འབྲེལ་མོལ་ཐེངས་བརྒྱད་ཀྱི་གོ་རིམ་ཁྲོད། འཛམ་གླིང་ལ་གང་ཞིག་གསལ་བོ་ཆགས་པ་རེད་ཅེ་ན། རྒྱ་གཞུང་གིས་བོད་རིགས་ཡོངས་ཆིག་སྒྲིལ་ཁས་ལེན་ཐབས་མེད་པ་དང༌། ༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་པར་ཞལ་བཞེས་གནང་ཐབས་མེད་པ། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་ཡིན་པ་གཉིས་གསལ་བོ་ཆགས་ཡོད་ཟེར།
བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་ཡིས་ཕྱི་ཚེས་ ༢༢ ཉིན། བོད་དོན་དམིགས་བསལ་ཚོགས་ཆེན་ལེགས་འགྲུབ་ཟིན་པའི་མཇུག་སྡོམ་གསུང་བཤད་དུ་བོད་རྒྱ་འབྲེལ་བའི་གནས་བབས་དང༌། ཆབ་སྲིད་དང་འཛིན་སྐྱོང་ཐད་ཀྱི་གནད་དོན་ཁག་ཅིག་གསལ་བཤད་ཞུས་སོང༌། སྐབས་དེར་བཀའ་བློན་ཁྲི་བ་མཆོག་གིས་དབུ་མའི་ལམ་གྱི་བྱུང་རིམ་གནད་བསྡུས་ངོ་སྤྲོད་གནང་དོན། ཚང་མའི་དགོངས་པར་མངའ་གསལ་བཞིན་བཙན་བྱོལ་བོད་གཞུང་ལ་སྒྲུབ་བྱ་རྣམ་པ་གཉིས་ཡོད། དང་པོ། བོད་དོན་བདེན་མཐའ་སེལ་ཐབས་ཆབ་སྲིད་ཀྱི་ལས་དོན་དང༌། གཉིས་པ། བཙན་བྱོལ་བོད་མིའི་བདེ་དོན་བལྟ་སྐྱོང་དེ་རེད། དང་པོ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལས་རིམ་དེ་ལ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ད་ལྟའི་བར་བཟུང་བ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དེ་༧སྐྱབས་མགོན་རིན་པོ་ཆེས་བརྒྱ་ཁ་གཅིག་གཅོད་ཀྱིས་གཏན་འབེབ་གནང་བ་ཞིག་རྩ་བ་ཉིད་ནས་མ་རེད། དམངས་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནང་ ༡༩༧༠ ཙམ་ནས་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་ལྷན་ཚོགས། བཀའ་ཤག་སོགས་ནས་བསམ་ཞིབ་གོ་བསྡུར་རྒྱུན་རིང་གནང་སྟེ། གཏན་ཁེལ་ཕྱག་བསྟར་གནང་བ་ཞིག་རེད། སི་ཊ་སི་སྦག་གི་གསུང་འཕྲིན་མ་བསྩལ་བའི་བདུན་ཕྲག་གཅིག་གི་སྔོན་ལ། དམིགས་བསལ་ཚོགས་ཆེན་ཉིན་མང་པོར་འཚོགས་ཏེ་གོ་བསྡུར་མཐིལ་ཕྱིན་བྱས་རྗེས། བོད་ཀྱི་ལྷ་མི་ཡོངས་རྗོགས་ཀྱིས་རྒྱབ་གཉེར་ཞུས་པ་བཞིན་གཏན་འབེབ་གནང་བ་ཞིག་རེད། ༡༩༧༩ ནས་ ༡༩༩༣ བར་འབྲེལ་མོལ་ཐེངས་ཉུ་ཤི་ཙམ་ཞིག་གནང་ཡང༌། དོན་དམ་འབྲས་བུ་མ་བྱུང་བའི་ཐོག་ལ་བོད་རྒྱའི་འབྲེལ་ལམ་དེ་ཆད་པ་རེད། བཀའ་ཤག་སྐབས་དགུ་བའི་དམངས་གཙོའི་དུས་དྲན་གསུང་བཤད་ནང༌། སི་ཊ་སི་སྦག་གི་གསུང་འཕྲིན་དེ་རང་བཞིན་གྱིས་རྩིས་མེད་དུ་སོང་བ་གསལ་བསྒྲགས་གནང་བ་ཞིག་རེད། ༡༩༩༦ ནས་བསྐྱར་དུ་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་ལས་རིམ་ཞིག་བརྩམས་པ་རེད། གཞིས་བྱེས་བོད་མིའི་བསམ་ཚུལ་ཡོང་སྐབས། བརྒྱ་ཆ་དྲུག་ཅུ་རེ་བཞི་བརྒལ་བས་༧གོང་ས་མཆོག་གི་དགོངས་གཞི་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་ཡོད་སྟབས། མཐར་མང་མོས་འོས་ཤོག་བསྡུ་མ་དགོས་པར་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱིས། སླར་ཡང་དབུ་མའི་ལམ་གྱི་སྲིད་ཇུས་དམ་འཛིན་གནང་བ་རེད། དེ་ལ་བརྟེན་ནས་རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་བསམ་ཡུལ་ལས་འདས་བ་བྱུང་ཡོད་པ་མ་ཟད། རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན་མང་པོས་རྒྱབ་སྐྱོར་ཐོབ་སྟེ། བོད་ཀྱི་གནད་དོན་རྒྱལ་སྤྱི་དང་རྒྱ་ནག་ནང་ཁུལ་ལ་ཇེ་གསལ་དུ་ཕྱིན་ཡོད། ཅེས་གསུངས་བྱུང༌།
ཡང༌། ཁོང་གིས་ ༢༠༠༢ ནས་བསྐྱར་གསོ་བྱུང་བའི་བོད་རྒྱ་འབྲེལ་བའི་རིམ་པ་གསུངས་དོན། བཀའ་ཤག་སྐབས་བཅུ་གཉིས་པའི་ལས་ཁུར་བླངས་མ་ཐག ༢༠༠༢ ལོར་བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་བྱ་ཐུབ་པ་བྱུང་བ་རེད། ད་ལྟའི་བར་འབྲེལ་མོལ་ཐེངས་བརྒྱད་བྱུང་བ་བརྒྱུད་དེ། དབུ་མའི་ལམ་གྱི་སྙིང་དོན་གང་ཡིན་པ་རྒྱ་ནག་མགོ་ཁྲིད་ཀྱིས་མཚོན་པའི་རྒྱལ་སྤྱིའི་ནང་ཧ་ཅང་གི་ཁ་གསལ་བཟོ་རྒྱུའི་གོ་སྐབས་བྱུང་ཡོད་ལ། བོད་རྒྱའི་བར་མོས་མཐུན་ཡོང་ཐབས་དཀའ་བའི་གནད་དོན་རྣམས་གསལ་བོ་ཆགས་པ་རེད། ༧གོང་ས་མཆོག་གིས་རྒྱ་རི་བློ་གྲོས་རྒྱལ་མཚན་ ༡༩༩༨ ལོར་དམིགས་གསལ་སྐུ་ཚབ་དུ་བསྐོས་འདུག ༡༩༩༩ ལོར་སྐལ་བཟང་རྒྱལ་མཚན་བསྐོས་འདུག གཞུང་འབྲེལ་གྱི་བརྒྱུད་ལམ་དེ་གཅིག་པུ་ཡིན་པར་གཏན་འཁེལ་ཏེ། སྐུ་ཚབ་སོ་སོ་ལ་སྐབས་རེ་རེའི་བསྒྲུབ་བྱ་ལ་མཐུན་པའི་བཀའ་ཤག་གི་ལམ་སྟོན་ཡིག་ཆ་ཕུལ་ཡོད། མང་ཚོགས་དང་མང་ཚོགས་ཀྱི་འབྲེལ་བ་དེ་ཅི་ཙམ་ཡར་རྒྱས་གཏོང་ཐུབ་ཀྱི་སྲིད་ཇུས་བཟུང་ཡང༌། དེ་ཙམ་གྱི་གྲུབ་འབྲས་ཐོན་མེད། འབྲེལ་མོལ་རིམ་པའི་སྐབས། རྒྱ་ཕྱོགས་ནས་ཨ་རིའི་གྲོས་ཚོགས་ལ་བསྩལ་བའི་ཞི་བའི་དོན་ཚན་ལྔ་དང༌། སི་ཊ་སི་སྦག་གི་གསུང་བཤད་དོན་ཚན་བདུན་ལ་མོས་མཐུན་བྱ་ཐབས་རྩ་བ་ནས་མེད་པ་ཤུགས་ཆེན་པོ་བྱེད་ཀྱིན་ཡོད། དོན་ཚན་ལྔ་དེ་བོད་དང་རྒྱ་ནག་ཚུད་པའི་འཛམ་གླིང་ཡོངས་ཀྱི་དགོས་མཁོ་དང་མཐུན་པའི་༧གོང་ས་མཆོག་གི་གཟིགས་སྟངས་ཤིག་ཡིན་པ་དང༌། སི་ཊི་སི་སྦག་གི་སྔོན་གླེང་དེ་གྲོས་གཞིའི་གྲས་མིན་པ། དངོས་གཞིའི་གྲོས་གཞི་དེ་ཡང་གྲོས་བསྡུར་གྱི་གཞི་རྩ་ཙམ་ལས་མཐའ་མའི་ཐག་གཅོད་མིན་པ་གསལ་བོར་བཀོད་ཡོད་ལ། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་མིང་དོན་མཚུངས་པ་ཞིག་བྱུང་ན་འགྲིག་གིན་ཡོད་པ། ༧གོང་ས་མཆོག་གི་གསུང་འཕྲིན་སྔ་རྗེས་ནང་གསལ་ཁ་བཏོན་ཡོད་པ་ལྟར། མཐའ་མཇུག་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཐོག་ནས་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་གང་འདྲ་དགོས་པའི་ཡིག་ཆ་རྒྱ་ནག་ལ་སྤྲད་དེ། འཛམ་གླིང་ཡོངས་ལ་གསལ་བསྒྲགས་བྱས་ཏེ། ༢༠༠༢ ནས་མགོ་བཙུགས་པའི་འབྲེལ་མོལ་གྱི་རིམ་པ་དེ་སླེབས་ས་ཞིག་ལ་སླེབས་ཡོད། ཅེས་གསུངས་བྱུང༌།
ཁོང་གིས་༧གོང་ས་མཆོག་གི་དབུ་མའི་ལམ་དང་བཀའ་ཤག་གི་དབུ་མའི་ལམ། ཞེས་བཤད་ཚུལ་ཞིག་ཡོང་གིན་ཡོད་པའི་ཐད་གསལ་བཤད་གནང་དོན། ཐེངས་འདིར་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཟུང་བྱས་ཡོད་སྟབས། རྒྱ་ཕྱོགས་ནས་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་གང་ཡང་བཤད་རྒྱུ་ཡོད་པ་མ་རེད། གོང་དུ་ཞུས་པ་བཞིན། ལངས་ཕྱོགས་འདི་སི་ཊ་སི་སྦག་གི་གསུང་བཤད་ཀྱི་རྒྱ་ལས་མ་འདས་ཀྱང༌། ཞིབ་ཕྲའི་གནས་ཚུལ་ཆུང་ཚགས་མང་པོ་ཞིག་སི་ཊ་སི་སྦག་གི་གསུང་བཤད་དང་མི་མཐུན་པ་དངོས་ཡོད་རེད། དེར་བརྟེན། ལངས་ཕྱོགས་འདི་༧གོང་ས་མཆོག་གི་དགོངས་བཞེས་དང་མཐུན་གྱི་མེད་ཚུལ་བརྗོད་པ་དེ། གཞི་རྩ་མེད་པའི་སྐད་ཆ་རེད། ༧སྐྱབས་མགོན་རིན་པོ་ཆེའི་དགོངས་ཚུལ་དེ་རྒྱ་ཆེན་པོ་དང་ཚད་མཐོན་པོ་རེད། ངའི་ཟོལ་འདྲ་བོས་མགོ་ཁྲིད་པའི་བཀའ་ཤག་གིས་དུས་རྒྱུན་རྗེས་མ་ཟིན་པ་ཇི་ལྟ་ཇི་སྙེད་འབྱུང་གིན་ཡོད། འོན་ཀྱང༌། ༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པའི་བཀའ་ཤག་གི་ལངས་ཕྱོགས་ཤིག་འཛིན་པ་རྩ་བ་ནས་ཡོང་མི་སྲིད་པ་ཞིག་རེད། ཅེས་ནན་གྱིས་གསུངས་བྱུང༌།
དེ་བཞིན་ཁོང་གིས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་པའི་སྐུ་ཚབ་ཚོས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཟེར་བའི་ཡིག་ཆ་ཞིག་རྒྱ་གཞུང་ལ་ཕུལ་པའི་སྐོར་ངོ་སྤྲོད་གནང་དོན། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་བོད་རིགས་མང་ཚོགས་དང་འཛམ་གླིང་ཡོངས་ལ་རྒྱ་ཁྱབ་དུ་བསྒྲགས་ཡོད། ཚིག་གི་ཐོག་ནས་མི་རིགས་ས་གནས་རང་སྐྱོང༌། ཞེས་ལབ་སྟངས་ཤིག་དང་མི་རིགས་ས་ཁོངས་རང་སྐྱོང༌། ཞེས་རྒྱ་ནག་གི་ཡིག་ཆའི་ནང་འབྲི་སྲོལ་འདུག་ཀྱང༌། ཚིག་དེ་གཉིས་ཀྱི་ནང་དོན་དབྱིན་ཡིག་དང་རྒྱ་ཡིག་ནང་གཅིག་པ་རེད། མི་རིགས་ས་གནས་རང་སྐྱོང་ཟེར་བའི་ཚིག་དེ་གྲོས་མཐུན་དོན་ཚན་བཅུ་བདུན་ནང་ཡོད་པའི་ཚིག་ཡིན་སྟབས། གཞུང་གི་ཡིག་ཆ་ཁག་ཏུ་ས་གནས་རང་སྐྱོང་བེད་སྦྱོད་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ལ་གྲུབ་འབྲས་མེད་པ་ཞིག་ང་ཚོས་ཐོས་མ་སོང་ལ། བཀའ་ཤག་གིས་ཀྱང་དེ་ལྟར་བཤད་མྱོང་མེད། ང་ཚོས་རྒྱུན་དུ་བོད་རྒྱའི་འབྲེལ་མོལ་ལས་རིམ་ལ་གྲུབ་འབྲས་ཐོན་མ་སོང་ཟེར་གྱིན་ཡོད། སྲིད་ཇུས་དང༌། ལས་རིམ་གཉིས་ལ་དབྱེ་བ་འབྱེད་དགོས། སྲིད་ཇུས་དེ་གཞི་རྩའི་ལྟ་གྲུབ་ཅིག་རེད། ལས་རིམ་དེ་ལག་ལེན་གྱི་རིམ་པ་ཞིག་རེད། འབྲེལ་མོལ་གྱི་ལས་རིམ་དེར་གྲུབ་འབྲས་མ་ཐོན་པར་བསྐྱར་ཞིབ་ཀྱི་དུས་སུ་སླེབས་ཡོད་སྟབས། ང་ཚོས་སྲིད་ཇུས་དང་ལས་རིམ་གཉིས་ཀར་བསྐྱར་ཞིབ་བྱས་ན་འགྲིག་གིན་ཡོད་པ་བློ་ཁོག་ཆེན་པོ་དང་སེམས་པ་ཡངས་པོས་ཚོགས་ཆེན་འདིར་བཞག་ཡོད། ད་བར་འབྲེལ་མོལ་ཐེངས་བརྒྱད་བར་བོད་ཀྱི་རྩ་དོན་ཁོ་ན་ལས་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཆེད་ཚིག་གཅིག་ཕར་བཤད་མེད་ལ། ཚུར་བཤད་པར་ཚིག་གཅིག་ངོས་ལེན་བྱས་མེད། མ་འོངས་པར་ཡང་བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་གནས་བབས་ཆེད་འབྲེལ་མོལ་ནམ་བྱ་དགོས་ཀྱང༌། ང་ཚོར་གྲ་སྒྲིག་ཡོད་པ་ལས་སྐྱབས་མགོན་རིན་པོ་ཆེའི་སྐུ་སྒེར་གྱི་དོན་དུ་ཚིག་གཅིག་ཕར་ཞུ་རྒྱུ་དང་ཚུར་ཉན་དགོས་དོན་མེད་པ་གསལ་བོ་བཟོས་ཟིན།
ཐེངས་འདིར་རང་སྐྱོང་སྐོར་གྱི་ཡིག་ཆ་དེ་སྤྲད་སྐབས། ང་ཚོར་དོགས་གཞི་བྱུང་ས་ནི། རྒྱ་ནག་གིས་ང་ཚོས་གང་བཤད་པ་དེ་ལག་ལེན་བསྟར་ཟིན། བོད་ལ་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་ཟེར་གི་རེད་སྙམ། འོན་ཀྱང༌། སྟབས་ཡག་པ་རེད་དམ། ཡ་མཚན་པ་རེད། དེ་དག་ཚིག་གཅིག་ཀྱང་ལབ་མ་སོང༌། ཐེངས་འདིར་ང་ཚོའི་དགོས་འདུན་དང༌། ཁོ་ཚོའི་ལངས་ཕྱོགས་གསལ་བོ་ཆགས་ཡོད། འབྲེལ་མོལ་ཐེངས་བརྒྱད་ཀྱི་གོ་རིམ་ཁྲོད། འཛམ་གླིང་ལ་གང་ཞིག་གསལ་བོ་ཆགས་པ་རེད་ཅེ་ན། རྒྱ་གཞུང་གིས་བོད་རིགས་ཡོངས་ཆིག་སྒྲིལ་ཁས་ལེན་ཐབས་མེད་པ་དང༌། ༧གོང་ས་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་རྒྱ་ཁོངས་ཡིན་པར་ཞལ་བཞེས་གནང་ཐབས་མེད་པ། བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་ཡིན་པ་གཉིས་གསལ་བོ་ཆགས་ཡོད། སྐབས་བཅུ་གཉིས་དང་བཅུ་གསུམ་གྱི་བཀའ་ཤག་གིས་རྒྱ་ནག་དང་མཉམ་དུ་ཆོལ་ཁ་གསུམ་གྱི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་གཅིག་གྱུར་ཡོང་དགོས་པའི་ཆེད་དུ་ལས་དོན་གང་འཚམ་བྱས་ཡོད་བསམ་པའི་སྤོབས་པ་ཡོད། མ་འོངས་པར་ཡང་གོང་གི་གནད་དོན་གཉིས་པོ་དེའི་ཐོག་ནས་དུས་ནམ་ཡང་བོད་ཕྱོགས་ནས་སྐུ་བཞེངས་དང་བསམ་ཞིབ་བྱ་རྒྱུ་མེད་པར་ང་ཚོས་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང༌།
ཁོང་གིས་བོད་དོན་འཐབ་རྩོད་དེ་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་མིན་པ་དང༌། གྲལ་རིམ་དབང་ཆའི་འཐབ་རྩོད་མིན་པ། མི་རིགས་འཁོན་རྩོད་ཀྱི་འཐབ་རྩོད་མིན་པ་སོགས་གསལ་བཤད་གནང་དོན། ང་ཚོས་ཆབ་སྲིད་ལྟ་གྲུབ་ཀྱི་འཐབ་རྩོད་བྱེད་ཀྱིན་མེད། བོད་ནང་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས། ཡང་ན་མ་རྩ་རིང་ལུགས་གང་ཞིག་དགོས་པར་འཐབ་རྩོད་བྱེད་ཀྱིན་མེད། ང་ཚོས་དབང་ཆའི་འཐབ་རྩོད་བྱེད་ཀྱིན་མེད། བོད་ནང་བདེ་སྐྱིད་བྱུང་ན་འགྲིག ༧གོང་ས་མཆོག་དང་བཙན་བྱོལ་བོད་མིས་སྲིད་དབང་འཛིན་གི་ཡིན་ཟེར་གི་མེད། ང་ཚོས་མི་རིགས་ཀྱི་འཐབ་རྩོད་བྱེད་ཀྱིན་མེད། བོད་རྒྱ་མི་རིགས་གཉིས་པོ་ལོ་སྟོང་ཕྲག་རིང་ལ་ཆོས་ཀྱི་གྲོགས་པོ་རེད། ད་ལྟའི་དཀའ་ངལ་ཡང་གུང་ཁྲན་དབང་འཛིན་པ་ཁ་ཤས་ཀྱིས་བཟོས་པ་ལས་རྒྱ་མི་རིགས་ཀྱིས་བཟོས་པ་ཞིག་མ་རེད། བོད་མི་རིགས་ལ་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐང་དེ་དགོས་ཟེར་ནས་རྩོད་ཀྱིན་ཡོད། དེ་མི་རིགས་གཉིས་བར་གྱི་འཐབ་རྩོད་མ་རེད། མི་རིགས་ཀྱི་ཐོབ་ཐང་རྩོད་པ་དང་མི་རིགས་བར་གྱི་འཁོན་རྩོད་གཉིས་ལ་དབྱེ་བ་འབྱེད་དགོས།
མཇུག་མཐར། ཁོང་གིས་གནད་དོན་ཁག་ཅིག་གི་ཐད་རེ་འབོད་ཞུས་དོན། ད་རེབ་ཚོགས་ཆེན་སྟེང་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་ཞི་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་ཇུས་དེ་འགྲིག་གིན་མི་འདུག བསྟུན་མཁས་བྱེད་ཆེ་དྲགས་འདུག་ཟེར་མཁན་འདུག བཙན་བྱོལ་གཞུང་གིས་ཁོར་ཡུག་བསྐྲུན་པའི་སྲིད་ཇུས་དེ་ ༢༠༠༦ ཟླ་ ༥ ནས་ཕྱིར་འཐེན་བྱས་ཚར་ཡོད་ལ། གནད་དོན་དེ་གྲོས་ཚོགས་ནང་ཐེངས་མང་ཞུས་མྱོང༌། ཞེས་དང༌། ཚོགས་ཆེན་སྟེང་༧གོང་ས་མཆོག་གིས་མ་འདས་སྤྲུལ་སྐུ་ངོས་འཛིན་གནང་དགོས་པའི་བསམ་ཚུལ་གསུངས་སོང༌། དེའི་སྐོར་ལ་ཆོས་ལུགས་ཁག་གི་དབུ་ཁྲིད་བླ་ཆེན་ཚོ་དང་འདས་པའི་ལོ་གཉིས་གསུམ་སྔོན་ནས་དགོངས་པ་བཞེས་ཏེ། བཀའ་བསྡུར་དང་བང་རིམ་སྒྲིག་བཞིན་པ་ཡིན། དེ་དག་གསལ་བསྒྲགས་བྱ་རྒྱུའི་སྐབས་སུ་བབས་ཡོད་པ་མ་རེད། དེའི་ཐོག་ལ་ཐུགས་ཁྲལ་མ་གནང་རོགས།
གནད་དོན་གལ་ཆེན་གཞན་ཞིག་ལ། ཡོང་ལ་ཉེ་བའི་བཀའ་བློན་ཁྲི་བའི་འོས་འདེམས་དེ་གལ་ཆེན་པོ་རེད། ད་ལྟ་ནས་གཟབ་གཟབ་བྱ་དགོས། ང་སྐབས་བཅུ་གསུམ་པའི་བཀའ་ཁྲིར་འོས་འདེམས་སྐབས། ༧གོང་ས་མཆོག་གིས་ཕྱི་རྒྱལ་གསར་འགོད་པར། ང་རང་གི་རེ་བར་མི་ལོ་གཞོན། ཁྱིམ་པ། རབ་བྱུང་ན་བུད་མེད་ཅིག་འདེམས་ན་བསམ་ཡོད། བསོད་ཏེ་མེད་པ་ཞིག་ལ་བླ་རྒན་རྒན་ཁོགས་ཤིག་བསྐྱར་དུ་བདམས་འདུག མི་དམངས་ཀྱིས་བདམས་པ་ཡིན་སྟབས། ངས་ངོས་ལེན་མི་བྱེད་རང་བྱེད་རེད་གསུངས་ཡོད། དེ་རླབས་ཆེན་གྱི་དགོངས་པ་བཞེས་ཕྱོགས་དང་བཀའ་གནང་ཕྱོགས་རེད། འབྱུང་འགྱུར་བཙན་བྱོལ་བོད་མི་ཡོད་དོ་ཅོག་གིས་བཀའ་བློན་ཁྲི་བའི་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུ་གལ་ཆེན་ཞེ་དྲག་རེད། ད་རེབ་དམིགས་བསལ་ཚོགས་ཆེན་དེ་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབས་རྗེས་ཀྱི་ཧ་ཅང་དོན་དང་ལྡན་ལ་ཆིག་སྒྲིལ་གྱི་ནུས་པ་མཚོན་པ། ཆབ་སྲིད་ཀྱི་ལངས་ཕྱོགས་ཁ་ཁ་ཡིན་ཡང༌། འགག་རྩར་ཐུག་སྐབས་མཉམ་རུབ་ཡིན་པ་གསལ་བོར་མཚོན་ཡོད་ལ། ཡུ་གར་ལ་མགོ་མེད་ཀྱང་ལུས་ཡོད། བོད་པར་མགོ་ཡོད་ཀྱང་ལུས་མེད། ཟེར་བའི་སྐད་ཆ་དེ་ད་རེབ་བོད་པར་མགོ་ཡོད་པ་ཙམ་དུ་མ་ཟད་ལུས་ཡོད་པ་གསལ་བོ་ཆགས་སོང༌། ཞེས་གསུངས་བྱུང༌།
བོད་པར་མགོ་ལུས་གཉིས་ཀ་ཡོད་ཀྱང་སྐེ་མེད་།
བཀའ་བློན་ཁྲི་བས་༼བོད་པར་མགོ་ལུས་གཉིས་ཀ་ཡོད་པ་གསལ་བོ་ཆགས་ཡོད།༽ཞེས་བའི་གཏན་བཤད་གནང་དེ་། ད་རིས་ཀྱི་དམིག་གསལ་ཚོགས་ཆེན་དེ་ཚོགས་དགོས་བའི་དམིག་ཡུལ་དང་། འབྲེལ་མོལ་ཐེངས་བརྒྱད་པའི་འཇུགས་འབྲས་གསལ་བཤད་བྱས་ཡོད་པས་། ཅིག་བྱས་ན་ད་རེས་དམིག་གསལ་ཚོགས་ཆེན་གྱི་ཚོགས་གཅར་བ་ལ་ལས་། རྡ་ཤོལ་གྱི་རླང་མཁོར་ནང་འཛུལ་ཞོར་དུ་། དེ་རིང་གསུང་པས་ཚོགས་ཆེན་ཚོགས་དགོས་པའི་དམིག་ཡུལ་དང་། ཁ་སང་བཤདཚར་བའི་རང་གི་བསམ་ཚུལ་གཉིས་གཅིག་དུ་ཁེལ་ཡོད་མེད་ལ་བསམ་བློ་མཁོར་བཞིན་ཕེབ་གི་ཡོད་སྲིད་།
རང་སྲོག་འཕངས་མེད་དུ་ཕུལ་པའི་ལུས་ཡོད་ལ། སྟོང་གསུམ་གཟི་བྱིན་གྱི་གནོན་པས་མགོ་ཡོད་། དེ་འབྲེལ་འཐུད་ཀྱི་སྐེ་ཕྲ་བུ་ཞིག་ལས་མེད་པས་།
དོན་དངོས་ནི་བོད་པར་མགོ་ལུས་གཉིས་ག་ཡོད་ཀྱང་སྐེ་མེད་། ཞེས་ཞུ་ན་ག་འདྲ་འདུག།
།