མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེར་བྱེས་འབྲིང་རིམ་སློབ་གྲྭར་གསར་འགོད་དུ་བསྐྱོད་པ།

བོད་ཀྱི་དུས་བབ།
༢༠༠༨/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ྋགོང་ས་མཆོག་གིས་དགོན་སྡེ་ཁག་ཏུ་དེང་དུས་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་སློབ་གཉེར་བྱ་རྒྱུར་ཡང་ནས་ཡང་དུ་བསྐུལ་ཞིང༌། ལྷག་པར་ཆབ་སྲིད་ཀྱི་ཕྱོགས་སུའང་ཤུགས་རྒྱག་དགོས་པའི་སྐོར་གསུང་གི་ཡོད་སྟབས། སེར་བྱེས་འབྲིང་རིམ་སློབ་གྲྭ་ལྟ་བུ་ནི་ཁོང་གི་ཐུགས་རེ་འགྲུབ་པའི་ཁོར་ཡུག་རེད་སྙམ།

  ཕྱི་ཚེས་ ༥ ཉིན་ངས་སྒྲ་སྡུད་འཕྲུལ་ཆས་དང་པར་ཆས། འབྲི་དེབ་སོགས་གསར་འགོད་པའི་ཡོ་བྱད་རྣམས་ཁྱེར་ཏེ་སེར་བྱེས་འབྲིང་རིམ་སློབ་གྲྭར་གསར་འགོད་དུ་བསྐྱོད། སེར་བྱེས་འབྲིང་རིམ་སློབ་གྲྭ་ནི་ཕྱི་ལོ་ ༡༩༧༥ ཙམ་ནས་དབུ་བརྙེས་ཏེ། ཚོགས་འདོན་བློ་སྐྱོར་ལས་སུམ་རྟག་དག་གསུམ་གྱི་རྨང་གཞི་མི་དགོས་ཤིང༌། རྟགས་གསལ་ལས་འབྲི་ཀློག་མི་སྦྱོང་བའི་སྔོན་ཆད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་སློབ་གསོ་སྤྲོད་སྟངས་ལས། བླ་མ་མེད་པའི་མདུན་སྐྱོད་ཅིག་ཏུ་ཕྱོགས་པ་དང༌། སྐབས་དེ་ནས་བཟུང་གྲྭ་བ་བཟོ་འདོད་ཀྱང་དང་པོ་རིག་གནས་སྦྱོང་བ་དང༌། ཆོས་པ་བཅའ་འདོད་ཀྱང་དང་པོ་སློབ་གསོའི་ལམ་དུ་ཞུགས་ཐུབ་པའི་སྐལ་བ་དེ་མངོན་འགྱུར་བྱུང་ཞིང༌། བོད་ཀྱི་བརྡ་སྤྲོད་རིག་གནས་དང་ཡིག་གཟུགས། སྙན་ངག དབྱིན་ཡིག་བཅས་སློབ་མགོ་བརྩམས་འདུག་ལ། དེ་དུས་སེར་བྱེས་གྲྭ་ཚང་གི་སྟངས་འཛིན་འོག་ཡོད་ཀྱང༌། ༡༩༨༣ ལོ་ནས་བཟུང་སློབ་གྲྭའི་འཛིན་སྐྱོང་དང༌། ཤེས་ཡོན་སྲིད་བྱུས་ཀྱི་ཁ་ཕྱོགས། ཁོར་ཡུག་བཅས་ལ་འགྱུར་ལྡོག་ཆེན་པོ་ཞིང་བྱུང་བ་ནི། སྐབས་དེ་ནས་བཟུང་གྲྭ་ཚང་གིས་སློབ་གྲྭ་འདིའི་འཛིན་སྐྱོང་གི་འགན་ཡོད་ཚད་སློབ་གྲྭ་རང་ངོས་ནས་བྱ་རྒྱུར་བཀའ་འཁྲོལ་གནང་སྟེ། སློབ་གྲྭར་ཁང་པ་གསར་རྒྱག་དང་སློབ་ཚན་རྣམས་དེང་དུས་ཤེས་ཡོན་སྲིད་ཇུས་དང་མཐུན་པར་བཟོས་ཡོད་འདུག དེ་ལྟར་སེར་བྱེས་འབྲིང་རིམ་སློབ་གྲྭ་འདི་ཉིད་སྔར་མེད་པ་ནས་ཡོད་པ་དང༌། ཡོད་པ་ནས་མདུན་སྐྱོད་ཀྱི་ལམ་ཆེན་སྟེང་ཞུགས་ཏེ། འབྲེལ་ཡོད་སྡེ་ཁག་དང་ལས་བྱེད་མི་སྣ་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་གང་མང་སྤྱད་མཐར། ༡༩༩༨ ལོར་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་ཡོད་པའི་ཚད་ལྡན་སློབ་གྲྭ་ཞིག་ཏུ་གྱུར་བ་དང༌། སྔར་འཛིན་རིམ་བརྒྱད་པ་མ་གཏོགས་མེད་པ་ནས་འཛིན་རིམ་བཅུ་བ་བར་ཡོད་པར་བཟོས་ཤིང༌། འཛིན་གྲྭ་བཅུ་བའི་སློབ་མ་རྣམས་ལོ་རེའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་བའི་ཡིག་རྒྱུགས་ཁྲོད་དུ་ཞུགས། ད་བར་ལོ་བཅུའི་རིང་སློབ་ཕྲུག་ཉིས་བརྒྱར་ཉེ་བས་འཛིན་རིམ་བཅུ་བའི་ཡིག་རྒྱུགས་བཏང་འདུག་ལ། ལོ་འདིར་སློབ་ཕྲུག་ཅིག་གི་སྤྱི་སྔོམ་གྱི་བརྒྱ་ཆ་རྒྱལ་ཡོངས་ཀྱི་རྒྱུགས་འབྲས་ཁྲོད་བརྒྱ་ཆ་ ༧༠ ལས་བརྒལ་ཏེ་དམིགས་བསལ་ཆེ་བསྟོད་ཀྱི་ལག་ཁྱེར་ཞིང་ཀྱང་བླངས་འདུག་པ་མ་ཟད། སློབ་ཕྲུག་རྣམས་འདི་ནས་འཛིན་རིམ་བཅུ་པ་ཐོན་རྗེས་གྲྭ་ཚང་གི་ཁོངས་སུ་འཛུལ་འདོད་མཁན་ལ་དེ་ལྟར་གྲྭ་ཚང་དུ་ཞུགས་ཆོག་པ་དང༌། མུ་མཐུད་འཛིན་རིམ་བཅུ་གཅིག་བཅུ་གཉིས། མཐོ་སློབ་ཏུ་བསྐྱོད་མཁན་ཚོར་བཙན་བྱོལ་བོད་གཞུང་གི་སློབ་མ་སྤྱི་མཚུངས་ལྟར་ཐོབ་ཐང་ཡོད་སྟབས་སློབ་ཕྲུག་རང་ཉིད་ཀྱིས་གདམ་ཀ་བྱེད་ཀྱིན་ཡོད་འདུག

  ཉིན་དེའི་ཞོགས་པའི་ཆུ་ཚོད་ ༡༠ ཙམ་ལ་ང་སློབ་གྲྭ་འདིར་འབྱོར་བ་དང༌། ཁ་ཐུག་ཏུ་སློབ་སྤྱིའི་གཞུང་ལས་ཁང་དུ་སོང་སྟེ་སློབ་སྤྱི་ཨ་ཙ་ར་རིན་ཆེན་ཚེ་རིང་ཁོང་ལ་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་བྱས་རྗེས། ཁོང་གི་སར་ནས་ནན་ཏན་གྱིས་སློབ་གྲྭ་འདིའི་བྱུང་རིམ་དང་སྤྱི་ཡོངས་ཀྱི་གནས་སྟངས། ཤེས་ཡོན་སྲིད་བྱུས་ཀྱི་གནས་བབ་བཅས་ལ་ཉན་པ་ཡིན་ལ། དེ་བས་ཀྱང་ངས་སློབ་སྤྱི་ཁོང་ལ་ང་རང་འཛིན་གྲྭ་ཁག་ཅིག་ཏུ་སོང་ནས། སློབ་ཕྲུག་ཚོའི་གཞི་རྩའི་ཤེས་ཡོན་གནས་སྟངས་དང༌། ཁོང་ཚོའི་བསམ་ཚུལ་ལ་ཉན་འདོད་ཡོད་སྐོར་ཞུས་ཏེ། ངེད་གཉིས་འཛིན་གྲྭ་བཅུ་པའི་ནང་ཕྱིན་སྐབས་སློབ་ཚན་ཁྲིད་བཞིན་པའི་སྒང་ཡིན་ན་ཡང༌། ངས་ཁོང་ཚོའི་ཉིན་གཅིག་གི་སློབ་ཚན་ལ་བར་ཆད་མི་གཏོང་ཐབས་མེད་དུ་གྱུར། ངས་སློབ་ཕྲུག་རེ་འགའི་བོད་ཡིག་དང་དབྱིན་ཡིག ཚན་རིག་དང་ཨང་རྩིས་སོགས་ཀྱི་སློབ་དེབ་ལ་བལྟས། ཁོང་ཚོའི་བསམ་ཚུལ་ལ་ཉན། ངས་སློབ་ཕྲུག་འགར་བསམ་ཚུལ་བསྡུ་ལེན་བྱེད་སྐབས་སློབ་ཕྲུག་བསྟན་འཛིན་ནོར་བུ་དང་བྱམས་པ་ཐེག་གཅོད། བྱམས་པ་བློ་གྲོས་གསུམ་གྱིས་བསམ་ཚུལ་གཅིག་པ་ཞིག་བཏོན། ཁོང་ཚོས་བརྗོད་རྒྱུར། བཙན་བྱོལ་གཞུང་གི་སློབ་གྲྭ་ཁག་ཏུ་ནམ་རྒྱུན་བོད་ཡིག་ལ་དོ་སྣང་ཡོད་མཁན་ཞིག་གིས་དགེ་རྒན་གྱིས་གང་བསླབ་པ་དང༌། སློབ་དེབ་སྟེང་དུ་གང་ཡོད་པ་རྣམས་བློ་ལ་མ་བཟུང་བར་རྒྱུན་ལྡན་གྱི་འབྲི་ཀློག་དང་ཤེས་བྱ་ཅི་ཙམ་ཤེས་ཀྱང༌། ཡིག་རྒྱུགས་སྐབས་ཡིག་ཚད་འཕྲོད་རྒྱུར་རེ་བ་ཆེན་པོ་མི་འདུག ཡིག་རྒྱུགས་སྐབས་སློབ་དེབ་བློར་བཟུང་སྟེ་ཕབ་བཤུ་བྱེད་མཁན་རྣམས་ལ་བརྒྱ་ཆ་ཡག་པོ་རེག་གི་འདུག་ཅེས་བརྗོད་སོང་ལ། བསམ་ཚུལ་དེ་དག་བརྗོད་སྐབས་ངས་ྋགོང་ས་མཆོག་གིས་ཉེ་ཆར་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་འཁོར་མཛད་སྒོའི་སྟེང་བསྩལ་བའི་བཀའ་སློབ་དེ་སེམས་སུ་དྲན་ཞིང༌། གནད་དོན་དེར་དྲི་རྟགས་སྣ་ཚོགས་དང་ལྷན་དུ་འཛིན་ཁང་སྒོར་བུད་དེ། སློབ་སྤྱི་མཉམ་དུ་མུ་མཐུད་འཛིན་གྲྭ་དགུ་པའི་ནང་སོང་སྟེ་སློབ་ཕྲུག་རེ་འགའི་འབྲི་དེབ་ལ་ལྟ་ཞིབ་དང་བསམ་ཚུལ་ལ་ཉན་རྗེས་སྒོར་བུད། འབྲི་དེབ་ལ་ལྟ་སྐབས་ངས་སློབ་ཕྲུག་འགར་རང་ཉིད་ཀྱི་ཉིན་ཐོའི་འབྲི་དེབ་དང་ཡང་ན་རང་ཉིད་ཀྱིས་རྣམ་དཔྱོད་བེད་སྤྱད་དེ་བྲིས་པའི་རྩོམ་ཡིག་ཅིག་སྟོན་རྒྱུར་རེ་བ་བརྒྱབ་ཀྱང༌། ཚང་མས་རྩོམ་ཡིག་དང་ཉིན་ཐོ་འབྲི་བཞིན་ཡོད་མོད་གྲྭ་ཤག་མ་གཏོགས་འཛིན་ཁང་དུ་ཁྱེར་ཡོང་གི་མེད་ཅེས་ལན་འདེབས་བྱས་སྟབས། ང་ལ་སློབ་ཕྲུག་དེ་ཚོའི་རྩོམ་རྩལ་ལ་ལྟ་རྒྱུར་སྐལ་བ་མ་བྱུང༌། དེ་རྗེས་ངས་སློབ་སྤྱི་ལ་དམའ་རིམ་གྱི་འཛིན་གྲྭ་ཞིག་ཏུ་ཁྲིད་རྒྱུར་རེ་འདུན་ཞུས། ཁོང་གིས་ང་ཁྲིད་དེ་ངེད་གཉིས་སྐེས་འཛགས་ལས་མར་འབབ་སྐབས་ངས་སློབ་ཕྲུག་ཚོར་གོང་གི་བསམ་ཚུལ་དེ་ལྟ་བུ་ཞིག་འདུག དེའི་སྐོར་གསུང་རོགས་ཞེས་ཞུས། ཁོང་གིས། དེང་སྐབས་དེ་ལ་འགྱུར་བ་འགྲོ་བཞིན་ཡོད། སྔོན་ཆད་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་སློབ་དེབ་ཁག་གཞིར་བཞག་སྟེ། སློབ་ཚན་ཁྲིད་པ་དང་ཡིག་རྒྱུགས་ལེན་བཞིན་ཡོད། ཡིན་ནའང༌། དེང་སྐབས་སྤྱིར་བཏང་ནས་འབྲི་ཀློག་ལ་གོམས་པ་ཞིག་ཡིན་ཚེ་ཕལ་ཆེར་ཁོའི་ཡིག་རྒྱུགས་འཕྲོད་རྒྱུར་འགོག་རྐྱེན་གང་ཡང་མེད་ཅེས་གསུངས་ཤིང༌། ཁོང་གི་གསུངས་ལན་དེས་སློབ་ཕྲུག་དེ་དག་གི་བསམ་ཚུལ་དེ་སློབ་གྲྭ་འདི་གཅིག་པུ་ཙམ་མིན་པར་བཙན་བྱོལ་གྱི་སློབ་གྲྭ་གཞན་དག་ལའང་ཁྱབ་འདུག་སྙམ། ད་དུང་སློབ་ཕྲུག་བྱམས་པ་བློ་གྲོས་འབོད་པས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཚགས་ཤོག་རྣམས་ཁ་ཕྱོགས་གཅིག་གི་འོག་ཏུ་འགྲོ་བཞིན་འདུག་ལ། ཀློག་པ་བོར་མཁོ་སྒྲུབ་བྱས་པའི་གསར་འགྱུར་དང་གནས་ཚུལ་རྣམས་གཅིག་མཚུངས་སུ་བཀོད་ཀྱིན་འདུག་སྟབས། གཅིག་ནས་གསར་ཤོག་ཁག་གི་མདུན་ལམ་ལ་འགོག་རྐྱེན་དང༌། གཉིས་ནས་ཀློག་པ་བོར་ཡང་གསར་ཤོག་ཚང་མའི་ནང་བཀླག་རྒྱུ་གཅིག་པ་ཞིག་ལས་ཡོང་གི་མི་འདུག་ཅེས་སྤྱིར་བཏང་གི་བསམ་ཚུལ་ཞིག་ཀྱང་བརྗོད་བྱུང༌།

  དེ་བཞིན་སློབ་གྲྭ་འདིས་བདག་ལ་བཙན་བྱོལ་བོད་གཞུང་གི་དམིགས་འདུན་ལས་བརྒལ་བའི་འཚོལ་སྙེག་ཅིག་བྱེད་ཀྱིན་འདུག་ཨང་སྙམ་པའི་ཚོར་བ་ཞིག་སྤྲད་པ་ནི། རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་བྱེད་ཀྱིན་པ་དེ་རེད། ངས་སློབ་སྤྱིར་འདིའི་སྐོར་དྲིས། ཁོང་གིས་བོད་མི་རིགས་ཀྱི་འཐབ་རྩོད་ཁྲོད་དུ་རྒྱ་སྐད་རྒྱ་ཡིག་ནི་ངེས་པར་དུ་ཤེས་དགོས་ཤིང༌། སློབ་གྲྭ་འདིའི་སྦྱིན་བདག་གི་ཆ་ནས་ཀྱང་སློབ་མ་རྣམས་ཀྱི་རྒྱ་སྐད་རྒྱ་ཡིག་མ་ཤེས་ན་རྗེས་ཕྱོགས་འཛིན་སྐྱོང་གི་ལས་ཀར་དཀའ་ངལ་འཕྲད་ཀྱིན་འདུག་ཅེས་གསུངས།

སློབ་གྲྭ་འདིར་སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་བོད་གཞུང་གི་སློབ་གྲྭ་གཞན་ལྟར། བྱ་རྒོད་པོ་ཞིག་ལ་གང་ཚང་བ་བྱེའུ་དར་མ་ཞིག་ལ་དེ་ཚང་འདུག་སྟེ། བོད་རྒྱ་དབྱིན་གསུམ་དང་ཚན་རིག ཨང་རྩིས་སོགས་ཀྱི་སློབ་ཚན་དང༌། ཚན་རིག་འཛིན་གྲྭ་དང་གློག་ཀླད། དཔེ་མཛོད། སྨན་ཁང་སོགས་སློབ་ཕྲུག་རང་རང་གིས་རྣམ་དཔྱོད་ཀྱི་རྩལ་དང་འབད་འབོངས་ཀྱི་རྒྱུན་བསྲིང་ཐུབ་ཚེ་མཐུན་རྐྱེན་ནི་མ་ཚང་བ་མི་འདུག ལྷག་པར་དུ་ངས་བློར་ཧ་ཅང་བབ་པ་ཞིག་ནི། ངས་སློབ་སྤྱི་ལ་དགེ་རྒན་བསྡུ་ལེན་བྱེད་སྟངས་སྐོར་དྲིས་སྐབས་ཁོང་གིས། བོད་ཡིག་གི་དགེ་རྒན་ལ་ལག་ཁྱེར་མེད་ཀྱང་ཤེས་ཡོན་གནས་ཚད་ལ་གཞིར་བཞག་བསྡུ་ལེན་བྱས་པ་ཡིན། དེ་ནི་གཙོ་བོ་གཞིས་ནས་འབྱོར་ཞིང་ལག་ཁྱེར་མེད་ནའང་བོད་ཡིག་ཤེས་ཚད་ཡག་པོ་ཡོད་མཁན་ལ་དམིགས་པས་ཡིན། ཡིན་ནའང༌། དེ་མིན་གྱི་སློབ་ཚན་ཚང་མར་ལག་ཁྱེར་དང་ཤེས་ཡོན་གཉིས་ཀར་གཞི་འཇོག་གི་ཡོད་ཅེས་གསུངས། མཇུག་མཐར་ངས་ཁོང་ལ་སློབ་གྲྭའི་ལོ་འཁོར་དུས་དེབ་དང་ཟླ་དེབ་ལྟ་བུ་སློབ་ཕྲུག་རང་ངོས་ནས་བྲིས་རྩོམ་ལ་ཚད་འཇམ་ཆེད་དེབ་འགའ་གནང་རྒྱུར་རེ་སྐུལ་ཞུས། ཁོང་གིས་ཀྱང་དེ་ལྟར་བོད་དབྱིན་གྱི་ལོ་དེབ་དང་ཟླ་དེབ་འགའ་གནང་སོང༌། དེ་ནི་ང་རང་བསྐྱོད་སའི་འཛིན་གྲྭ་དག་ལས་ངས་སློབ་ཕྲུག་ཚོའི་རྩོམ་རྩལ་འདི་རེད་ཅེས་པ་ཞིག་མ་མཐོང་བས་ཡིན། ཉིན་རྒྱབ་ཕྱིར་ལས་ཁུངས་སུ་ཡོང་སྟེ་ངས་ལོ་དེབ་དང་ཟླ་དེབ་དེ་དག་ལ་བམ་ཀློག་ཅིག་བྱས་རྗེས། སློབ་ཕྲུག་ཚོར་འཛིན་གྲྭ་ལྔ་བ་བར་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་འཁྲིད་ཀྱི་ཡོད་ནའང་བོད་དབྱིན་ལས་དབྱིན་ཡིག་གི་རྩོམ་ཡིག་འབྲི་མཁན་མང་ཞིང༌། འབྲི་རྩལ་ཡག་པོ་འདུག་པས་བོད་ཡིག་ལ་དབྱིན་ལས་དོ་སྣང་ཞན་པར་གསལ་སྟོན་བྱས་འདུག སྐབས་དེར་ངས་སློབ་སྤྱིས་དེང་སྐབས་ The Times Of India ཞེས་པའི་ཉིན་རེའི་གསར་ཤོག་དེ་སེ་ར་དགོན་པར་ཉིན་རེར་ཆིག་སྟོང་རེ་འགྲིམས་བཞིན་ཡོད་ཅིང༌། དེ་ནི་སེར་བྱེས་འབྲིང་རིམ་སློབ་གྲྭ་མཐར་ཕྱིན་པའི་སློབ་མ་རྣམས་ཀྱིས་ཉོ་བཞིན་ཡོད་ཅེས་གསུངས་པའི་ཚིག་དེ་ཡིད་ལ་དྲན་ཞིང༌། མང་ན་བཞི་བརྒྱ་ཙམ་ལས་མི་འགྲིམས་པའི་བོད་ཡིག་ཚགས་ཤོག་ཚོའི་ཉམ་ཆུང་བའི་གནས་སྟངས་དེ་ཡང་ཁག་མི་འདུག་སྙམ། 

འདི་གའི་གསར་འགོད་པ་ཨ་རིག་འགྱུར་མེད་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ།

 

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

སྐར་མ ༤༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༡༩ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༡ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢༤ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨

མཆན། 5

  1. ངག་དབང་། says:
    ལོ་ 17 སྔོན།

    ལྕགས་རྒྱ་འགྲམ་ནག།
    ངས་ཁ་ངན་བཤད་པ་མིན།་ང་ཚོ་ནམ་ཡིན་ཡང་མགོ་སྒུར་གྱི་མི་འདུག།་ང་ཚོས་ངེས་པར་དུ་ཅིག་བྱེད་དགོས་འདུག།་དེ་ཡང་གནད་ལ་འཁེལ་བ།་གང་ཡིན་ཟེར་ན་བོད་ཕྲུག་འདི་དག་ནི་འབྱུང་འགྱུར་བོད་ཀྱི་བདག་པོ་ཡིན་པས་སོ།་མ་རེད་དམ་དྲ་གྲོགས་འགྲམ་ནག་ལགས།།།།།།།

    Reply
  2. ངག་དབང་། says:
    ལོ་ 17 སྔོན།

    དགོངས་འགལ་མེད་པ་ཞུ།་སེམས་པ་དཀར་པོའི་སྐད་ཆ་ཡིན།

    Reply
  3. ངག་དབང་། says:
    ལོ་ 17 སྔོན།

    དགོངས་འགལ་མེད་པ་ཞུ།་སེམས་པ་དཀར་པོའི་སྐད་ཆ་ཡིན།

    Reply
  4. ངག་དབང་། says:
    ལོ་ 17 སྔོན།

    གསར་འགོད་པ་ལགས།
    སློབ་གྲྭ་ཁག་གང་དང་གང་ཡིན་གྱི་ཕྱིའི་བརྗིད་ཆགས་ཀྱི་ཡིད་འོང་བཀོད་པ་དང་མིག་སྔའི་མཐོང་ཚུལ་ཙམ་ལ་གཞི་བཅོལ་ཏེ་འདྲ་ཆགས་ཀྱི་གསར་འགྱུར་བཀོད་ན་ང་ཚོ་ལ་ཡར་རྒྱས་རྩ་ནས་མི་འོང།དེ་འདྲས་བསྟོད་པ་རྐྱང་པ་ལ་མཉམ་པ་བཞག་དྲག་ནས་ང་ཚོ་བོད་པ་རྗེས་ལུས་ཐེབས་ཡོད་ལ་༧གོང་ས་མཆོག་ཐུགས་ཧ་ཅང་ཕམ་བཅུག་ཡོད།དེ་ལས་གསར་འགོད་པ་ཞིག་ལ་ངེས་པར་འཛོམས་དགོས་ངེས་ཀྱི་བསམ་ཕོད་པ་བཤད་ཕོད་པ་འབྲི་ཕོད་པ་གསུམ་གྱི་བློ་ཁོག་བསྐྱེད་དེ་དོན་དམ་སྤྱི་ཚོགས་ཀྱི་གནས་སྟངས་དང་སློབ་གྲྭ་ཁག་གི་སློབ་མའི་ཤེས་ཚད་དང་སློབ་གྲྭའི་གནས་ཚུལ་རྣམས་མཁྱེན་ཐུབ་པ་དགོས།

    Reply
  5. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    གནས་ཚུལ་འདིས་བཙན་བྱོལ་དུ་ཤེས་རིག་དང་ཆོས་དོན་གཉིས་ཀྱི་སྲིད་ཇུས་འདིང་ཕྱོགས་ཀྱི་དཀའ་ངལ་ཁག་ཅིག་གི་ནད་གཞིའི་ཐོག་ལ་མཛུབ་མོ་བཙུགས་འདུག བཀའ་ཤག་གི་སྲིད་ཇུས་དང་གཞིས་ཆགས་ཀྱི་གནས་ཚུལ་གཉིས་ཁ་སྤྲོད་བྱས་ཚེ། དེ་ནི་སྟག་མགོ་སྦྲུལ་མཇུག་ཟེར་བའི་རྒྱ་ནག་གི་གཏམ་དཔེ་དེ་ལས་མ་འདས། གལ་སྲིད་ང་ནི་ས་དེར་ཡོད་པའི་གསར་འགོད་པ་ཞིག་ཡིན་ཚེ། གནས་ཚུལ་དེའི་ཐོག་ནས་གཙོ་ཕལ་གྱི་དབྱེ་བ་ཇི་ལྟར་འབྱེད་རྒྱུའི་བསམ་ཚུལ་ཞིག་འདུག་མོད། ཡིན་ནའང་ཁྱོས་གཏོར་མ་ཤར་ལ་འཕང་ཡང་ཆོག། ངས་གཏོར་མ་ནུབ་ལ་འཕང་ཡང་ཆོག དེས་ཤེས་རིག་དང་ཆོས་དོན་གྱི་བཀའ་བློན་དང་དྲུང་ཆེ་དེ་ཚོའི་སྤུ་ཉག་མ་གཅིག་ཀྱང་བསྒུལ་མི་སྲིད་པས། ཁ་གྲགས་འདོད་ཀྱི་མིད་པ་འགག་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese