མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་གིས་པེ་ཅིན་ལ་ལན་འདེསབས། ༼༡༽

བོད་ཀྱི་དུས་བབ།
༢༠༠༨/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གཞུང་གི་སྐྱོན་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ལན་འདེབས།

ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༥ ཉིན་སྤེལ།

འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ནས་འགོ་བཙུགས་ཀྱིས་བོད་ནང་ཞི་བའི་གྱེན་ལངས་ལས་འགུལ་བྱུང་བ་ནས་བཟུང་རྒྱནག་གཞུང་གིས་ཁོང་ཚོའི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱི་ནུས་ཤུགས་ཡོངས་རྫོགས་བེད་སྤྱོད་དང་འབྲེལ་འདི་ཕྱོགས་བཙན་བྱོལ་བོད་གཞུང་མང་ཡོངས་ལ་ ༼ཏཱ་ལའི་རུ་ཚོགས་༽ ཞེས་སྐྱོན་འཛུགས་རྣམ་གྲངས་མང་པོ་ཞིག་བྱས་དང་བྱེད་མུས་སུ་ཡོད་པའི་ནང༌། ཉེ་དུས་བོད་ནང་ཟིང་འཁྲུག་བྱུང་བ་དེ་ཏཱ་ལའི་བླ་མས་བྱུས་འགོད་བྱས་པ་རེད་ཟེར་བ་དང༌། ཁོང་གིས་བོད་ནང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག་ཟེར་བ་སོགས་ཚུད་ཡོད།

བཙན་བྱོལ་བོད་གཞུང་ནས་གོང་གསལ་རྒྱ་ནག་གཞུང་གི་སྐྱོན་བརྗོད་བྱེད་གཞི་ཁག་ལ་ལན་འདེབས་རིམ་པ་བཞིནདུ་གནང་འཆར་ཡོད་པའི་ཁོངས་ནས་འདི་གཤམ་ལེ་ཚན་དང་པོ་དེ་འགོད་པར་བྱ་བ་ལ།

ལེ་ཚན་དང་པོ། རྒྱ་ནག་གི་ཁག་དཀྲི་སྙོན་འཛུགས་ཀྱི་རྒྱན་རྩེད།

རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་པ་བྱུང་བ་དེ་དག་ ༼ཏཱ་ལའི་རུ་ཚོགས་ཀྱིས་བྱུས་འགོད་བྱས་པ་རེད་༽ ཅེས་དང༌། དེ་བཞིན་ངོ་རྒོལ་འདི་དག་ ༼དྲག་པོའི་རྣམ་པ་ཅན་ཛ༽ ཡིན་པ་གང་ཞིག་ ༼འཇིགས་སྐུལ་རིང་ལུགས་པ་ཚོས་༽ གོ་སྒྲིག་བྱས་ཤིང༌། ༼བོད་འདི་ཉིད་མེས་རྒྱལ་ནས་ཁ་བྲལ་གཏོང་རྒྱུར་དམིགས་པ་ཞིག་རེད་ཛ༽ ཅེས་སོགས་ཀྱི་སྐྱོན་འཛུགས་མང་པོ་བྱས་ཡོད། ལྷག་པར་དུ་སྲིད་བློན་ཝུན་ཅཱ་པའོས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་གསལ། ཁོང་ཚོའི་གཞུང་ལ་ ༼ཉེ་དུས་ལྷ་སར་བྱུང་བའི་ཟིང་འཁྲུག་དེ་ཏཱ་ལའི་རུ་ཚོགས་ཀྱིས་ཐོག་མ་ཉིད་ནས་མ་རུང་ཁོགབཅུག་གིས་གོ་སྒྲིག་དང༌། བྱུས་འགོད། ངན་སྐུལ་བཅས་བྱས་པའི་དངོས་དོན་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་དཔང་རྟགས་མང་པོ་སྟོན་རྒྱུ་ཡོད་༽ ཅེས་བརྗོད་འདུག

རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་གང་ཞིག་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅེ་ན། ངོ་རྒོལ་འདི་དག་གིས་ ༼ཏཱ་ལའི་བླ་མས་འཚེ་མེད་ཞི་བའི་ལྟ་གྲུབ་གོང་འཕེལ་གཏོང་གི་ཡོད་བརྗོད་པ་དེ་དག་ཁ་པོ་སྒྲོག་པ་ཙམ་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱི་ཡོད།༽ ད་ཆ་རྡ་རམ་ས་ལ་ནི་ ༼རྫུན་གྱི་བསྟི་གནས་༽ སུ་གྱུར་ཡོད་པར་མ་ཟད། ༼ལྷ་སར་ཟིང་འཁྲུག་བྱུང་བ་ནས་བཟུང་ཡུལ་གྱར་སྲིད་གཞུང་གིས་གཞི་རྩ་བྲལ་བའི་འཁྱོག་བཤད་མང་པོ་བྱས་འདུག་༽ ཅེས་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ད་དུང་ཏཱ་ལའི་བླ་མས་རང་རེའི་རྒྱ་རིགས་ཕོ་མོ་ཚོར་འབོད་སྐུལ་བྱས་པ་དེ་ནི་ ༼བོད་ནང་དེབས་ཞི་འཇགས་མེད་པའི་གནས་སྟངས་སྐྲུན་ཐབས་ཤིག་རེད་༽ ཅེས་བརྗོད་ཀྱི་ཡོད་པ་མ་ཟད། འདི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༩ ཉིན་རྒྱའི་དབང་འཛིན་པ་ཚོས་བརྗོད་གསལ་ལྟར་ན། ༼ཏཱ་ལའི་རུ་ཚོགས་ཀྱི་བསྒྲགས་གཏམ་ཁག་གིས་བོད་ནང་མི་རིགས་ཕན་ཚུན་དབར་དགྲར་འཛིན་གྱི་བསམ་བློ་བསྐྲུན་རྒྱུ་དང༌། བོད་ཀྱི་གནད་དོན་ཟེར་བ་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་ཐབས་ཤེས་ཀྱང་བྱས་ཡོད་༽ ཅེས་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་འདུག

རྡོ་དོན་རྒྱ་ནག་གཞུང་ནས་འདི་ཕྱོགས་ཁ་དམག་རྒྱག་རྒྱུ་གཏིང་ཇེ་ཟབ་ཏུ་བཏང་ཡོད་པ་ནི་ཁོང་ཚོས་ ༼རྫུན་དངབདེན་པ་༽ ཞེས་པའི་དཔེ་དེབ་ཅིག་དཔར་འགྲེམས་བྱས་ཟིན་ཡོད་པ་ནས་ཤེས་ཐུབ་ཅིང༌། དེའི་ནང་རྫུན་ཡོངས་རྫོག་བོད་མིའི་ཕྱོགས་སུ་ཡོད་པ་དང༌། བདེན་པ་ཡོངས་རྫོགས་རྒྱ་མིའི་ཕྱོགས་སུ་ཡོད་པ་བཤད་འདུག

གོང་གསལ་དཔེ་དེབ་ནི་འདི་ཟླ་ ༤ ཚེས་ ༤ ཉིན་པེ་ཅིང་དུ་རྒྱ་ནག་དཔེ་སྐྲུན་ཚོགས་པ་ཞེས་པའི་ཁྱབ་ཁོངས་ཚན་པ་སན་ལེན་ཞེས་པ་ནས་འགོ་འབྱེད་ཡོངས་བསྒྲགས་བྱས་པར་མ་ཟད། དེབ་འདི་ནི་དཔེ་དེབ་དཔར་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ནང་ནས་མགྱོགས་ཤོས་དེ་ཡིན་ཞེས་འབྲེལ་ཡོད་དཔེ་སྐྲུན་པ་ཚོའི་ངོས་ནས་ངོ་སོ་མཐོན་པོས་འགྲེལ་བརྗོད་ཀྱང་བྱས་ཡོད་འདུག རྒྱ་ནག་གཞུང་ནས་དཔེ་དེབ་འདིར་ཕྱི་ཟླ་ ༣ ཚེས་ ༢༧ ཉིན་བཀའ་འཁྲོལ་གནང་བ་ལྟར་འདི་ཟླ་ ༤ ཚེས་༣ ཉིན་དཔར་སྐྲུན་བྱས་འདུག་ཅིང༌། དཔེ་སྐྲུན་གྱི་འགོ་བྱེད་གྲས་ཀྲང་ཝེ་རྨིན་གྱིས་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་སི་སི་ཀྲི་སྦི་ཞེས་པར་གནས་ཚུལ་ངོ་སྤྲོད་བྱས་དོན། ༼ང་ཚོས་རང་ཕྱོགས་ཀྱི་ལངས་ཕྱོགས་གསལ་སྟོན་ཆེད་ལན་འདེབསཤིག་བཟོ་སྒྲིག་བྱ་དགོས་བྱུང་ལ། ང་ཚོས་བདེན་པ་མི་ཤེས་མཁན་ཚོར་བདེན་པའི་གནས་ལུགས་མིག་སྟོན་བྱ་རྒྱུ་དང༌། དེབཞིན་ནུབ་ཕྱོགས་པའི་གསར་ལམ་ཁག་གི་ནང་ལོག་ལམ་དུ་འཁྲིད་རྒྱུའི་གནས་ཚུལ་རིམ་ཐོན་ཁག་ལ་དགག་རྒྱག་བྱ་རྒྱུའི་ཆེད་དུ་ལས་དོན་བྱས་པ་ཡིན་༽ ཞེས་བརྗོད་འདུག

དཔེ་དེབ་འདིའི་ནང་དེ་སྔ་བཏོན་ཟིན་པའི་རྩོམ་ཡིག་ཁག་གཅིག་སླར་ཡང་ཕྱོགས་བསྡེབས་བྱས་པའི་ཐོག ད་ལྟ་བོད་ནང་ཞི་འཇགས་མེད་པའི་གནས་ཚུལ་འབྱུང་བཞིན་པ་དེའི་རྒྱབ་ཏུ་ ༼ཏཱ་ལའི་རུ་ཚོགས་༽ ཡོད་ཅེས་བརྗོད་པའི་རྒྱ་ནག་གི་གཞུང་འབྲེལ་སྐྱོན་འཛུགས་བྱེད་གཞི་ཁག་ཚང་མ་བཟླས་སྐྱོར་བྱས་འདུག ༼རྫུན་དང་བདེན་པ་༽ ཞེས་པའི་དེབ་འདི་ནི་ནུབ་ཕྱོགས་པའི་གསར་ལམ་ཁག་ནས་མིག་སྔའི་བོད་ནང་གི་དཀའ་རྙོག་དང་འབྲེལ་ཆགས་གནས་ཚུལ་འགོད་སྤེལ་བྱེདཕྱོགས་ཐད་༼འཁྱོག་བཤད་༽ རིམ་པ་བྱས་འདུག་ཅེས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་པ་དེ་དག་ལ་ངོས་ལེན་མེད་པའི་རྣམ་འགྱུར་འདོན་ཐབས་ཤིག་ཡིན་ཞིང༌། དེའི་ནང་རྒྱ་ནག་གི་དབང་སྒྱུར་འོག་བོད་དུ་ ༼དཔལ་འབྱོར་དང༌། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཐད་གྲུབ་འབྲས་ཆེན་པོ་ཐོན་ཡོད་༽ པའི་སྐོར་རྒྱས་གླེང་བྱས་པའི་སྡེ་ཚན་ཆེན་པོ་ཞིག་ཟུར་
དུ་འདུག

མཐར་གཏུགས་ནས་བཤད་ན། ༼རྫུན་དང་བདེན་པ༽ ཞེས་པའི་དེབ་འདི་ནི་རྒྱ་རིགས་མི་མང་ལ་དམིགས་པ་ཞིག་ཡིན། གང་ཡིན་ཞེ་ན། ནུབ་ཕྱོགས་པའི་གསར་ལམ་གྱི་ཁྱབ་ཚད་དང༌། དེའི་ནང་རྒྱ་ནག་གི་དཀའ་རྙོག་ཡིན་པའི་བོད་ཀྱི་གནས་ཚུལ་འགོད་སྤེལ་བྱེད་ཚད་གཞི་རྒྱ་ཆེ་བར་བརྟེན་ནས་རྒྱ་རིགས་མི་མང་ཚོས་རང་གི་སྲིད་གཞུང་དང༌། དེས་བོདདོན་དང་འབྲེལ་བའི་ལས་དོན་སྒྲུབ་ཕྱོགས་ཐད་ཡིད་ཆེས་བློ་གཏད་ཇི་ཙམ་བྱེད་ཀྱི་ཡོད་པ་དེར་གཡོ་འགུལ་ཆེན་པོ་ཞིགཐེབས་ཡོད་ཅིང༌། དེ་ལྟ་བུའི་གནས་སྟངས་འོག་རྒྱ་ནག་གཞུང་ནས་རང་གི་བྱ་སྤྱོད་དང༌། སྲིད་བྱུས་སྐོར་མངའ་ཁོངས་མི་མང་ལ་འགྲེལ་བཤད་རྒྱག་རྒྱུའི་ཐབས་ཤེས་ཤིག་མི་བྱ་ཀ་མེད་ལ་ཐུག་ཡོད་པས་ཡིན།

བོད་ནང་ཞི་འཇགས་མེད་པའི་གནས་སྟངས་ཀྱི་རྒྱབ་ཏུ་སུ་ཡོད་དམ།

ཉེ་དུས་བོད་ནང་ཞི་འཇགས་མེད་པའི་གནས་ཚུལ་བྱུང་བ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཟོས་པ་རེད་ཅེས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་བཞིན་པ་འདི་དག་གནས་ཚུལ་གསར་པ་གང་ཡང་མིན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་བཟུང་རྒྱའི་དབང་འཛིན་པ་ཚོས་རང་གི་ནོར་འཁྲུལ་གྱི་སྲིད་བྱུས་ཁག་ལས་བྱུང་བའི་ཚབས་ཆེའི་མཇུག་འབྲས་ཀྱི་ངན་ཁག་རྣམས་མི་གཞན་གྱི་མགོ་ལ་དཀྲི་རྒྱུའི་ཡོངས་གྲགས་ཀྱི་ལམ་སྲོལ་ཞིག་གཏོད་ཡོད་པ་རེད། མང་གཙོའི་སྤྱི་ཚོགས་ཤིག་ཡིན་ན། ནོར་འཁྲུལ་གྱི་སྲིད་བྱུས་རྣམས་འོས་བསྡུའི་ཐབས་ལམ་ལ་བརྟེན་ནས་བཅོས་སྒྲིག་ཡོ་བསྲང་བྱེད་ཆོག་ནའང༌། རྒྱ་ནག་ནང་དམར་ཤོག་ཚོགས་པར་ཆབ་སྲིད་ཀྱི་དབང་ཆ་ཁེར་རྐྱང་དུ་སྤྱོད་དབང་ཡོད་པའི་ཆ་ནས་དེ་ལྟར་བྱེད་ཐབས་མེད་པའི་གནས་སྟངས་འོག རྒྱ་ནག་གི་འགོ་ཁྲིད་ཚོས་གནད་དོན་གང་ཞིག་གིཐོག་མིང་ཙམ་གྱི་ཁྲིམས་མཐུན་གནས་བབ་བསྐྲུན་ཆེད་ཁག་དཀྲི་བྱེད་ས་ཞིག་རྒྱུན་ཏུ་འཚོལ་རྙེད་ཐུབ་ཀྱི་ཡོད་ལ། གལ་སྲིད་དེ་ལྟར་བྱེད་མ་ཐུབ་པ་ཡིན་ན། རང་གི་སྲིད་བྱུས་འགལ་འཛོལ་རྣམས་ངོས་ལེན་བྱེད་པའི་ངོ་བོར་འགྱུར་གྱི་ཡོད་པ་རེད།

ལོརཌ་ཨེཀཤན་གྱིས་སྐབས་ཤིག་ཏུ་ ༼ནོར་འཛོལ་ཅན་ལ་ བསུབ་ཏུ་མེད་པའི་ ཉེས་ཆད་གཅོད་རྒྱུའི་དབང་ཆ་དེ་བྱུང་རབས་ལོ་རྒྱུས་ལ་ཡོད་༽ སྐོར་གླེང་བཤད་བྱས་ཡོད། དེས་ན་རྒྱ་ནག་དམར་ཤོག་ཚོགས་པས་འདས་པར་སྟངས་འཛིན་ཐུབ་རྒྱུ་དེ་འབྱུང་འགྱུར་ལ་སྟངས་འཛིན་ཐུབ་པའི་གནད་འགག་ཡིན་པ་དང༌། རང་གི་བྱས་ཉེས་ཇི་ཙམ་འགེབས་སྲུང་ཐུབ་པ་དེ་རང་ཉིད་འཚོ་བའི་གཞི་རྟེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་ཇེསྤར་བཱེཀར་གྱིས་བརྗོད་པ་དེར་ཡ་མཚནདགོས་དོན་ཅི་ཡང་མེད།

རྒྱ་ནག་ནང་ཕྱི་ལོ་ ༡༩༥༨ ནས་ ༡༩༦༡ བར་མུ་གེ་ཚབས་ཆེ་ཤོས་ཤིག་བྱུང་བ་དེར་མཚོན་ན། དུས་ཡུན་དེའི་རིང་རྒྱ་རིགས་མི་མང་ས་ཡ་ ༣༠ ཙམ་བཀྲེས་ལྟོགས་ཀྱིས་འདས་གྲོངས་གྱུར་ཡོད་ནའང༌། སྐབས་དེར་འཛམ་གླིང་ཡོངས་ཀྱི་ནང་མིས་ཆེད་དུ་བཟོས་པའི་ཆག་སྒོ་དེའི་སྐོར་ཚིག་གཅིག་ཀྱང་གོ་ཐོས་བྱུང་མེད། ཆག་སྒོ་དེ་ནི་མའོའི་དར་དམར་གསུམ་གྱི་ལས་འགུལ་ཏེ། རྒྱ་ནག་འདི་ཞིང་ལས་སྤྱི་ཚོགས་ཤིག་ནས་ཐད་ཀར་རྒྱུགས་ཤར་གློད་དེ་བཟོ་ལས་ཅན་གྱིདམར་པོའི་རིང་ལུགས་མཐར་ཕྱིན་པ་ཞིག་ཏུ་བསྐྱོད་ཐུབ་སླད་བཟོ་ལས་དང་ཞིང་ལས་ལ་ཚད་ལས་བརྒལ་བའི་དམིགས་ཚད་བཟུང་ནས་རྒྱལ་ཡོངས་ཀྱི་སྒྲིག་འཛུགས་ཡོངས་μྣགརྐྱ་དམག་དོན་ཅན་དང༌། བྱེད་སྒོ་གཡུལ་འཐབ་ཅན་དུ་སྒྱུར་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་པར་བརྟེན་ནས་བྱུང་ཡོད། སྐབས་དེར་མའོའི་སྲིད་བྱུས་འཛིན་ཕྱོགས་ལ་སྲིད་གཞུང་གི་འགོ་ཁྲིད་མི་སྣ་གཞན་ཚོས་དེ་སྔོན་བྱུང་མྱོང་མེད་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་ནའང༌། ཁོ་པས་ཉེས་ཁག་ཡོངས་རྫོགས་གནམ་གཤིས་ལ་དཀྲིས་པ་རེད། དོན་དངོས་ཐོག་རྒྱ་ནག་གི་གཤམ་གཤིས་ཡག་ཐག་ཆོད་ཡོད་ཅིང༌། སྐྱོན་གནད་ཡོངས་རྫོགས་མའོ་ཡི་སྲིད་བྱུས་ལ་ཡོད་པ་རེད། འོན་ཀྱང་གནས་ལུགས་དེ་ཉེ་དུས་མ་གཏོགས་འཛམ་གླིང་མི་མང་གིས་ཤེས་རྟོགས་ཐུབ་མེད།

ཕྱི་ལོ་ ༡༩༦༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གིས་མའོ་ཚུད་པའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པར་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་ཡོད། ཡིག་ཆ་དེའི་ནང་པཎ་ཆེན་སྐུ་གོང་མ་མཆོག་ནས་བོད་ཀྱི་ས་ཁུལ་སོ་སོའི་དངོས་ཡོད་ཀྱི་དཀའ་ངལ་ཁག་རེ་རེ་བཞིན་བགྲངས་གནང་ཡོད་པར་མ་ཟད། གལ་ཏེ་སྲིད་བྱུས་དེདག་ཡོ་བསྲང་མ་བྱས་ཚེ་བོད་བརྒྱུད་ནང་བསྟན་དང༌། རིག་གནས། དེ་བཞིན་བོད་མི་རིགས་ཀྱི་ཐུན་མིན་ཟུར་དོད་ཀྱི་རྣམ་པ་ཡོངས་སུ་མེད་པར་འགྲོ་རྒྱུ་རེད་ཅེས་གསུངས་འདུག ཀུན་གཟིགས་རིན་པོ་ཆེའི་བློ་སྟོབས་ལྡན་པའི་མཛད་ཕྱོགས་ལ་བརྩི་བཀུར་་དང༌། གང་ཉིད་ནས་ཀུན་སློང་ཡང་དག་པའི་སྒོ་ནས་སྐྱོན་བརྗོད་གནང་བར་ཉན་འཇོག་བྱ་རྒྱུའི་ཚབ་ཏུ་ཁོང་ལ་༼མངའ་བདག་གྲལ་རིམ་ལོག་སྤྱོད་པ་༽ དང༌། ཁོང་གི་སྙན་ཞུར་ ༼དུག་ལྡན་གྱི་མདའ་མོ་ཏང་གི་འབེན་ལ་གཞུས་པ་རེད་༽ ཅེས་རྒོལ་གཏམ་དྲག་པོ་བཏང་བའི་རྗེས་འབྲེལ་པཎ་ཆེན་སྐུ་གོང་མ་མཆོག་ལོ་ངོ་ ༡༤ རིང་ཁེར་རྐྱང་བཙོན་འཇུག་དང་། བཟང་བཙོན་དུ་བཞུགས་དགོས་བྱུང་བ་རེད།

མའོས་ཕྱི་ལོ་ ༡༩༦༦ ལོར་དེ་སྔ་མཆོངས་བསྐྱོད་ཆེན་མོ་དང༌། མེ་ཏོག་མཉམ་བཞད་མཁས་བརྒྱ་འགྲན་གླེང་ཞེས་པའི་ལས་འགུལ་སྤེལ་སྐབས་རང་གི་འགོ་ཁྲིད་ལས་འགན་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་དེ་དག་སླར་གསོ་ཐུབ་སླད་རྒྱ་རིགས་མི་མང་ཐོག་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ལས་འགུལ་ཞིག་བཙན་འགེལ་བྱས་ཡོད། ལས་འགུལ་དེས་ཕྱི་ལོ་ ༡༩༧༦ ཙམ་བར་རྒྱ་ནག་གི་འབྲིང་རིམ་དང༌། ཆེས་མཐོའི་འགོ་ཁྲིད་མི་སྣ་འབོར་ཆེན་རྩ་མེད་བཏང་བར་མ་ཟད།རྒྱལ་ཁབ་ཧྲིལ་པོ་རྙོག་དྲ་ཆེན་པོའི་ནང་ལྷུངས་སུ་བཅུག་ཡོད། ཆག་སྒོ་དེའི་ཉེས་འགན་སུ་ལ་དཀྲིས་ཡོད་དམ་ཞེ་ན། མའོར་དཀྲིས་མེད་ཅིང་མི་བཞི་ཤོག་ཁག་ལ་དཀྲིས་ཡོད་པ་རེད། མི་བཞི་ཤོག་ཁག་ཟེར་བའི་ནང་མའོའི་བཟའ་ཟླ་ཅང་ཆིང་ཡང་ཚུད་ཡོད་པ་ཁོ་མོར་རྗེས་སུ་ཁྲིམས་གཅོད་བྱེད་སྐབས།  ༼ང་ནི་གཙོ་འཛིན་མའོའི་རྒྱུགས་ཁྱི་ཡིན་ཞིང༌། ཁོང་གིས་སུ་ལ་སོ་རྒྱོབས་གསུངས་པ་དེ་ལྟར་ངས་ལག་ལེན་བསྟར་བ་ཡིན་༽ ཞེས་བཤད་ཡོད་ནའང༌། མའོ་ནི་ནམ་རྒྱུན་བཞིན་སྐྱོན་མེདདཀར་འདོན་བྱུང་བ་རེད། ཕྱི་ལོ་ ༡༩༧༦ ལོར་མའོ་འདས་གྲོངས་གྱུར་རྗེས་ཏེང་ཞའོ་ཕིང་སྲིད་སྟེགས་སུ་ཐོན་པ་དང༌། ཁོང་པ་རང་ཉིད་རིག་གནས་གསར་བརྗེའི་གདུག་རྩུབ་མྱོང་མཁན་གཙོ་གྲས་ཤིག་ཡིན་པར་མ་ཟད། དེའི་སྐབས་དྲག་སྤྱོད་སྤེལ་བའི་ནང་ཁོང་པའི་བུ་ཡང་དབང་པོ་ཡན་ལག་སྐྱོན་ཅན་དུ་གྱུར་ཡོད་ནའང༌། མའོ་ནི་བརྒྱ་ཆ་ ༧༠ ཡག་པོ་དང༌། བརྒྱ་ཆ་ ༣༠ སྡུག་ཆག་རེད་ཅེས་ལྡོག་ཕྱོགས་ཀྱི་གཏམ་བཤད་བྱས་ཡོད་པ་རེད།

གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟ་བུའི་ནག་ཉེས་ཚབས་ཆེན་པོ་ཞིག་རང་གི་མི་མང་དང༌། འཛམ་གླིང་ཡོངས་ནས་འགེབས་སྲུང་བྱེད་ཐུབ་ཀྱི་ཡོད་ན། ཁོང་ཚོས་བོད་ནང་འགལ་འཛོལ་ཇི་བྱས་དང༌། དེའི་རྐྱེན་པས་བོད་མི་མང་ལ་དཀའ་སྡུག་ཇི་འཕྲད་བཅས་འགེབས་སྲུང་བྱེད་ཐུབ་པའི་ནུས་ཤུགས་ཇི་ཙམ་ལྡན་ཡོད་དམ་ཞེས་དྲི་བ་ཞིག་ཤུགས་མ་ཐུག་གིས་སླེབས་ཀྱི་མི་འདུག་གམ།

ཕྱི་ལོ་ ༡༩༨༧ དང༌། ༡༩༨༨། ༡༩༨༩ བཅས་སུ་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་ཅན་བྱུང་བ་དེ་དག་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པར་མ་ཟད། ཕྱི་ལོ་ ༡༩༨༩ ལོར་ཡུལ་ནང་དྲག་པོའི་ཁྲིམས་རྒྱའང་བསྡམས་ཡོད་པ་རེད། སྐབས་དེར་རྒྱའི་དབང་འཛིན་པ་ཚོས་ཉེས་ཁག་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀལ་ཏེ་སྐྱོན་བརྗོད་དྲག་པོ་བྱས་པ་དང༌། ཕྱོགས་མཚུངས་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་གྱི་ཉེས་འགན་ཡང་ ༼ལོག་སྤྱོད་པ་ཉུས་ཤས་༽ ཀྱི་ཐོག་ལ་དཀྲིས་ཡོད། དོན་རྐྱེན་དེ་ནི་རྒྱ་ནག་གི་དཀའ་ཚེགས་ཆེ་བའི་དེང་རབས་ལོ་རྒྱུས་ནང་གི་དོན་གནད་འགངས་ཆེ་ཞིག་ཡིན་ཞིང༌། ཐོག་མར་སྐད་གྲགས་ལྡན་པའི་རྒྱ་ནག་གི་བཅོས་སྒྱུར་འགོ་ཁྲིད་ཧུའུ་ཡའོ་པང་འདས་གྲོངས་སོང་བར་རྗེས་དྲན་གུས་འདུད་ཆེད་ཞི་བའི་ཁྲོམ་སྐོར་བྱས་པ་གང་ཞིག་རྒྱ་ཆེའི་མང་གཙོའི་ལས་འགུལ་ཞིག་གི་ངོ་བོར་གྱུར་པ་རེད། རྒྱ་ནག་གི་སྙིང་དབུས་རྒྱལ་ས་པེ་ཅིང་དུ་བྱུང་བའི་ལས་འགུལ་དེར་རྒྱབ་སྐྱོར་མཚོན་བྱེད་རྒྱ་ནག་གི་གྲོང་ཁྱེར་མང་ཆེ་བའི་ནང་ངོ་རྒོལ་གྱི་རྦ་རླབས་འཕྱུར་བར་རྒྱ་ནག་བཅིངས་འགྲོལ་དམག་གིས་མི་མང་འདུ་འཛོམས་སར་མེ་མདའ་བརྒྱབ་པ་དང༌། གྲོང་ཁྱེར་ནང་དྲག་པོའི་ཁྲིམས་རྒྱ་བསྡམས་ཡོད་པ་རེད།

ཛ་དྲག་གི་གནས་ཚུལ་དེའི་སྐབས་སྲིད་བློན་ཀྲའོ་ཙི་དབྱང་གིས་ངོ་རྒོལ་མཚམས་འཇོག་ཡོང་བའི་དོན་དུ་སློབ་ཕྲུག་གི་འགོ་ཁྲིད་རྣམས་དང་མཇལ་མོལ་གནང་ཞིང༌། སྐབས་དེ་དུས་ཁོང་གི་དགོངས་པར་སློབ་ཕྲུག་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ངན་སེམས་ཁོག་བཅངས་བྱེད་ཀྱི་འདུག་སྙམ་པ་ཡེ་ནས་བྱུང་མེད་ལ། སློབ་ཕྲུག་ཚོའི་ངོས་ནས་ཀྱང་ལྐོག་ཟ་རུལ་སུངས་མཚམས་འཇོག་ཡོང་བ་དང༌། དེ་བཞིན་མང་གཙོ་དང༌། རང་དབང༌། འགྲོ་བ་མིའི་ཐོབ་ཐང་བཅས་ཡོང་བའི་རེ་འདུན་ཁོ་ན་བཅངས་ཡོད། འོན་ཀྱང་ཏང་གི་འགོ་ཁྲིད་ནང་ཁུལ་བསམ་ཚུལ་གཅིག་གྱུར་མེད་པའི་གནས་སྟངས་འོག་སློབ་ཕྲུག་ཚོའི་དགོས་འདུན་ལ་དྲག་པོའི་རྒོལ་ལན་སློག་རྒྱུའི་ཐག་གཅོད་བྱུང་བའི་མཐའ་མཇུག་ཏུ་ཀྲའོ་ཙི་དབྱང་སྲིད་བློན་གྱི་གོ་བབས་ནས་གནས་དབྱུང་བཏང་བར་མ་ཟད། ཚེ་མཇུག་རང་ཁྱིམ་དུ་བཟང་བཙོན་ལྟ་བུར་གནས་དགོས་བྱུང་བ་རེད།

འོན་ཀྱང་གདུག་རྩུབ་ཆེ་བའི་དྲག་གནོན་འདི་ལས་འཕྲོས་པའི་དཀའ་སྡུག་མྱོང་མཁན་ངོ་མ་ནི་རྒྱ་ཆེའི་རྒྱ་ནག་མི་མང་རྣམས་ཡིན་པ་ཁོང་ཚོར་བརྩི་བཀུར། བཟོད་བསྲན། འགྲོ་བ་མིའི་ཆེ་མཐོངས་དང་ཐོབ་ཐང་བཅས་རྒྱའི་དབུ་ཁྲིད་ཚོས་ཇི་ཙམ་སྤྲོད་ཀྱི་ཡོད་པ་དེ་ལས་ཀྱང་ལྷག་པ་འཐོབ་དགོས་པ་ནི་འོས་འཚམས་ལྡན་པ་ཞིག་ཡིན།

རྒྱ་ནག་གཞུང་གིས་ད་བར་ཕྱི་ལོ་ ༡༩༥༨ ནས་ ༡༩༦༡ བར་གྱི་མུ་གེ་ཆེན་མོའི་བྱུང་རྐྱེན་དང༌། རིག་གནས་གསར་བརྗེའི་འཇིགས་རུང་གི་མཇུག་འབྲས། དེ་བཞིན་ཕྱི་ལོ་ ༡༩༨༩ ལོའི་སློབ་ཕྲུག་གི་ཞི་རྒོལ་གྱེན་ལངས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པའི་སྐོར་ཡིད་རྟོན་འཕེར་བའི་གསལ་བཤད་དམ་གནས་ལུགས་འགྲེལ་བརྗོད་བྱེད་ཐུབ་མེད་ཅིང༌། གདུག་རྩུབ་འདི་དག་ཚང་མའི་སྐོར་རྒྱ་རིགས་མི་མང་ལ་གསལ་བཤད་ཅིག་འཐོབ་དགོས་པ་ནི་ཁོང་ཚོར་འོས་བབས་ལྡན་ཡོད།

དེ་མཚུངས་བར་ལམ་བོད་ནང་ཛ་དྲག་གི་གནས་ཚུལ་ཐོན་པ་དེ་དག་རྒྱ་ནག་གཞུང་གིས་བཙན་ཤུགས་དམ་འཛིན་གྱི་ཐོག་ནས་ཞི་འཇགས་ཡོང་ཐབས་བྱེད་པ་དེའི་ཐད་ཀྱང་ཡིད་རྟོན་འཕེར་བའི་གསལ་བཤད་བྱ་རྒྱུ་གང་ཡང་མེད་ཅིང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁག་འཕངས་ལག་འཕྱིས་བྱེད་པ་དང༌། བཙན་ཤུགས་ལ་བརྟེན་ནས་རྒྱ་ནག་གི་བོད་འབྲེལ་དཀའ་རྙོག་སེལ་ཐབས་བྱེད་པ་བཅས་ནི་ཛ་དྲག་གི་གནས་སྟངས་གང་ཞིག་ལས་འགྲོལ་བར་བྱེད་པའི་ཐབས་ལམ་ཡང་དག་ཅིག་མིན་ཞིང༌། རྒྱ་ནག་གིས་བོད་ནང་ཅུང་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་རྣམས་མགོ་རྟིང་སློག་པའི་དུས་འགོ་བཙུགས་པ་དེ་ནས་བཟུང་མིག་སྔའི་བོད་ནང་གི་ཛ་དྲག་གནས་བབ་འདི་སྐྲུན་པར་བྱེད་པའི་ས་བོན་རྣམས་བཏབ་ཟིན་ཡོད་པ་རེད།

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དང༌། མིག་སྔའི་བོད་ནང་གི་ཛ་དྲག་གནས་བབ་འབྱུང་གཞིའི་ས་བོན།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ཟླ་ ༧ ཚེས་ ༢༠ ནས་ ༢༣ བར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ཞེས་པ་སྐོང་ཚོགས་བྱས་ཤིང༌། དེས་བོད་གངས་ཅན་ལྗོངས་སུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་དར་ཁྱབ་བྱུང་བའི་གནའ་བོའི་སྤྱི་ཚོགས་དཔལ་ཡོན་དེ་རྩ་མེད་གཏོང་རྒྱུའི་ངན་འཆར་ལ་རྒྱབ་གཉེར་བྱས་ཡོད་པ་རེད།

ཚོགས་འདུ་དེ་ནི་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཚན་ཁག་ནས་སྐོང་ཚོགས་བྱས་པ་དང༌། སྐབས་དེའི་སྲིད་འཛིན་ཅང་ཙེ་མིན་གྱིས་ཚོགས་འདུའི་གཙོ་སྐྱོང་ཡང་བྱས་ཡོད་ཅིང༌། ད་ཆ་རྒྱའི་དབང་འཛིན་པ་ཚོས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འདི་ ༼བོད་ཀྱི་མདུན་བསྐྱོད་དང་འབྲེལ་བའི་ཐབས་བྱུས་རང་བཞིན་གྱི་སྲིད་བྱུས་གལ་ཆེ་ཤོས་༽རྣམས་གཏན་འབེབས་བྱེད་ཡུལ་གྱི་གླེང་སྟེགས་ཤིག་ཏུ་བརྩི་གི་ཡོད་པར་མ་ཟད། དེའི་བཀའ་བཀོད་མཛུབ་སྟོན་རྣམས་ཏང་གི་བོད་འབྲེལ་ལས་དོན་སྒྲུབ་ཕྱོགས་ཀྱི་རྩ་ཚིག་བསྒྲགས་གཏམ་གསར་པར་ངོས་འཛིན་ཡང་བྱེད་ཀྱི་ཡོད་པ་རེད།

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དེ་ཅིའི་ཕྱིར་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་ཅེ་ན། དེས་ཕྱི་ལོ་ ༡༩༨༠ དང་ ༡༩༨༤ ལོ་སོ་སོར་འཚོགས་པའི་བཞུགས་མོལ་ཚོགས་འདུ་དང་པོ་དང༌། གཉིས་པའི་སྐབས་སུ་བོད་ཀྱི་ ༼འཛུགས་སྐྲུན་༽ཆེད་སྔར་བས་གུ་ཡངས་ཀྱི་སྲིད་བྱུས་གཏན་ལ་ཕབ་པ་དེ་དག་ཡོངས་སུ་ཕྱིར་བསྡུ་བྱས་ཡོད་པ་དེས་ཡིན། བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་དང༌། གཉིས་པ་ནི་སྐབས་དེའི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ སྐུ་གཤེགས་དམ་པ་ ཧུའུ་ཡའོ་པང་གིས་འགོ་འཛུགས་བསྡུ་སྐོང་བྱས་ཤིང༌། ཧ་ཅང་བློ་སྒོ་ཡངས་པའིདབུ་ཁྲིད་དེ་བོད་ཀྱི་སྤྱི་ཚོགས་དང༌། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་གནས་བབ་ཡར་རྒྱས་ལ་དམིགས་པའི་བྱེད་ཐབས་རིམ་པ་གསར་གཏོད་གནང་མཁན་མཛད་རྗེས་ཅན་ཞིག་ཡིན། ཁོང་གི་དབུ་ཁྲིད་འོག་གུ་ཡངས་ངལ་གསོའི་དུས་ཐུང་ཞིག་ཤར་བ་དེའི་སྐབས་བོད་མི་མང་ཆེ་བའི་འཚོ་བའི་གནས་ཚད་མངོན་གསལ་དོད་པོས་ཡར་རྒྱས་ཕྱིན་པར་མ་ཟད། སྔར་བས་ཤེས་ཡོན་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གུ་ཡངས་ཅན་ཞིག་བསྐྲུན་རྒྱུར་ཁོང་གིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པས་གོང་གསལ་བཟང་ཕྱོགས་ཀྱི་འགྱུར་བརྣམས་མགོ་མཇུག་བསློགས་པའམ་མེད་པར་བཟོས་པ་དང༌། དེའི་སྲིད་བྱུས་རྒྱབ་གཉེར་གྱི་ཁྱབ་ཁོངས་ནང་གཙོ་གནད་དོན་ཚན་བཞི་ཡོད་པ་ནི། བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ། བོད་ནང་དཔལ་འབྱོར་གྱི་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་རྒྱུ་དང༌། དེའི་ཞོར་ལྕོགས་ལྟ་བུར་རྒྱ་རིགས་གཞིས་ཆགས་པ་དང༌། ཚོང་པ་བཅས་ ཛྲའཛམ་གླིང་གི་ཡང་ཐོག་ཛྲ བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་རྣམས་ལེན་དུ་ཡོང་དགོས་པའི་སྐུལ་ལྕག་བྱ་རྒྱུ་བཅས་ཡིན།

ད་ལྟ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་འདིའི་དམིགས་ས་གཙོ་བོ་གཅིག་ནི་བོད་བརྒྱུད་ནང་བསྟན་ཡིན། ཕྱི་ལོ་ ༡༩༧༩ ལོར་སྒྱུར་བཅོས་སྒོ་དབྱེའི་ལྷུག་གཏོང་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་བོད་ཁྱོན་ཡོངས་སུ་དགོན་སྡེ་གྲྭ་ཚང་གི་གྲངས་འབོར་མང་དུ་ཕྱིན་ཡོད་པ་དེ་རྒྱ་ནག་གི་དབུ་ཁྲིད་ཚོས་ཉེན་བརྡ་ཆེན་པོ་ཞིག་ལ་བརྩི་གི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་དགོན་སྡེ་གྲྭ་ཚང་རྣམས་བོད་མིའི་མི་རིགས་རིང་ལུགས་ཀྱི་བསམ་བློ་གང་ལས་བྱུང་བའི་འབྱུང་ཁུངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་ཡིན། དེར་བརྟེན་རྒྱའི་དབང་འཛིན་པ་ཚོས་དགོན་སྡེ་གྲྭ་ཚང་ཁག་སྟངས་འཛིན་དོ་དམ་བྱ་བདེའི་སླད་ ཛྲདམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཛྲ ཟེར་བ་བཙུགས་པ་དང༌། གྲྭ་བཙུན་རྣམས་ཀྱི་༼སློབ་གསོའི༽ བྱ་གཞག་ལ་ལྟ་སྐུལ་བྱེད་མཁན་ ༼ལས་དོན་ཞིབ་འཇུག་རུ་ཁག་༽ ཅེས་པའང་སྒྲིག་འཛུགས་བྱས་ཡོད་པ་རེད།

བོད་མི་ཚོར་བློ་འཚབ་ཆེན་པོ་སྐྱེ་གཞི་ཞིག་ནི། རྒྱ་ནག་གཞུང་ནས་བོད་ཀྱི་རིག་གཞུང་རྩ་མེད་བཟོ་བའི་གཡུལ་འཐབ་ཅིག་བྱེད་བཞིན་ཡོད་པ་དེ་ཡིན། དེང་ཆར་རྒྱ་ནག་གི་འགོ་ཁྲིད་ཚན་ཁག་ནས་དེ་སྔ་རིག་གནས་གསར་བརྗེའི་སྐབས་བོད་བརྒྱུད་ནང་བསྟན་ཉམས་དམས་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ་རྣམས་ཡང་དག་ཡིན་པའི་ཁུངས་སྐྱེལ་ལམ་དག་ཐེར་བྱེད་ཆེད་བོད་མིའི་ཐོག་འབོད་ཚིག་སྣ་ཚོགས་བེད་སྤྱོད་བྱས་ཡོད་པ་དེ་དག་བསྐྱར་གསོ་དར་སྤེལ་གཏོང་བཞིན་ཡོད་པ་རེད། སྐབས་དེར་ཁོང་ཚོས་ཇི་ལྟར་ནམ་མཁའི་དབྱིངས་སུ་ཉི་མ་གཉིས་ཡོང་མི་ཐུབ་པ་དེ་བཞིན་བོད་དུའང་ནང་ཆོས་དང་སྤྱི་ཚོགས་རིང་ལུགས་གཉིས་མཉམ་གནས་མི་ཐུབ་ཅེས་བཤད་ཡོད་པ་ལྟར། དེའི་གོ་དོན་ནི་ནམ་ཕུགས་ནང་ཆོས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཤང་དགོས་པར་བརྗོད་ཀྱི་ཡོད་པ་དེ་ཡིན་ཞིང༌། ད་ཆ་སླར་ཡང་སྲིད་བྱུས་དེ་དམ་འཛིན་དང་འབྲེལ་གཞུང་གི་དབང་ཆ་ཡོད་ཚད་བེད་སྤྱོད་ཀྱིས་ནང་ཆོས་ལ་བཅོས་བཟོ་བྱ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། གཞིས་ལུས་རྒྱ་ཆེའི་དགེ་འདུན་མང་ཚོགས་དབར་གཡོ་བ་མེད་པའི་ཡིད་ཆེས་དད་དམ་གྱི་ཐུན་མིན་འབྲེལ་བ་ཞིག་ཡོད་པ་དེ་གཏོར་བརླག་གཏོང་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད།

ཕྱི་ལོ་ ༡༩༩༦ ལོར་ ༼རྡུང་རྡེག་ཚ་ནན་༽ དང༌། ༼རྒྱལ་གཅེས་ཆོས་གཅེས་༽ ཟེར་བའི་ལས་འགུལ་ཁག་བཙན་འགེལ་བྱས་པ་དེ་དག་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་རྒྱུར་དམིགས་པ་ཞིག་ཡིན། གང་ཡིན་ཞེ་ན། དེས་བོད་མི་མང་གི་གློ་སྙིང་གྲོད་གསུམ་གཏད་ས་རྒྱ་ནག་དམར་ཤོག་ཚོགས་པ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕྱོགས་སུ་སྒྱུར་གྱི་ཡོད་པར་རྒྱའི་དབང་འཛིན་པ་ཚོས་དྭོགས་པ་བྱེད་ཀྱི་ཡོད་པས་ཡིན།

༼རྡུང་རྡེག་ཚ་ནན་༽ ལས་འགུལ་གྱི་དམིགས་བསལ་ཁྱད་ཆོས་གཅིག་ནི་རྒྱ་ནག་དང༌། བོད་ནང་དེའི་འགྲེལ་བརྗོད་དམ་ལག་བསྟར་ཡོངས་སུ་མི་མཐུན་པ་བྱེད་ཀྱི་ཡོད་པ་དེ་ཡིན། ལས་འགུལ་དེ་རྒྱ་ནག་ནང་ཉེས་དོན་ཉེས་གསོག་བྱེད་མཁན་ལ་དམིགས་ཏེ་འགོ་འཛུགས་བྱས་ཡོད་ནའང༌། བོད་ནང་རྒྱའི་དབང་འཛིན་པ་ཚོས་ ༼ཁ་བྲལ་རིང་ལུགས་༽ སུ་འབོད་པ་རྣམས་རྩ་མེད་བཟོ་རྒྱུའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནང་ཉེས་གསོག་གི་གྱོད་གཞི་ཉུང་དུ་འགྲོ་རྒྱུ་ལས་ལྡོག་སྟེ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཁྱབ་གདལ་དུ་ཕྱིན་ཡོད་ལ། སྤྱི་ཚོགས་ཀྱི་ནད་གཞི་འདིས་བོད་བརྒྱུད་ནང་བསྟན་ཉམས་དམས་དང༌། བོད་མིའི་སྲོལ་རྒྱུན་གྱི་ཡ་རབས་ཀུན་སྤྱོད་རྣམས་མེད་པར་བཟོ་གི་ཡོད་པའི་ཆ་ནས་སྣང་མེད་ཟོམ་འཇོག་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༡༩༩༩ ཟླ་ ༡༢ པར་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུར་གསང་བའི་ཚོགས་འདུ་ཞིག་གི་ཐོག་སྐབས་དེའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་པོའི་འགོ་གཙོ་མཁྲེགས་བཟུང་ཅན་ཁྲེན་ཁུའེ་ཡོན་གྱིས། ༼ང་ཚོས་བོད་བརྒྱུད་ནང་བསྟན་དང༌། རིག་གཞུང་བཅས་སའི་གོ་ལ་ཆེན་པོ་འདིའི་ཐོག་ནས་ཤུལ་མེད་བཟོས་ཏེ། དེ་དག་བོད་ཀྱི་འབྱུང་འགྱུར་མི་རབས་ཚོའི་དྲན་ལམ་དུ་ནམ་ཡང་ཤར་རྒྱུ་མེད་པའམ། ཡང་ན་འགྲེམས་སྟོན་གྱི་དངོས་རྫས་ལྟ་བུར་འགྱུར་བ་བྱེད་ཆེད་ཕྱོགས་ཡོངས་ནས་འབད་བརྩོན་བྱ་དགོས་༽ ཞེས་དང༌། ཡང༌། ༼བོད་དང༌། བོད་མི། དེ་བཞིན་བོད་བརྒྱུད་ནང་བསྟན་ཏེ། ཕྱོགས་གཞན་ནས་བརྗོད་ན་བོད་ཅེས་པའི་མིང་དེ་ངེས་པར་དུ་གཏོར་བརླག་གཏོང་དགོས་པ་དང༌། བོད་རང་སྐྱོང་ལྗོངས་ཟེར་བ་ཟི་ཁྲོན་ལྟ་བུའི་རྒྱ་ནག་གི་ཞིང་ཆེན་ནང་ཟླ་བསྒྲིལ་གཏོང་དགོས་༽ ཞེས་བཤད་ཡོད་པར་མ་ཟད། ད་དུང་ཁོ་པས། ༼བརྟན་ལྷིང་མེད་པའི་རྒྱུ་རྐྱེན་གཙོ་བོ་ནི་རྡ་རམ་ས་ལར་ཡོད་པའི་ཏཱ་ལའི་བླ་མ་དང༌། ཁོང་གི་ཡུལ་གྱར་སྲིད་གཞུང་ཡིན་པས་ང་ཚོས་དེ་དག་ ༼རྨང་ནས་གཏོར་བཤིག་༽གཏོང་དགོས་༽ ཞེས་ཉེན་བརྡ་ཡང་བཏང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་ད་ཡོད་དམར་པོའི་འགོ་གཙོ་ཀྲང་ཆིང་ལི་ཡིས་གཏམ་བཤད་སྤེལ་བ་ཁག་ནས་དེང་སྐབས་བོད་ཀྱི་རིག་གཞུང་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་གསལ་སྟོན་བྱེད་ཐུབ་ཅིང༌། ཀྲང་གིས། ༼དམར་ཤོག་ཚོགས་པ་ནི་བོད་མི་ཚོའི་ཕ་མ་ལྟ་བུ་ཡིན་པ་དང༌། རང་གི་ཕྲུ་གུའི་ ༼བོད་མི་ཚོའི་༽ དགོས་མཁོར་དུས་རྟག་ཏུ་བསམ་ཤེས་ཆེན་པོ་བྱེད་ཀྱི་ཡོད། ཏང་ནི་བོད་མིའི་སངས་རྒྱས་དངོས་ཡིན་༽ ཞེས་བཤད་ཡོད་པ་དང༌། ཡང་༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་སྐབས་ཤིག་ཏུ་ཁོ་པས་ག་རེ་བཤད་ཡོད་ཅེ་ན། ༼ཏཱ་ལའི་ནི་མིའི་གདོང་ལ་གཅན་གཟན་གྱི་སེམས་དང་ལྡན་པའི་གདོན་འདྲེ་ཞིག་ཡིན། ་་་་་་་་་་རང་གི་རྒྱལ་ཁབ་ལ་དགའ་ཞེན་མི་བྱེད་མཁན་རྣམས་འགྲོ་བ་མི་ཡིན་པའི་མཚན་ཉིད་ཚང་གི་མེད་༽ ཅེས་སོགས་ཀྱི་ཚིག་རྩུབ་བེད་སྤྱོད་བྱས་ཡོད། དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྐོར་ཀྲང་གིས། ༼ད་ལྟ་ང་ཚོས་ཏཱ་ལའི་རུ་ཚོགས་དང་ཁྲག་དྲི་བྲོ་བའི་འཐབ་རྩོད་དྲག་པོ་བྱེད་སྒང་ཡིན་པ་དེ་ནི་དགྲ་དང་རང་ཕྱོགས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་༽ ཞེས་བཤད་ཡོད་པ་རེད།

བོད་རིགས་དང༌། རྒྱ་རིགས། ཕྱི་རྒྱལ་བཅས་ཀྱི་མཁས་དབང་རྣམ་པར་བོད་ཀྱི་གནས་སྟངས་ཐད་བསམ་ཚུལ་གང་འདྲ་ཡོད་དམ།

ཉེ་དུས་བོད་ནང་ཟླ་ངོ་གཅིག་ཙམ་རིང་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རིམ་བསྟུད་དུ་བྱུང་བ་འདིས་ག་རེ་སྟོན་གྱི་ཡོད་ཅེ་ན། རྒྱ་ནག་གཞུང་གིས་ད་བར་བོད་ཐོག་མཁྲེགས་བཟུང་གི་སྲིད་བྱུས་ལག་བསྟར་བྱས་པ་དང་ལྷན་གཅིག་ཏུ་སྐྱོན་བརྗོད་དམའ་འབེབས་ཀྱི་རྒྱག་གཏམ་མང་པོ་ཞིག་སྤེལ་དང་སྤེལ་མུས་སུ་ཡོད་པ་དེ་དག་ཡོངས་སུ་ནོར་འཁྲུལ་ཡིན་པའི་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམ་པར་ཁོང་ཚོའི་སྲིད་བྱུས་ཁག་ནོར་འཁྲུལ་ཡིན་པའི་གནས་ལུགས་སྙན་ལྷོངས་ཞུ་མཁན་གྱི་གྲས་སུ་བོད་མིའི་དམར་ཤོག་ཚོགས་པ་ཐོག་མར་འཛུགས་མཁན་དང༌། རྒྱ་དམར་གྱིས་བོད་དུ་དབང་སྒྱུར་བྱེད་ཐུབ་པའི་གཙོ་བོའི་ལས་དོན་སྒྲུབ་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་ཡང་ཡོད། ཁོང་གིས་སྲིད་འཛིན་ཧུའུ་ཅིན་ཐའོའི་མཚན་ཐོག་ཕྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༢༤ འཁོད་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་དེའི་ནང༌། ༼བོད་ལྗོངས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་གང་འདྲ་བྱེད་རྒྱུའི་ངོས་ནས་བཤད་པ་ཡིན་ན། གནད་དོན་གྱི་ངོ་བོ་དེ་ཕྱི་ཕྱོགས་དང་འབྲེལ་བ་མེད་པར་ནང་སྲིད་གཙང་མ་ཡིན་གཤིས། རྒྱལ་ཁབ་གཅིག་གྱུར་གྱི་སྔོན་འགྲོའི་ཆ་རྐྱེན་འོག མིང་དོན་མཚུངས་པའི་རང་སྐྱོང་དང་དེ་མཚུངས་ཀྱི་སྲིད་འཛིན་ཁུལ་དབྱེ་སྟངས་ཐད་འགྱུར་བ་འགའ་ཤས་གཏོང་རྒྱུའི་རེ་འདུན་ཁོ་ན་ཙམ་རེད། དོན་དེའི་ངོ་བོ་དང་དེ་བཞིན་སྔོན་འགྲོའི་ཆ་རྐྱེན་གྱི་བསམ་བློའི་ངོས་འཛིན་ཐད། ཚང་མར་གཅིག་གྱུར་གྱི་ངོས་འཛིན་འབྱུང་སྲིད་པ་དང༌། ངོས་འཛིན་གཅིག་གྱུར་འབྱུང་དགོས་ངེས་ཀྱང་རེད། རྨང་གཞི་དེའི་ཐོག་ཀྲུང་དབྱང་དང་ཏཱ་ལའི་བླ་མའི་ཕྱོགས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་གྱི་རྩ་དོན་དང་ནང་སྲིད་ས་ཁོངས་དབྱེ་རྒྱུ་འོས་འཚམས་ལེགས་སྒྲིག་བྱེད་རྒྱུ་དང༌། དེ་བཞིན་རང་སྐྱོང་དབང་ཆ་དོན་འཁྱོལ་བྱེད་རྒྱུ་གཉིས་ཀར་ལྟ་རྟོག་བྱེད་པའི་གནད་དོན་ཐད་གཞི་རྩའི་ངོས་འཛིན་གཅིག་གྱུར་བྱུང་རྗེས། ཕན་ཚུན་འབྲེལ་བ་སླར་ཡང་ཡག་ཏུ་ཕྱིན་པའི་ཐུན་མོང་གི་ཆབ་སྲིད་བསྒྲགས་གཏམ་དངོས་སུ་སྤེལ་ཐོག འཆམ་མཐུན་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་དུ། བོད་རིགས་རང་སྐྱོང་ས་གནས་ཁག་གཅིག་གྱུར་གང་འདྲ་བྱ་རྒྱུའི་ཞིབ་ཕྲའི་རྣམ་པ་དང༌། ལག་བསྟར་ཇུས་གཞི། གོ་རིམ་བྱ་ཐབས། ཐ་ན་ད་དུང་རང་སྐྱོང་ས་གནས་ཁག་གིས་གནས་སྐབས་བར་བརྒལ་རང་བཞིན་གྱི་གཅིག་གྱུར་གྱི་གྲོས་མོལ་ལས་ཁུངས་འཛུགས་པ་དང༌། ཡང་ན་བབ་བསྟུན་བྱ་ཐབས་སྣ་ཚོགས་བརྒྱུད་ནས། གཅིག་གྱུར་རང་སྐྱོང་གི་ངོ་བོའི་ནང་དོན་དང་དམིགས་ཡུལ་ལ་འགན་ལེན་དང་འགན་སྲུང་བྱེད་རྒྱུ་ཚུད་པ་བཅས་ཚང་མ། འཐབ་ཇུས་ཀྱི་གཟིགས་རྒྱང་རིང་བ་དང༌། ཁོག་ཡངས་དཀྱེལ་ཆེ། སྤུན་ཟླའི་བརྩེ་དུང་གི་ཐོག་ནས་ཕྱོགས་ཁག་ཚང་མས་ཕན་ཚུན་བསམ་པ་རྣམ་དག་ཐོག གྲོས་མོལ་གང་ལེགས་བྱེད་པ་དང༌། མང་གྲོས་ལེགས་བསྡུ། སྐྱོན་སྤངས་དགེ་སྒྲུག གྲོས་མོལ་གཅིག་གྱུར་བཅས་བྱེད་དགོས་༽ ཞེས་གསལ་འདུག

རྒྱ་ནག་ཏུ་བཅའ་སྡོད་རྩོམ་པ་པོ་ཝང་ལི་ཞུང་ནས་ཕུན་དབང་གིས་རྩོད་གླེང་བྱེད་གཞི་འདིར་རྒྱབ་སྐྱོར་བྱས་ཡོད། ཁོང་གིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༨ ཉིན་ཝལསིཀྲིཊ་འཇོརྣལ་ཞེས་པའི་དུས་དེབ་ཐོག་རང་གི་བསམ་ཚུལ་མཚོན་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་ད་ལྟའི་ཆར་རྒྱ་ནག་གིས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནོར་འཁྲུལ་ཡིན་པའི་གསལ་སྟོན་བྱས་འདུག ཁོང་གི་རྩོམ་ཡིག་ནང་འཁོད་དོན། ༼མི་འདི་ཚོས་རང་གི་མི་ཚེའི་མདུན་ལམ་ཧྲིལ་པོ་ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུར་བསྐྱལ་ཟིན་པར་བརྟེན། རང་གི་བློའི་འཆར་སྒོ་ནོར་འཁྲུལ་ཡིན་པ་དེ་ངོ་གནོང་མི་དགོས་པའི་ཐོག་ནས་ཁས་ལེན་བྱེད་ཐུབ་ཀྱི་མེད་པ་དང༌། ཁོང་ཚོས་རང་གི་དབང་ཆ་དང་གོ་གནས་ཤོར་རྒྱུའི་འཇིགས་སྣང་ཡང་བྱེད་ཀྱི་ཡོད་༽ཅེས་དང༌། ཡང༌། ༼བོད་ནང་ཞི་བདེ་ཡོང་བའི་ལམ་ཁ་ཕན་ནུས་འབྲེལ་ཤོས་ནི་ཏཱ་ལའི་བླ་མ་བརྒྱུད་རྒྱུ་དེ་ཡིན་ཞིང༌། ཁོང་བོད་དུ་ཕྱིར་ཕེབས་མཛད་མ་ཉིད་དུ་དཀའ་ངལ་མང་དག་ཅིག་སེལ་ཐུབ་ཀྱི་རེད། ད་ལྟའི་ཆར་ ༼རྒྱ་ནག་ལ་༽ བསམ་འདུན་འཆང་སྟངས་ངན་པའི་རིགས་ཡོང་གཞི་མང་ཆེ་བ་ནི་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་ཚིག་རྩུབ་སྨྲ་རྒྱུ་འགོ་འཛུགས་བྱས་པ་དེ་ལས་ཐད་ཀར་བྱུང་བའི་འབྲས་བུ་ཞིག་ཡིན། ཏཱ་ལའི་བླ་མ་ནི་བོད་རིགས་དགེ་འདུན་པ་ཚོའི་ ཆོས་ལུགས་འདུ་ཤེས་ཀྱི་ཁྱབ་ཁོངས་ ནང་འགྲན་ཟླ་བྲལ་བའི་ཚད་མཐོའི་གནས་བབ་བཟུང་ཡོད་པར་བརྟེན། ཁོང་ལ་ངོ་རྒོལ་རྒྱབ་གཏོད་ཞུ་དགོས་ཞེས་དགོས་འདུན་བཏོན་པ་དེ་ནི་དོན་དངོས་ཐོག་ནས་རང་གི་ཕ་མར་དམའ་འབེབས་བྱེད་དགོས་བརྗོད་པ་དང་ཁྱད་པར་མེད་པར་གྱུར་ཡོད་༽ ཅེས་བྲིས་འདུག

རྩོམ་པ་པོ་ཝང་ལི་ཞུང་ནི་ཉེ་དུས་རྒྱ་རིགས་མཁས་དབང་སུམ་ཅུ་ནས་བོད་ཐོག་བསམ་འཆར་དོན་ཚན་ ༡༢ འཁོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེ་ཐོག་མར་འགོ་འཛུགས་གནང་མཁན་ཡང་ཡིན། བསྒྲགས་གཏམ་དེ་སྤེལ་བ་ནས་བཟུང་ད་ཆ་རྒྱ་རིགས་རྩོམ་པ་པོ་དང༌། མཁས་དབང༌། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་དོན་གཉེར་བ་སོགས་དེབས་མང་པོས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་མིང་རྟགས་འགོད་བཞིན་ཡོད་པ་རེད།

གོང་གསལ་བསྒྲགས་གཏམ་གྱི་དོན་ཚན་དང་པོར། ༼ད་ལྟའི་ཆར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཕྱོགས་གཅིག་རྐྱང་པའི་དྲིལ་བསྒྲགས་བྱེད་སྟངས་དེས་མི་རིགས་ཕན་ཚུན་དབར་འཁོན་འཛིན་ཡོང་གཞི་དང༌། བོད་ནང་གི་གནས་བབ་དེ་བས་ཛ་དྲག་ཅན་དུ་འགྱུར་རྒྱུའི་མཇུག་འབྲས་ཡོང་བཞིན་ཡོད། འདི་ནི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ཕུགས་རྒྱང་གི་དམིགས་ཡུལ་བསྒྲུབ་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་ཡིན་པས་ང་ཚོས་དེ་དག་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་༽ ཞེས་དང༌།

དོན་ཚན་གཉིས་པར། ༼ང་ཚོས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་ཞི་བའི་འབོད་སྐུལ་ལ་རྒྱབ་སྐྱོར་དང་སྦྲགས་མི་རིགས་ཀྱི་རྩོད་རྙོག་འདི་བསམ་པ་རྣམ་དག་དང༌། ཞི་བདེ། འཚེ་བ་མེད་པ་བཅས་ཀྱི་རྩ་དོན་དམ་འཛིན་གྱི་ཐོག་ནས་སེལ་ཐབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ང་ཚོས་ཉེས་མེད་མང་ཚོགས་ཐོག་འཚེ་བའི་བྱ་སྤྱོད་གང་འདྲ་ཞིག་སྤེལ་ཡང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གི་ངོས་ནས་ ༼བོད་ནང་༽ དྲག་པོའི་གནོན་བཙིར་བྱ་རྒྱུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཤུགས་དྲག་གིས་བྱེད་རྒྱུ་དང༌། ཕྱོགས་མཚུངས་བོད་མིའི་ཕྱོགས་ནས་ཀྱང་འཚེ་བའི་ལས་འགུལ་ནང་ཞུགས་རྒྱུ་མེད་པའི་གཞེན་སྐུལ་ཞུ་རྒྱུ་ཡིན་༽ ཞེས་གསལ་བ་ལྟར། བསྒྲགས་གཏམ་འདིས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་བསལ་རྒྱུར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐད་ཀར་ཞི་མོལ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

རྒྱ་ནག་དབུས་དམར་ཤོག་ཚོགས་པའི་དྲུང་ཆེ་ ༼འདས་པོ་༽ ཧུའུ་ཡའོ་པང་གི་གསུང་བཤད་ཟིན་བྲིས་འགོད་མཁན་རོན་མིང་གིས་བོད་ནང་གི་ཛ་དྲག་གནས་བབ་ཐོག་ལྟ་ཕྱོགས་ཡོངས་སུ་ཐ་དད་འཛིན་གྱི་ཡོད། ཐའེ་ཝན་དུ་བཅའ་བཞུགས་རོན་མིང་གིས་འདི་ལོ་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཨེཔོཀ་ཀྲཡེམས་ཞེས་པའི་ཚགས་ཤོག་ལ་གནས་ཚུལ་ངོ་སྤྲོད་བྱས་དོན། ༼ཏཱ་ལའི་བླ་མས་སྔ་ཕྱི་བར་གསུམ་དུ་བོད་འབྲེལ་གནད་དོན་ཁག་ཞི་བའི་སྒོ་ནས་ཐག་གཅོད་ཡོང་བའི་གྲོས་འཆར་འདོན་གནང་མཛད་ཡོད་པ་དེར་རྒྱལ་སྤྱིའི་ངོས་འཛིན་གསལ་པོ་ཐོབ་ཡོད། དེ་གཞི་ལ་བཞག་པའི་ཐོག་ནས་རྒྱ་ནག་དམ་ར་ཤོག་ཚོགས་པས་ཏཱ་ལའི་བླ་མར་བོད་ནང་གི་ ༼དོན་རྐྱེན་གཟབ་གཟབ་ནན་ཏན་གྱིས་འཆར་འགོད་དང་འབྲེལ་རྙོག་དྲ་བསླངས་ཡོད་༽ པའི་སྙོན་འཛུགས་བྱས་ཡོད་༽ ཅེས་བརྗོད་འདུག

རོན་མིང་གིས་མུ་མཐུད་བརྗོད་དོན། ༼གོང་གསལ་གནས་ཚུལ་དང་ཡོངས་སུ་གཅིག་མཐུན་གྱི་ལམ་ནས་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་ཟུར་ཀྲའོ་ཙི་དབྱང་གི་མགོ་ལ་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་མི་གསོད་ཁྲག་སྦྱོར་གྱི་ཉེས་ཞྭ་གཡོགས་པ་དང༌། ཁོང་པར་ ༼ཏང་གི་སྒྲིག་འཛུགས་ཁ་བྲལ་གཏོང་བ་དང༌། ཟིང་འཁྲུག་ལ་རྒྱབ་སྐྱོར་བྱེད་པའི་༽ཉེས་འཛུགས་བྱས་ཡོད་༽ ཅེས་དང༌།

ཡང༌། ༼ཏཱ་ལའི་བླ་མས་གལ་ཏེ་ཟིང་ཆ་མུ་མཐུད་གནས་ཚེ་ཁོང་པ་དགོངས་ཞུ་བྱ་རྒྱུ་ཡིན་གསུངས་ཟིན་ཡོད་པ་རེད། ཏཱ་ལའི་བླ་མ་ནི་རྒྱལ་སྤྱིའི་ནང་གནོན་ཤུགས་ཆེན་པོ་ལྡན་ཡོད་པ་དང༌། གལ་ཏེ་ཁོང་ཉིད་དངོས་འབྲེལ་ཐོག་བགྲེས་ཡོལ་དུ་ཕེབས་ཚེ། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རྣམས་ཤིན་ཅང་ནང་གི་རང་བཙན་ལས་འགུལ་ཇི་བཞིན་འཇིགས་སྐུལ་རིང་ལུགས་པའི་གཟུགས་སུ་འགྲུབ་རྒྱུར་ནུས་ཤུགས་ཆེ་ཤོས་འདོན་སྲིད་པ་ཡིན། གང་ཡིན་ཞེ་ན། དེ་ལྟར་བྱེད་ཐུབ་པ་ཡིན་ན། ཁོང་ཚོར་བོད་མིའི་རེ་འབོད་ལ་ཡ་ལན་མི་བྱེད་པ་དང༌། ཁོང་ཚོའི་ཐོག་དེ་བས་དྲག་གནོན་བྱེད་ཐུབ་པའི་སྙད་འདོགས་བྱེད་ས་ཞིག་རག་རྒྱུ་རེད་༽ ཅེས་བརྗོད་འདུག

ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༧ ཉིན་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་ ༧༠ ལྷག་གིས་སྲིད་འཛིན་ཧུའུ་ཅིན་ཐའོར་ཡོངས་གྲགས་སྙན་ཞུ་ཞིག་ཕུལ་ཡོད་པ་དང༌། དེའི་ནང་འཁོད་དོན། ༼མཁས་པ་ཚོས་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་གཞོལ་བ་དང་ལྷན་དུ་ད་ཕན་གྱི་གནས་ཚུལ་བྱུང་རིམ་ཐོག་དམིགས་བསལ་གྱི་བློ་འཚབ་བྱེད་བཞིན་ཡོད། ང་ཚོས་ཞིབ་འཇུག་བྱེད་གཞིའི་སྤྱི་ཚོགས་དཔལ་ཡོན་འདི་ནི་ཤེས་རིག་གི་ཐོག་ནས་དཔྱད་བྱའི་སློབ་ཚན་ཙམ་ཞིག་མ་ཡིན་པར། འཚོ་ཞིང་གནས་པའི་མི་སྡེའི་སྤྱི་ཚོགས་ཤིག་གི་ཤུལ་གཞག་དང༌། འཛམ་གླིང་རིག་གཞུང་ཆེན་པོའི་ཤུལ་འཛིན་གྲུབ་ཆ་ཞིག་ཡིན། ་་་་་་་་་་ད་ལྟ་ ༼བོད་ནང་༽ ཞི་འཇགས་མེད་པའི་གནས་བབ་ཀྱི་ཉེས་འགན་ཡོངས་རྫོགས་ཏཱ་ལའི་བླ་མར་དཀྲིས་པ་དེས་ག་རེ་མཚོན་གྱི་ཡོད་ཅེ་ན། རྒྱ་ནག་གཞུང་གི་ཕྱོགས་ནས་ བོད་ནང་ ཡོངས་གྲགས་འདོད་བློ་མ་ཁེངས་པའི་གནས་སྟངས་ཤིག་ཡོད་པ་དེའི་འབྱུང་རྩ་ངོ་མ་ཁོང་ཚོའི་སྲིད་བྱུས་ནོར་འཁྲུལ་ཅན་དེ་ཡིན་པ་སྨོས་མ་དགོས་ཀྱང༌། དེ་དག་ཁས་ལེན་ཡོ་བསྲང་བྱ་རྒྱུའི་འདུན་སེམས་འཆང་གི་མེད་པ་དེ་མཚོན་གྱི་ཡོད་པ་རེད་༽ ཅེས་གསལ་འདུག །

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༥ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༢༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༢༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese