱས་ཡོད་སྙམ་པའི་སྤོབས་པ་ཞིག་ཡོད་པ་རེད། དེ་ལ་ང་རྒྱལ་ཟེར་གི་མ་རེད། མཁས་པ་ཞིག་ཡིན་ན་ང་ལ་ཤེས་ཡོན་ཡོད་སྙམ་པའི་སྤོབས་པ་ཞིག་ཡོད་པ་རེད། དེ་ལ་ང་རྒྱལ་ཟེར་གི་མ་རེད་ཅེས་ལབ་པ་རེད་ཟེར། ༡༩༨༦ ལོར་ནུབ་བྱང་མི་རིགས་སློབ་ཆེན་ནང་དོན་གྲུབ་རྒྱལ་སྐུ་བཤགས་ཏེ་ལོ་གཅིག་འཁོར་བའི་མྱ་ངན་ཚོགས་འདུ་རྒྱ་ཆེན་པོ་ཞིག་ཚོགས་ཏེ། བན་དེ་མཁར་ངེད་གཉིས་ཡི་དམ་ཚེ་རིང་གདན་འདྲེན་ཞུ་རུ་སོང་སྐབས། སྔར་ནུབ་ཏག་ཏག་ལ་སྲིད་གཞུང་གིས་མྱ་ངན་ཚོགས་འདུ་དེར་འགྲོ་མི་ཆོག་པའི་བཀའ་བཏང་སོང་ཟེར། སྐབས་དེར་དོན་གྲུབ་རྒྱལ་ཀན་སུའུ་ཞིང་ཆེན་འོག་ནས་མིན་པ་སོགས་ཆ་རྐྱེན་གསུམ་བགྲང་སྟེ། ནུབ་བྱང་མི་རིགས་སློབ་ཆེན་ནང་མྱ་ངན་ཚོགས་འདུ་དེ་བསྡུས་མི་ཆོག་པའི་བཀའ་བཏང་ཡོད་ཀྱང་། ང་ཚོས་མྱ་ངན་ཚོགས་འདུ་དེ་བསྡུས་ཏེ་སི་ཁྲོན་དང་མཚོ་སྔོན། ལྷ་ས་སོགས་ནས་དར་ནག་པོའི་སྟེང་ལ་མྱ་ངན་ཞུ་ཚིག་བྲིས་ཏེ་མང་པོ་འབྱོར་སོང་།
དེའི་རྗེས་ཤིག་ལ་ཡི་དམ་ཚེ་རིང་ང་ཚོའི་སློབ་གྲྭའི་ནང་བསླེབས་སོང་། སྐབས་དེར་ཁོ་མྱ་ངན་ཚོགས་འདུ་དེར་ཞུགས་མ་ཐུབ་པར་བློ་ཕམ་ཞེ་དྲགས་བྱེད་ཀྱི་འདུག ཁོས་ང་ཚོ་སྡོད་ས་དང་ཁྱོད་ཚོའི་སློབ་གྲྭའི་བར་སྤྱི་ལེ་ ༥ ལས་མེད་ཀྱང་ང་ས་འདི་བར་ལོ་ ༥ ལ་ཡོང་བ་ཡིན་ལབ་སོང་། གང་ཡིན་ཟེར་ན་ལོ་ལྔའི་སྔོན་ཞིག་ལ་ཁོ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚོགས་འདུ་ཞིག་ལ་གཞུང་གིས་བཀག་ཡོད་ས་རེད། ཁོས་གཏམ་བཤད་སྐབས་བོད་ཀྱི་ཁོར་ཡུག་དང་། ལྷག་པར་དུ་བོད་པའི་གངས་རི་དང་ཆུ་བོ་དག་ངོ་སྤྲོད་གནང་སོང་། ཡི་དམ་ཚེ་རིང་གི་སྙན་ངག་ནང་རྒྱ་ཡིག་གི་ཆུ་(水)མང་པོ་ཡོད་པ་རེད། བོད་དེ་ཆུ་བོ་ཆེན་པོ་དག་གི་མགོ་ཁུངས་ཡིན་ཟེར་ནས་ཁོང་གིས་ཆུ་ལ་བརྩེ་དུང་ཆེན་པོ་གནང་གི་རེད། གཏམ་བཤད་དང་སྙན་ངག་གྱེར་འདོན་སོགས་གནང་སྐབས། བོད་པའི་གངས་རི་དང་གངས་སེང་འཐོན་ཡོང་སྐབས་སྐད་ཤུགས་ཇེ་ཆེར་སོང་སྟེ་མཚམས་རེར་མིག་ཆུ་འདོན་གི་རེད། རྒྱ་མི་ཚོས་ཁོའི་ཚང་མིང་ལ་གངས་སེང་(雪山狮子)ཟེར་གི་རེད། གཤིས་ཀ་ཅུང་གྱོང་པོ་རེད། ཐེངས་ཤིག་པེ་ཅིན་དུ་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་འདུ་ཚོགས་སྐབས་ཁོ་ཅུང་རྗེས་ལུས་ཐེབས་ཡོད་ས་རེད། ཁོ་བསླེབས་མ་ཐག་རྒྱ་མི་ཚོས་གངས་སེང་གི་རྐུབ་སྟེགས་འདི་རེད་ལབ་པར། ཁོས་འདི་གངས་སེང་གི་རྐུབ་སྟེགས་ཡིན་ན་སྟོང་པར་འཇོག་དགོས་པ་རེད། ང་ཁྱི་ཡིན་ཟེར་ནས་སར་བསྡད་པ་རེད་ཟེར་བའི་བཤད་རྒྱུ་འདུག ཐེངས་ཤིག་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་ཀན་ལྷོ་གཙོད་ལ་འགྲོ་སྐབས། ལམ་བར་དུ་བོད་པ་ཞིག་གིས་རླངས་འཁོར་བཀག་སྐབས། ཁ་ལོའི་བའི་ལས་རོགས་ཀྱིས་ཨཱ་ལོ་ (ཨཱ་ལོ། ཞེས་པ་ཀ་ཅི་སོགས་ཀྱི་རྒྱ་དང་ཁ་ཆེ་ཚོས་བོད་པར་མིང་འབོད་སྟངས་ཤིག བོད་པ་ཚོས་ཕན་ཚུན་ལ་ཨ་རོགས། ཞེས་འབོད་པའི་ནང་དོན་ཇི་བཞིན་མ་རྟོགས་པར་སྒྲ་ཟུར་ཆག་པར་སྙམ།) ཞིག་གིས་རླངས་འཁོར་འགོག་གི་འདུག་ལབ་སྐབས་ཁ་ལོ་བས། ཨཱ་ལོ་ཡིན་ན་གཡུག་ཤོག་ལབ་པ་ཁོས་གོ་སྟེ། རླངས་འཁོར་ད་སྡོད། ཅེས་སྐད་ཤུགས་ཆེན་པོ་བརྒྱབ་ཡོད་ས་རེད། མི་དེ་རླངས་འཁོར་ནང་སྡོད་བཅུག་རྗེས་ཁོ་རང་ཁ་ལོ་བའི་གམ་དུ་སོང་སྟེ། ང་ཚོ་ཨཱ་ལོ་མ་རེད། བོད་པ་རེད། འདི་བོད་པའི་ས་ཆ་རེད་ཅེས་ལབ་པ་རེད་ཟེར། ཡང་ཐེངས་ཤིག་ཁོ་རང་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་རྩག་པ་གྱོན་པའི་རྨ་ཆུའི་འབྲོག་པ་ཞིག་གིས་རྐུབ་སྟེགས་མདུན་གྱི་ཨང་གྲངས་ཉོས་ཡོད་ཀྱང་། ཁ་ལོ་བས་དབང་ཡོད་བྱས་ཏེ་ཁྱོད་རང་གི་རྩག་པ་ཆེན་པོ་འདུག་ལབ་ནས་རྒྱབ་ལོགས་སུ་བཞག་ཡོད་ས་རེད། ཡུ་དམ་ཚེ་རིང་གིས་རླངས་འཁོར་རྨ་ཆུ་རྫོང་ཐོག་ཏུ་འབྱོར་སྐབས་རླངས་འཁོར་འབབ་ཚིགས་སུ་འགྲོ་རུ་མ་བཅུག་པར། བཙན་གྱིས་རྫོང་སྲིད་གཞུང་ནང་ཁྲིད་པ་རེད་ཟེར་བའི་བཤད་སྲོལ་འདུག
(མཚམས་འདི་ནས་དོན་གྲུབ་རྒྱལ་གྱི་སྐོར་གླེང་མཚམས་བཞག་སྟེ། ལོ་རབས་བརྒྱད་ཅུའི་བོད་པའི་སྙན་ངག་གི་འཕེལ་རིམ་དང་ལྗང་བུ་ཁོ་རང་ཉིད་ཀྱི་སྙན་ངག་གི་སྐོར་ནས་གླེང་མོལ་མུ་མཐུད་ཞུས་ཡོད་པས་མུ་འགོད་བྱ་རྒྱུ་ཡིན།)
སྤྱིར་ན་བོད་ཀྱི་དུས་བབ་ནི་ཚགས་པར་ཚད་ལྡན་ཞིག་ཏུ་ངོས་འཛིན་བྱས་ཡོད་མོད། བསམ་ཡིད་ལས་འདས་པ་ཞིག་ལ་དེང་སྐབས་ཚགས་པར་ཁང་འདི་འཆལ་གཏམ་སྤེལ་ས་ཞིག་ཏུ་གྱུར་འདུག གང་ཡིན་ཟེར་ན་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཅིག་ལག་དམར་བ་ཞིག་རེད་ཞེས་པའི་ཁུང་ལུང་གང་ཡང་མེད་པར་འདོན་སྤེལ་བྱས་བ་འདི་ནི་སྤྱི་ཚོགས་ལ་འགན་མ་འཁུར་བའི་མི་ངན་ཁ་ཤས་ཀྱིས་བྱེད་སྟངས་ཞིག་ཅིའི་ཕྱིར་མིན། དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཨ་ཁུ་དམ་ཆོས་མཆོག་གི་སློབ་བུ་རྣམས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ན་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་སྐྱོང་བཞིན་ཡོད་པ་ལགས་ན།
བློ་བཟང་བསམ་འགྲུབ་ལགས། ཨ་ཁུ་དམ་ཆོས་ཚང་གིས་མཁས་དབང་དོན་གྲུབ་རྒྱལ་མཆོག་ལ་ལྐོག་ཇུས་འཐེན་པ་རེད་ཟེར་མཁན་དེ་ལྗང་བུ་གཅིག་པོ་མ་རེད། སྔོན་ཆད་རྩོམ་པ་པོ་ཚེ་འབར་དང་དབང་རྒྱལ་སོགས་ཀྱིས་ཀྱང་གླེང་ཡོད་པ་རེད། སྲན་མ་སོ་ཡིས་མ་ཆོད་པར་ཡུས་ལ་དམུར་དོན་ཡོད་པ་མ་རེད་
གང་ལྟར་ངས་གོང་ནས་ཞུས་པ་ལྟར་དྲི་བ་དྲི་ལན་གཉིས་བློ་ལ་བབས་པ་འདུག་བསམ་པ་བྱུང་མ་ཟད་སྐུ་ཞབས་ལྗང་བུ་དང་དོན་འགྲུབ་རྒྱལ་གཉིས་འབྲེལ་བ་ཆེ་བ་མ་ཟད་ཁོང་གི་གནས་སྟངས་སྐུ་ཞབས་ལྗང་བུས་མཁྱེན་གྱི་ཡོད་པར་ཡིད་ཆེས་ཡོད་ཡིན་ན་ཡང་ད་བར་དགུ་རོང་སྤུན་གྲོལ་གྱིས་དྲ་ཐོག་ནས་གནས་སྟངས་དེ་འདྲ་མ་ཡིན་པར་གླེང་གི་འདུག་པས་ན་དོན་དམ་དགུ་རོང་སྤུན་གྲོལ་དང་དོན་འགྲུབ་གཉིས་ཀྱི་འབྲེལ་བ་ལྟས་ནས་བདེན་པ་ཡིན་པར་སྒྲུབ་འོས་པ་མཐོང་། དེ་སྐོར་དེང་སང་སྐད་འཕྲིན་རྒྱུད་ནས་དགུ་རོང་སྤུན་གྲོལ་དང་གླེང་མོར་བྱེད་ཐུབ་འདུག་པས་ན་དུས་བབས་རྩོམ་སྒྲིག་པས་དངོས་ནས་ཁོང་གཉིས་ཀྱི་སྐད་ཆ་གང་ཞིག་ཆ་འཇོག་བྱེད་རིན་འདུག་གླེང་མོར་གནང་ཐུབ་ན་དགེ་མཚན་འདུག་ཞུ་བརྗོད་འདོད་བྱུང་།
བརྩོན་རྒྱམ་ལགས། ཁྱེད་ཀྱི་གསུངས་ལ་རྒྱུ་མཚན་འདུག སྟབས་འགྲིག་ན་ངས་ཁོང་ལ་གླེང་མོལ་ཞིག་ཨེ་ཡོང་ལྟ་དགོས། ཁྱོད་ཁོང་ལ་འབྲེལ་བ་ཡོད་ན་ཁོའི་སྐད་འཕྲིན་ཁ་བྱང་ཞིག་ངའི་གློག་འཕྲིན་ dunduptashi@yahoo.co.in འདིའི་ནང་གཏོང་རོགས།
བོད་ཀྱི་དུས་བབ་འདི་གྲངས་ཚད་ནས་སྤུས་ཚད་ཀྱི་ཕྱོགས་སུ་གོམ་ཁ་སྒྱུར་དང་སྒྱུར་བཞིན་པ་ཞིག་ཚོར་སོང་། ངའི་ཚོར་བ་དེ་དངོས་གནས་ཤིག་ཡིན་པར་ཤོག ངོ་སོ་ཡར་ལ་བསྟོད།
མ་གཞི་དྲི་བ་དྲིས་ལན་ཧ་ལས་པ་ཡག་པོ་གནང་འདུག་ཀྱང་། བསམ་ཚུལ་ཏོག་ཙམ་ཞུ་རྒྱུ་ཡོད་པ་དེ་དཔལ་དོན་གྲུབ་རྒྱལ་མཆོག་གི་རྩོམ་རིག་གི་ལྟ་གྲུབ་སྐོར་ནས་གླེང་མེད་པ་དེ་སྟོང་ཆ་ཆེན་པོ་ཞིག་ཏུ་ཚོར་སོང་།
རྣམ་པ་གཉིས་ཀྱི་གླེང་མོལ་འདི་དེ་རིང་བར་མགོ་ནས་མཇུག་བར་ཐེངས་གསུམ་ལ་ཀློག་པ་ཡིན། ངོ་མ་ཅན་གྱི་གསུང་གླེང་རིན་ཐང་ལྡན་པ་རེད། སྤྱིར་བཏང་གི་ཆ་ནས་བཅར་འདྲི་དང་གཏམ་གླེང་རིགས་ཡིན་ན་གསར་འགྱུར་དང་། ཡང་ན་རྩོམ་ཡིག་ལྟ་བའི་འགན་འཁུར་གྱི་རང་བཞིན་མེད་ན་ཡང་། རྣམ་པ་གཉིས་ཀྱིས་ཧ་ཅང་བབ་ལྷོད་བག་ཐེབས་ཀྱི་སྒོ་ནས་གསུང་མོལ་གནང་སྟེ། གསར་འགོད་པས་ནན་ཏན་དང་ཞིབ་ཚགས་ཀྱིས་ཡིག་འབེབས་གནང་བ་འདིར་མ་འོངས་པར་ཞིབ་འཇུག་གི་གཞི་རྩ་དང་བསམ་གཞིག་གི་རིན་ཐང་ཆེན་པོ་ལྡན་པ་ཞིག་ཆགས་འདུག
ཕྲན་གྱིས་ད་སྔ་བོད་ཕྱི་ནང་གཉིས་སུ་དཔལ་དོན་གྲུབ་རྒྱལ་མཆོག་གི་སྐོར་ལ་རྩོམ་ཡིག་བྲིས་པ་དང་ཞིབ་འཇུག་གནང་བ། གཏམ་བཤད་བྱས་པ། ཁོ་རང་གི་རྩོམ་ཡིག་ལ་དབྱེ་ཞིབ་བྱས་པ་སོགས་གྲངས་ལས་འདས་པ་ཞིག་ཀློག་མྱོང་བ་མ་ཟད། རང་གྲོལ་གྱི་སྐོར་ལ་ཆེད་དུ་ཞིབ་འཇུག་དང་རྩོམ་རིག་ཕྱོགས་བསྒྲིགས་བྱས་པའི་༼རང་གྲོལ་ཞིབ་འཇུག༽ཟེར་བ་ལྟ་བོ་དང་༼རང་གྲོལ་རྗེས་དྲན།༽ཟེར་བ་སོགས་མང་ཐག་ཆོད་ཅིག་ལྟ་ཀློག་བྱས་མྱོང་ཡོད་ཀྱང་། དེ་རིང་མཁས་དབང་ལྗང་བུ་ལགས་དང་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་རྣམ་པ་གཉིས་ཀྱི་བབ་ཆགས་ཀྱི་གསུང་གླེང་འདི་ལྟ་བུ་ཞིག་སེམས་ལ་བབ་མ་སོང་། ང་རང་ལ་དུས་ཚོད་བྱུང་ན་སོ་སོའི་བསམ་ཚུལ་ཁ་ཤས་ཤིག་ཞུ་རྒྱུ་ཡིན།
རང་རེའི་ལོ་རྒྱུས་ལ་ཕན་པའི་དོགས་འདྲི་དང་དྲིས་ལན་བཅས་ཧ་ཅང་ཡག་པོ་གནང་བ་དང་ཡོངས་ལ་མཁྱེན་རྟོག་ཆེད་གསལ་བསྒྲགས་གནང་བར་འབྲེལ་ཡོད་ཡོངས་ལ་ལེགས་བརྗོད་ཡོད།།
ང་རང་དོན་གྲུབ་བཀྲ་ཤིས་མཆོག་གི་བཅར་འདྲི་ལ་རེ་སྒུག་བྱས་ན་བསྡོད་མཁན་ཞིག་ཡིན། ང་རང་སློབ་གྲྭར་ཡོད། ཁོང་གི་དེ་སྔ་བཅར་འདྲིའི་ཞིབ་ཚགས་གཏིང་ཟབ་མོ་མང་པོ་ཞིག་སྤེལ་བ་དག་གིས་ཕྲན་ཆུང་ལ་བློ་སྐྱེད་ཆེན་པོ་སྤྲད་སོང་།
ཀློག་རིན་ཡོད་པར་མ་ཟད་བསམ་ཞིག་གསར་བ་རེ་ཡང་གཏོང་དགོས་བྱུང་སོང་ངོ་མ་རྩོམ་སྒྲིག་པ་དང་རྣམ་པ་གཉིས་ལ་ལག་ཟུང་ཐར་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ།
སྙན་ངག་པ་ལྗང་བུ་ལགས་དང་བོད་ཀྱི་དུས་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་རྣམ་གཉིས་ཀྱི་གླེང་མོལ་དེ་ཧ་ཅང་ལེགས་བྱུང་། ཉེ་བའི་ལོ་འདིའི་ནང་བོད་ཡིག་དྲ་ལམ་ཁག་ནས་ཀློག་སྤྲོ་བ་དང་བཀླགས་རྗེས་སེམས་ངོར་འབབ་རྒྱུ་ཡོད་པ་ཞིག་རྙེད་སོན་བྱུང་བ་དེ་བཅར་འདྲི་འདི་ཉིད་ཆགས་སོང་། སྙིང་ནས་ཐུགས་རྗེ་ཆེ་ཞུ།
ཉེ་ལམ་བོད་ཕྱི་ནང་གཉིས་ནས་དཔལ་དོན་འགྲུབ་རྒྱལ་མཆོག་ལ་ནང་དོན་དང་རྣམ་པ་འདྲ་མིན་ཐོག་རྗེས་དྲན་ཞུས་སོང་ཡང་། བར་སྣང་སྟོང་པར་ལྷ་ཁང་བཞེངས་པ་ལྟར་རྣ་ལ་གོ་རྒྱུ་དང་སེམས་ལ་འབབ་རྒྱུ་གང་ཡང་མི་འདུག་ཀྱང་། ད་རེས་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་ཧ་ཅང་དོན་སྙིང་ལྡན་ལ་ཇི་སྲིད་བར་ལོ་རྒྱུས་ཡིག་ངོར་གནས་ཐུབ་པ། མི་སེམས་མགུ་ཞིང་ཡིད་འགུལ་ཐེབས་པའི་བཅར་འདྲི་ཁ་གསལ་གཏིང་གསལ་ཞིག་གནང་འདུག་པར་བསྔགས་བརྗོད་གྲངས་མེད་ཞུ་རྒྱུ་ཡིན།
ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོའི་སེམས་ནང་ལ་དཔལ་དུ་འབར་ཞིང་འོད་དུ་འཚེར་བའི་་སྙན་གྲགས་ཀྱི་བ་དན་གཡོ་བཞིན་པའི་རྩོམ་པ་པོ་དང་གློག་བརྙན་བཟོ་སྐྲུན་པ་མིང་གྲགས་ཅན་སྐུ་ཞབས་ལྗང་བུ་ལགས་ཀྱིས་ཁ་ཁོག་པས་མ་གསང་བློ་སྒྱུ་མས་མ་སྐུག་པར་ལོ་རབས་བརྒྱད་ཅུའི་ནང་དུ་བོད་ཁམས་ལ་ཤེས་རབ་ཀྱི་དཔལ་འབར་བའི་་སྐུ་ཞབས་དོན་གྲུབ་རྒྱལ་མཆོག་གི་འདས་དོན་དག་རེ་རེ་བཞིན་གསལ་གསལ་ཐང་ཐང་གིས་ཕྱི་རབས་པའི་སེམས་ངོར་བཞག་པར་ཐུགས་རྗེས་ཆེ་གྲངས་མེད་ཞུ་རྒྱུ་ཡིན།
བློ་བཟང་དཔལ་ལྡན་ནས་ 2016/2/16
ལྷན་རྒྱས་ཟུང་ལ་བཀའ་དྲིན་ཞུ།
རྩོམ་སྒྲིག་པར་བཀའ་དྲིན་ཆེ་ཞུ། མཐོང་ལོ་ཐོས་ལོ་མང་པོ་ཞིག་ལ་དེ་རིང་དོན་དངོས་ཀྱི་བདེན་པའི་ལོ་འདབ་སྦྱར་བྱུང་། དཔེར་ན། “འདིའི་སྟེང་ལ་ཆང་རིན་ཡག་པོ་ཞིག་ཕྲིས་ཨ། ཞེས་ཀུ་རེ་འདྲ་ཞིག་ལབ་ཡིན།”ཟེར་བ་ལྟ་བུ་དང་། ཡང་”ང་རང་གི་མཐོང་ཚུལ་བྱས་ན། དོན་གྲུབ་རྒྱལ་བུད་མེད་སྟེང་ལ་དེ་འདྲའི་རྩུབ་པོ་ཞིག་མིན་ཐལ། མཚམས་རེར་ཆང་འཐུང་ས་དེ་འདྲར་རོགས་པ་ཚོས་བུད་མེད་ཚོར་བརྙས་བཅོས་བྱས་ན་ཁོ་རང་ཁོང་ཁྲོ་ལངས་གི་རེད།” “‘བདག་ལ་བདུད་བརྩི་འདྲེན་པའི་གྲོགས་པོ་འགར་ཕུལ’ ཟེར་བ་ཞིག་ཡོད་པ་དེ་ངས་མར་བཏོན་པ་ཡིན།” སོགས་དོན་དངོས་ཀྱི་སྐབས་དེའི་ཁོང་དང་ཁ་ཐག་ཧ་ཅང་ཉེ་བའི་འཚོ་བ་ཞིག་དངོས་སུ་བཀླགས་རྒྱུ་བྱུང་བ་དང་ད་དུང་མུ་འགོད་བྱ་རྒྱུར་དགའ་བསུ་ཞུ་བཞིན་ཡོད།
ཀློག་རིན་ཡོད་པ་ཞིག་སྤེལ་འདུག་ཐུགས་རྗེ་ཆེ།
མཐོང་ཚད་ཐོས་ཚད་ཆབ་སྲིད་རྐྱང་རྐྱང་ཆགས་ཏེ་ང་མགོ་ཡུ་འཁོར་ནས་ལོག་གྲབས་བྱེད་ཀྱིན་པའི་སྐབས་ལ། རིག་གཞུང་དང་དམ་པའི་སྐྱེས་བུ་ཞིག་གི་རླབས་ཆེན་གྱི་ཞབས་རྗེས་ལྷོད་ཤིག་ཤིག་གིས་གླེང་ཡོང་བ་དེས་ངའི་ལུས་ངག་ཡིད་གསུམ་བསིལ་སངས་སངས་ཆགས་སོང་། གཏམ་གླེང་གནང་མཁན་གཉིས་ཀར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།