ཚེས་ ༡༢ ཉིན་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། སྤྱིར་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་སྐབས་མ་གཏོགས། གསུང་ཆོས་སྤྱིར་བཏང་བའི་སྐབས་སུ་བོད་ནས་འབྱོར་བའི་ཆོས་ཞུ་བ་ཚོར་དམིགས་བསལ་གྱི་སྣེ་ལེན་དང་སྡོད་ས་གྲྭ་སྒྲིག་བྱེད་ལོང་མེད་ཀྱང༌། ད་ལོར་གསུང་ཆོས་གོ་སྒྲིག་ཚོགས་པས་བོད་ནས་འབྱོར་བའི་བོད་མི་ ༣༠༠ ལྷག་ལ་སྣེ་ལེན་ཁང་ཞིག་གོ་སྒྲིག་བྱས་ཡོད་པས་བོད་འབྱོར་ཆོས་ཞུ་བ་ཚོར་སྡོད་གནས་ལ་དཀའ་ངལ་མེད་པ་དང་། འགྲོ་གྲོན་ཇེ་ཉུང་ལ་བཏང་བ་སོགས་ཕྱོགས་ཡོངས་ནས་སྟབས་བདེ་རུ་གྱུར་ཡོད་འདུག
ཚེས་ ༡༡ ཉིན་༧གོང་ས་མཆོག་གིས་བོད་པ་མ་ཡིན་པའི་བལ་ཡུལ་དང་འབྲུག རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་ཕེབས་པའི་ནང་པ་ ༤༠༠༠ ལྷག་ལ་དམིགས་བསལ་གྱི་བཀའ་སློབ་ཅིག་བསྩལ་ཡོད་ལ། ཁོང་གིས་མི་མང་རྣམས་ལ་གསུངས་དོན། དུས་རབས་ ༢༠ ནང་དུ་སྲིད་དབང་སྒེར་འཛིན་བྱེད་མཁན་གྱི་སྲིད་གཞུང་མང་པོ་རྒྱུ་དང་རྐྱེན་མང་པོས་མཇུག་སྒྲིལ་ཡོད་ལ། རྒྱ་ནག་ཀྱང་དུས་ཚོད་དང་མཉམ་དུ་ངེས་པར་དུ་འགྱུར་བ་འགྲོ་གི་རེད། སྤྱིར་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་ཡིན་ཡང་ད་ལྟ་ནས་རྒྱ་ནག་ནང་ཁུལ་དུ་འགྱུར་བ་འགྲོ་མགོ་རྩོམ་གྱིན་ཡོད། རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་འགྲོ་བ་དང་མཉམ་དུ་བོད་ཀྱི་གནད་དོན་ཡང་སེལ་བའི་དུས་ཤིག་ཡོད་པར་བཀའ་བསྩལ་ཡོད་ལ། ཡང་༧གོང་ས་མཆོག་གིས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་རྣམས་དང་བོད་མི་ཚོ་ནི་ལོ་ངོ་སྟོང་ཕྲག་མང་པོར་ཁྱིམ་མཚེས་དང་རིག་གཞུང་གཅིག་གྱུར་གི་འོག་ནས་མཛའ་འབྲེལ་ཟབ་མོ་ཡོད་པ་དང༌། རང་དབང་གི་ལུང་པར་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོས་དུས་རབས་གོང་མ་དག་གི་ནང་ཆོས་ཀྱི་སྙིང་པོ་རྣམས་རྒྱུད་འཛིན་དང་གཅེས་འཛིན་གནང་དགོས་པར་སྐུལ་མ་ཡང་གནང་ཡོད་འདུག རྒྱལ་སྤྱིའི་སྒང་གི་ཞི་བདེ་ལ་དགའ་མཁན་དང་རང་དབང་རྩོད་ལེན་པ་མང་པོས་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་སྣང་གནང་གི་ཡོད་པ་དང༌། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ནང་ནས་བཟུང་བོད་དུ་ཞི་རྒོལ་བྱུང་བ་ནས་རྒྱ་རིགས་བློ་མཐུན་ཚོས་ཀྱང་བོད་དོན་ཤེས་རྟོགས་དང་རྒྱུས་ལོན་བྱས་ཏེ་རྒྱབ་སྐྱོར་དང་ཐུགས་སྣང་གནང་མཁན་མང་དུ་ཕྱིན་ཡོད། ང་ཚོས་རྒྱུ་རྐྱེན་མང་པོའི་འོག་ནས་རང་གི་སེམས་ཤུགས་དང་སྙིང་སྟོབས་མ་མཉམ་པ་བྱེད་ཀྱིན་ཡོད་ལ། དམིགས་བསལ་གྱིས་ང་ཚོས་ཁྱེད་ཚོའི་ཆོས་གྲོགས་ཚོའི་རྒྱབ་སྐྱོར་རྙེད་བྱུང༌། མི་ལོ་ ༥༠ ལྷག་འདིའི་རིང་ལ་བཙན་བྱོལ་བོད་གཞུང་གིས་ཕྱོགས་གང་ཅིའི་ཐད་ལ་ཧུར་བརྩོན་ཆེན་པོ་བྱས་ཡོད་ལ། ད་དུང་ཡིན་ཡང་མུ་མཐུད་ནས་འཐུས་ཤོར་སོང་བ་དེ་དག་ལ་བཅོས་བསྒྱུར་གྱིས་ཤུགས་རྒྱག་གི་ཡོད། ཅེས་ཀྱང་བཀའ་བསྩལ་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ། ཝར་ཎ་ནས་བདེ་ཆེན་སྒྲོལ་མ། དུས་བབ་གསར་འགོད་པ། ཚེ་རིང་སྐྱིད།