མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྔ་བཅུའི་དུས་དྲན་ཐད་སྤྱི་འཐུས་ཁག་ཅིག་གི་དགོངས་ཆར། (དུས་བབ་ཀྱི་དམིགས་བསལ་ལེ་ཚན།)

བོད་ཀྱི་དུས་བབ།
༢༠༠༩/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་རྣམས་སྐྱབས་བཅོལ་དུ་གྱར་ཏེ་ལོ་ངོ་ལྔ་བཅུ་འཁོར་བ་དང༌། བཙན་བྱོལ་བོད་མིའི་གཞུང་འབྲེལ་ཆབ་སྲིད་ཀྱི་མཛད་སྒོ། གསུམ་བཅིའི་དུས་དྲན་ཐེངས་ལྔ་བཅུ་འཁོར་བ་སོགས་ཀྱི་གལ་གནད་ཆེ་བའི་དུས་ཚོད་དང་བསྟུན་ཏེ། བོད་མི་མང་སྤྱི་འཐུས་ཁག་ཅིག་ལ་ལྔ་བཅུའི་དུས་དྲན་གཙི་སྲུང་བྱ་ཕྱོགས་དང༌། རྩ་དོན་འཐབ་རྩོད་ཀྱི་གནས་བབ། འབྱུང་འགྱུར་གྲ་སྒྲིག་གང་དགོས་སོགས་ཀྱི་ཐད་དགོངས་ཚུལ་བསྡུས་ཡོད།

 

རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་བརྩེ་སོག་པ་ཁང་ཚན་ནས་ཕེབས་པའི་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་སུ། བོད་གཞུང་བཀའ་ཤག་གིས་ལོ་ངོ་ལྔ་བཅུའི་དུས་དྲན་སྲུང་གཙི་གོ་སྒྲིག་བྱེད་ཕྱོགས་ཐད། དགོངས་འཆར་ཅི་ཡོད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས་བརྗོད་དོན།

ད་སྐབས་བོད་པ་འདི་ནང་པ་སངས་རྒྱས་པའི་ཆོས་ཀྱི་བསྟི་གནས་ཤིག་ཆགས་ཡོད་པ་རེད། སྤྱི་བཏང་གི་ཆ་ནས། ཆོས་ཕྱོགས་ཀྱི་སྟེང་ནས་དུས་དྲན་སྲུང་གཙི་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་ལ། དེབ་དཔར་བསྐྲུན་དང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་སོགས་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ཧ་ལས་པའི་གཟི་བརྗིད་ཆེན་པོ་དང་ཡག་པོ་རེད། ང་རང་གི་བསམ་ཚུལ་ལ། དེབ་འགྲེམས་སྤེལ་དང་དཔར་སྐྲུན་བྱས་པ་དེ་ཚོར་ཀློག་མཁན་ཚད་ལྡན་རེ་ཡོང་དགོས་པ་གལ་ཆེན་པོ་རེད་བསམ་གྱིན་ཡོད། དེབ་ཕར་སྤྲད་པ་ཡིན་ནའང་དེར་དོ་སྣང་མ་བྱས་པར་གཡུག་བཞག་ནས་ལོ་གཅིག་གཉིས་སོང་བའི་རྗེས་ནས་ཐལ་རྡུལ་གྱི་ནང་ནས་བཏོན་ཏེ། སྔོན་མ་ཅིག་ལ་སྤྲད་སོང་གང་ཤེས་ཟེར་བ་འདྲ་བོ་ཞིག་མིན་པརའདོད་ཀྱིན་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། མི་མང་གི་བསམ་བློའི་གོ་རྟོག་མཐོ་རུ་གཏོང་རྒྱུ་དེ་རེད། སྤྱི་ཚོགས་བསམ་བློའི་གོ་རྟོག་ཡར་རྒྱས་སུ་གཏོང་རྒྱུ་དེ་གཟུངས་སྔགས་ཟློ་རྒྱུ་དང་མ་ཎི་བགྲང་རྒྱུ། ཚོགས་འཚོགས་རྒྱུ། དེབ་དཔར་སྐྲུན་བྱས་ནས་མི་མང་གི་ལག་ཏུ་བཞག་པ་ཙམ་གྱིས་ཡར་རྒྱས་འགྲོ་གི་མ་རེད། འདི་ལ་ངེས་ཅན་དུ་རྒྱུ་མཚན་ལྡན་པའི་སྒོ་ནས་མི་མང་ལ་སློབ་སྟོན་དང༌། གཟབ་སྦྱོང༌། རིག་གནས་དཔྱད་གླེང༌། བསམ་བློའི་དཔྱད་བསྡུར་སོགས་བརྒྱུད་དེ་སྤྱི་ཚོགས་ཀྱི་གནད་དོན་དང༌། མི་མང་གི་མཐུན་ལམ་སོགས་སྒྲུབ་སྟངས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་ཧ་ལས་པའི་གལ་ཆེན་པོ་རེད། ཅེས་བརྗོད་སོང༌། ཡང་ཁོང་ལ་དགོན་སྡེའི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་ཡར་རྒྱས་དང༌། མི་སྐྱའི་སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་ཡར་རྒྱས་སྐོར་ལ་ཁྱད་པར་ཡོད་མེད་དྲིས་པར་ཁོང་གིས། ངའི་བསམ་པར་གྲྭ་བའི་སྤྱི་ཚོགས་ཀྱི་བསམ་བློ་ཡར་རྒྱས་གཏོང་བར་ལས་སླ་བོ་ཡོད་རེད་བསམ། སློབ་གཉེར་བྱེད་མཁན་གྱི་དགོན་སྡེ་ཞིག་ཡིན་ན། ཁོས་ཐོས་བསམ་གྱི་ཁྲོད་ནས་སློབ་གཉེར་བྱེད་ཀྱིན་ཡོད་སྟབས། ཁོ་ལ་རྒྱུ་མཚན་ལྡན་པའི་སྐད་ཆ་ཞིག་ལབ་ན་ལམ་སང་ངོ་འཕྲོད་རྒྱུ་དང༌། ལམ་སང་བསམ་བློ་ཡར་རྒྱས་འགྲོ་རྒྱུ་ལས་སླ་བོ་ཡོད། ཡང་གཞུང་ཆེན་མོར་སློབ་གཉེར་བྱེད་ཀྱིན་མེད་པའི་དགོན་སྡེ་དང་གྲོང་བ་དེ་ཚོར་ཏོག་ཙམ་ཁག་གི་རེད། ཅེས་གསུངས་སོང༌།

 

དབྱིན་ཡུལ་ནས་ཕེབས་པའི་ཡོ་རོབ་སྤྱི་འཐུས་བསོད་ནམས་ཚེ་རིང་ཕར་སེ་ལགས་སུ། བཙན་བྱོལ་གྱི་ལོ་ངོ་ལྔ་བཅུའི་རིང་གི་བོད་དོན་གྱི་གྲུབ་འབྲས་དང༌། བོད་ཕྱི་ནང་གཉིས་སུ་རྩ་དོན་ཐད་ལས་འགུལ་འདྲ་མིན་སྤེལ་བ་ལས་གྲུབ་འབྲས་དང་ནུས་པ་ཆེ་ཤོས་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ།

༡༩༥༩ ནས་ད་ལྟ་བར་དུ་ང་ཚོས་ལས་ཀ་ཆེ་ཤོས་ག་རེ་བྱས་ཡོད་པ་རེད་ཟེར་ན། དང་པོ་དེ་ལ་བཙན་བྱོལ་གྱི་གཞུང་ཞིག་འཛུགས་ཐུབ་ཡོད་པ་རེད། གཉིས་པ་དེ་སློབ་གྲྭ་དང་དགོན་སྡེ་མང་བོ་ཞིག་འཛུགས་སྐྲུན་བྱས་ཐུབ་ཡོད་པ་རེད། གསུམ་པ་དེ་ལ་རྒྱལ་སྤྱིའི་ཐོག་བོད་དོན་ཁྱབ་བསྒྲགས་དང་དོ་སྣང་ཤུགས་ཆེན་བཟོ་ཐུབ་ཡོད་པ་རེད། ང་ཚོའི་བོད་དོན་འཐབ་རྩོད་འདི་དམག་བརྒྱབས་ཏེ་ཐོབ་རྒྱུ་མེད་པ་དེ་གཏན་འཁེལ་བ་ཡིན་སྟབས། བོད་ཀྱི་རྩ་དོན་འདི་འགྲུབ་བྱེད་ཀྱི་དམིགས་ཡུལ་ཆེ་ཤོས་དེ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་རག་ཡ་དེ་རེད། འདིའི་ཐད་ནས་ད་ལྟ་བར་དུ་ཧ་ལས་བའི་ལས་ཀ་ཡག་པོ་ཞིག་གྲུབ་ཡོད་བསམ། ན་ནིང་བོད་ས་ཡོངས་སུ་འོས་ལངས་ཆེན་མོ་བྱུང་ཡོད་པ་རེད། ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་ཀྱང་བོད་དོན་ཐོག་ཤུགས་རྒྱག་གི་ཡོད། བོད་ཀྱི་དཔའ་བོ་དཔའ་མོ་དེ་ཚོས་སོ་སོའི་རང་སྲོག་བློས་བཏང་ནས་རྒྱ་མི་ལ་ཁ་གཏད་བཅག་པ་རེད། འདིས་ཕྱི་ལོགས་ཀྱིབོད་པ་ཚོར་སེམས་ཤུགས་གསར་བ་ཞིག་སྤྲད་ཡོད་པ་རེད། དེ་གཅིག་རེད། གཉིས་ནས་རྒྱལ་སྤྱིའི་ཐོག་ལ་བོད་ཀྱི་གནས་སྟངས་འདི་རྒྱ་མིས་ག་རེ་ལབ་པ་དེ་བདེན་པ་མིན་པ་ཞིག་ར་འཕྲོད་ཡོད་པ་རེད། གསུམ་ནས་རྒྱལ་སྤྱིའི་ཐོག་ང་ཚོར་རོགས་པ་བྱེད་མཁན་གྱི་ཚོགས་པ་མང་བོ་ཞིག་ཡོད་པ་རེད། དེ་ཚོར་སྔར་ལས་རོགས་པ་བྱ་འདོད་ཀྱི་འདུན་པ་ཤུགས་ཆེན་པོ་འཕར་ཡོད། ན་ནིང་ཡུ་རོབ་དང་ཨ་རི་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་ལ་བོད་དོན་གསལ་བོ་བྱུང་ཡོད། ཡིན་ནའང་བློ་ཕམ་པ་ཞིག་ནི། བོད་ནང་གི་གནས་ཚུལ་དེ་ཚོ་སྔར་ལས་ཛ་དྲག་དང་དམ་དྲག་ཆེ་རུ་ཕྱིན་སོང༌། ད་ལོའང་དམ་དྲག་ཆེ་རུ་བཏང་ནས་བོད་མི་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་སྟངས་ལའང་གནོད་སྐྱོན་བཏང་སྟེ། མཆོད་སྐོར་བྱ་མི་ཆོག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། བོད་ནང་ལ་ཐོབ་དགོས་ཡ་དེ་ཐོབ་ཡོད་པ་མ་རེད། ད་དུང་ཡིན་ནའང་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་རྒྱ་ནག་དང་འབྲེལ་བ་བྱས་ཏེ། བོད་ནང་གི་བདེ་འཇགས་ཡག་ཏུ་འགྲོ་རྒྱུ་དང༌། རྒྱ་མི་ཁོང་ཚོས་ཀྱང་བོད་དོན་ཐོག་དྲག་གནོན་གྱིས་འགྲོ་སོང་འབོར་ཆེན་གཏོང་མི་དགོས་པ་ཞིག་ཆགས་ན་བསམ་གྱིན་ཡོད། ཅེས་གསུངས་སོང༌།

 

འབྲས་ལྗོངས་ནས་ཕེབས་པའི་བཀའ་རྒྱུད་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ལགས་སུ། ཐེངས་ཞེ་དགུ་བའི་གསུམ་བཅུའི་དུས་དྲན་ནས། ཐེངས་ལྔ་བཅུ་བའི་གསུམ་བཅུ་དུས་དྲན་བར་གྱི་བོད་ནང་གི་ཞི་བའི་གྱེན་ལངས་ཐད་བསམ་ཚུལ་གང་འདྲ་ཡོད་མེད་སྐོར་དྲིས་པར་ཁོང་གིས་བརྗོད་དོན།

བར་ལམ་བོད་ཆོལ་ཁ་གསུམ་གྱི་སྐྱ་སེར་ཕོ་མོ་རྒན་གཞོན་ཡོངས་སུ་རྫོགས་པའི་ལྷག་བསམ་རྣམ་དག་གིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཀྱི་འོག་ནས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། འོས་ལངས་ཆེན་མོ་གནང་པ་དེ་ན་ཧ་ལས་པའི་གཟི་བརྗིད་དང་སྤོབས་པ་ཞིག་རེད། ང་ཚོ་བཙན་བྱོལ་བ་ཚོས་ཀྱང་དེ་བཞིན་བྱེད་ཀྱིན་ཡོད། ཁོར་ཡུག་དང་ཡུལ་དུས་ཀྱི་སྟེང་ནས་བཤད་ན་བརྒྱ་འགྱུར་སྟོང་འགྱུར་གྱི་ཁྱད་པར་ཆེན་པོ་ཡོད་པ་རེད། འདི་ནས་ལས་འགུལ་འདྲ་སྤེལ་བ་ཡིན་ནའང༌། ཧ་ལས་ན་བདུན་ཕྲག་གཅིག་ཙམ་ལ་བཀག་འགོག་དང་དུས་ཡུན་ཐུང་ཙམ་ལ་རྡུང་རྡུག་བྱེད་རྒྱུ་རེད། བོད་ནང་གི་བོད་མི་ཚོས་རྒྱ་མིས་རྡུང་རྡེག་དང་བཙོན་འཇུག དམར་གསོད་ཡོང་བ་ཤེས་བཞིན་ལས་འགུལ་སྤེལ་བ་དེ་ཧ་ཅང་སྙིང་སྟོབས་ཆེན་པོ་རེད། བོད་མི་རྣམས་རྒྱ་མིའི་བཙན་གནོན་གྱི་འོག་ཏུ་སྡོད་ཐུབ་ཀྱིན་མེད་པ་གསལ་བོ་རེད། དེར་བརྟེན། མ་འོངས་པར་ང་ཚོ་རང་བཙན་ཡིན་ན་འདྲ། དབུ་མའི་ལམ་ཡིན་ན་འདྲ། གང་གི་ཐད་ནས་ཀྱང་མངོན་འདོད་འགྲུབ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ང་ཚོ་བཙན་བྱོལ་བོད་གཞུང་ངོས་ནས་ཀྱང་གང་ཐུབ་ཅི་ཐུབ་ཅིག་གནང་གིན་ཡོད་མོད། ཁོར་ཡུག་གི་གནས་སྟངས་དང་རྒྱུ་མཚན་མང་པོ་ཞིག་གི་དབང་གིས་ འབད་བརྩོན་བྱས་པ་དེ་དག་དག་ཅིག་འགྲུབ་ཀྱིན་མི་འདུག ང་ཚོའི་ནུས་པའི་འདང་གིན་མེད་པའི་ཚོར་བ་ཞིག་འདུག ཅེས་བརྗོད་བྱུང༌། ཡང་ཁོང་ལ་བོད་ཁམས་ཡོངས་སུ་ཛ་དྲག་གི་འོས་ལངས་ཐེངས་མང་བྱས་པའི་ཁྲོད་ནས་བོད་མིའི་མངོན་འདོད་དང་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡོད་མེད་དྲིས་པར་ཁོང་གིས། གྲུབ་འབྲས་བླ་ན་མེད་པ་ཐོབ་ཡོད་པ་རེད་བསམ་གྱིན་ཡོད། གང་ཡིན་ཟེར་ན། སྔོན་མ་འཛམ་གླིང་ནང་བོད་དོན་ཧ་མི་གོ་མཁན་མང་པོ་ཡོད། ད་སྐབས་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་དང་མི་རིགས་ཕལ་མོ་ཆེའི་ནང་དུ། བོད་དོན་ཧ་མི་གོ་མཁན་ཉུང་ཉུང་རེད། དེ་གྲུབ་འབྲས་ཆེན་པོ་གཅིག་རེད། གཉིས་ནས་ལྔ་བཅུ་ང་བརྒྱད་སྐབས་ཀྱི་མྱོང་ཚོར་དེ་གཞིས་བྱེས་གཉིས་ཀྱི་རྒན་པོ་ཚོས་མ་གཏོགས་གཞོན་སྐྱེས་ཚོས་མི་ཤེས། ད་ཆ་བོད་པའི་གཞོན་སྐྱེས་ཚོའི་སེམས་སུའང་མ་འོངས་པར་སེམས་ཤུགས་སླེབས་ཡོད། དེ་ནི་ང་ཚོའི་མ་རྩ་ཧ་ཅང་རྩ་ཆེན་པོ་ཞིག་རེད་སྙམ། ཞེས་གསུངས་སོང༌།

 

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་པའི་མདོ་སྟོད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ། ཐེངས་ལྔ་བཅུ་བའི་གསུམ་བཅུའི་དུས་དྲན་སྐབས། བོད་ནང་སྔར་ལོ་ལྟར་གྱེན་ལངས་བྱུང་ཚེ་རྩ་དོན་ལ་ཕན་པ་ཡོད་མེད་ཀྱི་ངོས་འཛིན་གང་འདྲ་ཡོད་མེད་དྲིས་པར་ཁོ་མོས། 

ཐེངས་ལྔ་བཅུ་བའི་གསུམ་བཅུ་དུས་དྲན་དེ་སང་ཉིན་ཚོགས་ཡ་རེད། དེའི་སྐབས་སུ་ཏག་ཏག་བོད་ནང་དུ་ཛ་དྲག་གི་གནས་ཚུལ་བྱུང་པར་ང་རང་སྒེར་གྱི་ངོས་ནས་བློ་འཚབ་དང་དངངས་སྐྲག་ཆེན་པོ་ཡོད། ཐེངས་ལྔ་བཅུ་བའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འགོར་བའི་ཉིན་མོ་རེད། ད་ཐེངས་ཀྱི་གསུམ་བཅུའི་དུས་དྲན་དེ་དམིགས་བསལ་གྱི་ཉིན་མོ་ཞིག་ལ་འཁེལ་གྱིན་ཡོད་སྟབས། ང་རང་ལ་བློ་འཚབ་ཆེན་པོ་ཡོད། ཡིན་ནའང་ང་ཚོས་ལས་འགུལ་འདྲ་མིན་སྤེལ་དགོས་པ་རེད་བསམ་གྱིན་ཡོད། རྒྱ་ནག་གིས་ཁ་སང་དེ་རིང་ལྷ་ས་གཙོས་བོད་ཁམས་ཡོངས་སུ་དམག་མི་མང་བོ་འཕར་སྣོན་བྱས་ཏེ། དམ་དྲག་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།  གནས་ཚུལ་དེ་ཚོ་གོ་ཡོང་དུས་སོ་སོ་སྡོད་མི་ཚུགས་པ་འདྲ་བོ་ཞིག་རེད། དེར་བརྟེན། ང་ཚོའི་ངོས་ནས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་ལས་འགུལ་ད་དུང་མུ་མཐུད་དུ་སྤེལ་དགོས་པ་རེད་བསམ་གྱིན་འདུག བོད་ནང་གི་མི་དེ་ཚོས་རང་རང་གི་རང་སྲོག་བློས་གཏོང་བྱས་ཏེ། ལས་འགུལ་སྤེལ་གྱིན་ཡོད་པ་རེད། ད་ནི་ང་ཚོས་ལས་འགུལ་གྱི་རྣམ་པ་བསྒྱུར་དགོས་ཀྱིན་འདུག སྐད་འབོད་རྒྱག་རྒྱུ་ཡག་པོ་རེད་དེ། བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་མྱ་ངན་མཚོན་ཆེད། ང་ཚོས་ལས་འགུལ་འགྲོ་ཐབས་འདུག་ཐབས་ཙམ་མིན་པར། རྒྱལ་སྤྱིའི་ཐོག་ལ་འབོད་སྐད་ཞུ་ཡ་དང་ཆབ་སྲིད་ཀྱི་ལས་དོན་སོགས་ལས་འགུལ་འདྲ་མིན་སྤེལ་ཏེ། བོད་པ་མི་རེ་རེ་ངོས་ནས་དུས་ཚོད་རྩ་ཆེན་པོར་བརྩིས་ཏེ་ལས་འགུལ་འདྲ་མིན་སྤེལ་དགོས། ཐེངས་ལྔ་བཅུ་བའི་གསུམ་བཅུའི་དུས་དྲན་སྟེང༌། གསར་འགོད་པ་མང་བོ་ཞིག་ཐག་རིང་ནས་ཕེབས་འདུག ཁོང་ཚོ་ཐག་རིང་ནས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་བསམ་ནས་འདིར་ཡོང་དགོས་དོན། བོད་དོན་འདི་ཛ་དྲག་གི་ནང་གནས་ཡོད་པ་ཞིག་དང༌། ཐེངས་ལྔ་བཅུ་བའི་གསུམ་བཅུའི་དུས་དྲན་འདི་སྔར་ལས་ཛ་དྲག་གི་གནས་ཚུལ་ཆགས་པར་དོགས་ནས་ཡོང་བ་རེད། གནས་སྟངས་དེ་ལ་གཞིགས་ན། བོད་དོན་འདི་རྒྱལ་སྤྱིའི་ཐོག་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་གསལ་བོ་རེད། ལས་དོན་གལ་ཆེན་པོ་གཅིག་ནི་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་ཤུགས་ཆེ་རུ་གཏོང་ཐབས་དང༌། རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན་གྱི་རྒྱབ་སྐྱོར་རག་ཐབས་བྱ་རྒྱུ་དེ་རེད། ལས་དོན་འདི་ཙམ་གཞན་ལས་ང་ཚོ་བཙན་བྱོལ་བའི་གནས་བབ་འོག་ནས་ལས་ཀ་བྱ་རྒྱུ་ཁག་པོ་རེད། ཅེས་གསུངས་སོང༌།

 

སིད་སུ་ནས་ཕེབས་པའི་ཡོ་རོབ་སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས་ལགས་སུ། རྒྱ་ནག་གིས་བཙན་གྱིས་བོད་ཞི་བའི་བཅིངས་གྲོལ་བཏང་སྟེ་ལོ་ངོ་ལྔ་བཅུ་ཟེར་དེ་སྲུང་གཙི་བྱེད་དུ་བཅུག་ན། གནད་དོན་གང་འདྲ་འབྱུང་སྲིད་དམ་ཅེས་དྲིས་པའི་ལན་དུ་ཁོང་གིས་བརྗོད་དོན།

ན་ནིང་ཐེངས་བཞི་བཅུ་ཞེ་དགུ་བའི་གསུམ་བཅུའི་དུས་དྲན་ནས་བཟུང༌། བོད་ས་ཡོངས་སུ་ལས་འགུལ་ཤུགས་ཆེན་སྤེལ་ཡོད། དེ་ནི་བོད་ནང་ལ་རྒྱ་གཞུང་གི་སྲིད་ཇུས་ངན་པ་དེ་ལོ་བཞི་བཅུ་ཞེ་དགུའི་རིང་ལ་སྤེལ་ཞིང༌། ད་དུང་གུ་ཡངས་ཀྱི་རྣམ་པ་མེད་པར་མནར་གཅོད་དང་བཙན་འཛུལ་མུ་མཐུད་དུ་བྱེད་ཀྱིན་ཡོད་སྟབས། བོད་ནང་དུ་བཞུགས་པའི་སྤུན་ཟླ་ཚོས་ཟླ་བ་དང་ཟླ་བ་མཐུད་ནས་དཀའ་སྡུག་མྱངས་ཡོད། གནས་སྟངས་དེ་ྋགོང་ས་སྐྱབས་མགོན་ཆེན་པོ་གཙོས་ང་ཚོ་བྱེས་འབྱོར་བ་ཚོས་ཀྱང༌། གང་ཐུབ་ཅི་ཐུབ་ཀྱིས་རྒྱ་གཞུང་གིས་བོད་པའི་སྟེང་ལ་མནར་གཅོད་དང་བཙོན་འཇུག་དམར་གསོད་གཏོང་བཞིན་པའི་ངན་སྤྱོད་དེ་མཚམས་འཇོག་བྱེད་དགོས་སྐོར་རྒྱལ་སྤྱི་དང༌། གྲོས་ཚོགས་ཁག་དང་སྲིད་གཞུང་ཁག་མཉམ་སྤྲེལ་རྒྱལ་ཚོགས་སོགས་སུ་ཞུས་ཡོད་པ་རེད་དེ། རྒྱ་གཞུང་གི་དཔོན་རིགས་ཚོའི་དབང་ཆ་ཆེ་ཐག་ཆོད་དེ། དེ་ཙམ་གྱིས་ལེགས་འགྲུབ་བྱུང་ཡོད་པ་མ་རེད། རྒྱ་གཞུང་གིས་ལབ་པ་ལྟར་ན་ད་ལོ་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུ་འཁོར་ཡོད་པ་རེད་ལ། ང་ཚོས་ངོས་ནས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་གྱིན་ཡོད་པ་རེད། དུས་ཚིགས་གནད་འགག་ཅན་འདི་ལ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་ལས་འགུལ་སྤེལ་སྟངས་ཀྱི་ཐད་ནས་ཉེ་ལམ་ྋགོང་ས་མཆོག་གིས་གསལ་བོར་གསུངས་ཡོད་པ་རེད། ད་ལྟའི་ཆར་ཨ་མདོ་ས་ཁུལ་སོགས་མང་བོ་ཞིག་ན་ཡང་ཛ་དྲག་གི་ལས་འགུལ་དེ་མེ་བཞིན་འབར་ནས་ཡོང་གིན་འདུག ཡང་དང་བསྐྱར་དུ་དེ་འདྲ་ཡོང་དགོས་དོན་རྒྱ་མིའི་སྲིད་ཇུས་ཀྱི་མནར་གཅོད་དེས་དབང་གིས་རེད། དེ་ཚོར་ཐུགས་ཁག་ཡོད་པ་མ་རེད་དེ། ཞི་འཇམ་པོ་ཞིག་གི་འོག་ནས་གང་ཡག་ཅི་ཡག་ཞིག་ལ་དགོངས་པ་བཞེས་དགོས། འདི་ནས་ཕར་ལ་ཞུ་དགོས་པའང་འདི་ཡིན། གློ་བར་དུ་འོས་ལངས་བྱས་ཀྱང་འབྲས་བུ་མངོན་གསལ་ཞིག་ཐོན་རྒྱུ་ཁག་པོ་ཡིན་པ་མ་ཟད། རྡུང་རྡེག་དང་བཙོན་འཇུག་དམར་གསོད་མང་བོ་ཞིག་བྱུང་ཚེ་དཀའ་ངལ་ཆེན་པོ་རེད། དེ་འདྲ་མི་ཡོང་བའི་ཆེད་དུ་ག་རེ་བྱས་ན་ཡག་པོ་འདུག དེའི་ཐད་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ང ཚོ་བོད་ཀྱི་གཏམ་དཔེར། བྱ་མ་འདྲོག་གོང་ལ་སྒོང་བ་ལེན་ཐབས་ཞེས་པ་ལྟར། ང་ཚོས་ཞི་བའི་སྒོ་ནས་རྒྱ་གཞུང་ལ་བོད་དོན་འདི་ཧ་གོ་རུ་འཇུག་རྒྱུ་དེ་གལ་ཆེན་པོ་རེད། བོད་ནང་དུ་ལས་འགུལ་ག་འདྲ་ཞིག་སྤེལ་ནའང་མནར་སྤྱོད་ཚད་མེད་ཅིག་མྱོང་དགོས་ཀྱིན་ཡོད། ཐེངས་གཅིག་གཉིས་ཤིག་ལ་ལས་འགུལ་ཤུགས་ཆེ་ཙམ་སྤེལ་ཏེ། རང་གི་གཟུགས་པོ་འཕྲོ་ལྷག་ཏུ་བཏང༌། མི་ལུས་རིན་པོ་ཆེ་འདི་དུས་ཡུན་ཐུང་ཐུང་ཞིག་ལས་གནས་མ་ཐུབ་ན་བློ་ཕམ་པོ་རེད། འདི་འདྲའི་ཐོག་ཚང་མས་དགོངས་པ་ཆེ་བཞེས་གནང་དགོས། ཞེས་གསུངས་སོང༌།

 

རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཕེབས་པའི་མདོ་སྟོད་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་སུ། ད་ལོ་ནས་བཟུང་ང་ཚོས་བཙན་བྱོལ་དུ་གྱི་ལོ་ངོ་ལྔ་བཅུའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་ལ། རྒྱ་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ལྔ་བཅུའི་དུས་ཆེན་སྲུང་གཙི་བྱ་འཆར་ཡོད་པ་གཉིས་ལ་ལྟ་སྟངས་ཅི་འདྲ་ཡོད་སྐོར་དྲིས་པར་ཁོང་གིས་བརྗོད་དོན།

ང་ཚོ་བཙན་བྱོལ་དུ་ཡོང་དོན་གཙོ་བོ་བོད་ནང་ཟ་རྒྱུ་འཐུང་རྒྱུ་མེད་པ་དང༌། བོད་ནང་གི་ཁོར་ཡུག་སོགས་མ་འཕྲོད་པར་སྐྱབས་བཅོལ་དུ་ཡོང་བ་ཞིག་གཏན་ནས་མ་རེད། སྔོན་མ་བོད་ནང་དུ་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་འོག་ནས་བོད་མི་ཚོ་འཚོ་བཞུགས་བྱས་སྐབས། རྒྱ་མིའི་དབང་འཛིན་པ་དེ་ཚོས་བོད་ཐོག་དྲག་གནོན་རབ་དང་རིམ་པ་མང་བོ་སྤེལ་བྱས་ཏེ། ང་ཚོ་འུ་ཐུག་ནས་རྒྱ་མིའི་གནོན་ཤུགས་དང་དྲག་གནོན་ཞིག་གི་འོག་ནས་སྐྱབས་བཅོལ་དུ་ཡོང་བ་རེད། དེ་བཞིན་ང་ཚོ་དཀའ་ངལ་ཞིག་གི་འོག་ནས་ཡོང་སྟེ་དཀའ་ངལ་ཞིག་གི་སྟེང་དུ་འཚོ་བ་རོལ་བའི་ལོ་ངོ་ལྔ་བཅུའི་རིང་སྡུག་བསྔལ་གྱི་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། བོད་གཞིས་བྱེས་གཉིས་ཁ་བྲལ་དགོས་བའི་གནས་སྟངས་དང༌། དེ་བཞིན། བཙན་བྱོལ་ལ་འབྱོར་བའི་བོད་པ་ཚོས་སོ་སོའི་ས་ཞིང་དང་ཁྱིམ་གཞིས། གཞིས་ཆགས་དང་དགོན་སྡེ་ཁག གཞུང་སོགས་སྲ་བརྟན་དུ་བཏང་བའི་དཀའ་ངལ། བོད་ནང་ལྟ་བུར་མཚོན་ནའང་ལོ་ངོ་ལྔ་བཅུའི་རིང་དྲག་གནོན་དང༌། དམར་གསོད་བཙོན་འཇུག་སོགས་ཀྱི་སྐྱོ་སྡུག་གི་ལོ་ངོ་ལྔ་བཅུ་རེད། དེར་བརྟེན། སྔོན་མའི་དཀའ་ངལ་དང་སྐྱོ་སྡུག་གི་ལོ་ངོ་འདི་ཚོ་ད་དུང་ཡིན་ནའང་མྱ་ངན་གྱི་སྟེང་ནས་དུས་ཚིགས་དེ་དག་ཕྱིར་དྲན་གྱི་ཚུལ་དུ་དུས་དྲན་བྱེད་ཀྱིན་ཡོད། རྒྱ་མིས་བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་ངོ་ལྔ་བཅུ་འགོར་བའི་དུས་ཆེན་ལབ་ཡ་དེ་ང་ཚོས་ཤེས་བཞིན་པ་རེད། རྒྱ་གཞུང་གིས་རྟག་པར་གསར་འགྱུར་བརྒྱུད་ལམ་ཁག་དུ་བཤད་ཀྱིན་ཡོད། ཀླ་ཀློའི་མི་རིགས་ཤིག་དང་གྲལ་རིམ་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག བཀས་བཀོད་བརྒྱུད་འཛིན་གྱི་སྲོལ་ལུགས་ཤིག་ཁོང་ཚོས་བསྒྱུར་བཅོས་བཏང་ནས། སྔོན་མའི་བོད་དང་ད་ལྟའི་བོད་གཉིས་ཀྱི་བར་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་ཚུལ་དང༌། ད་ལྟའི་བོད་ལ་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཡོད་རབས་སོགས་རྫུན་གཏམ་མང་བོ་ལབ་ཀྱིན་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་འདྲ་རྫུན་གཏམ་མང་བོ་ལབ་ནས་སྔོན་མའི་བོད་ཀྱི་དཀའ་ངལ་དེ་ཚོ་ཁོང་ཚོས་སེལ་ཏེ། བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་དགའ་དགའ་སྤྲོ་སྤྲོ་དང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པའི་ངེས་འཛིན་ཐོག་ནས་དུས་ཆེན་ལབ་ཟེར་གྱིན་ཡོད། རྒྱ་མིའི་ངོས་ནས་རྫུན་གཏམ་འཁྱོག་བཤད་དེ་དག་བདེན་པར་བསྒྱུར་ཐབས་ལ་འབད་ཀྱིན་ཡོད། ང་ཚོས་བདེན་པ་དང་དངོས་ཡོད་གནས་སྟངས་དེ་རྒྱལ་སྤྱིའི་སྟེང་ལ་ར་སྤྲོད་ཐུབ་བྱ་དགོས། ཞེས་གསུངས་སོང༌།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ། བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་སྦྱོང་བརྡར་སྤྲད། ༢༠༢༥།༥།༢༡ དུས་བབ་ཀྱི་པར།
Mobile App

འཛམ་གླིང་གི་རྒྱལ་ཁབ་ ༡༤༡ ནང་སཱི་ཤེས་ཡོན་སློབ་གསོ་ངོ་སྤྲོད་གནང་ཟིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༠
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

༢༠༢༥/༠༥/༢༠
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩

མཆན། 7

  1. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བསྟན་འཛིན་ལགས་ཀྱིས་རྣག་ཐོག་གཙགས་ཁེལ་གྱི་ཐེར་འདོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply
  2. བསྟན་འཛིན says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་ཡིག་ནོར་རྐྱང་སྤེལ་གྱི་འདུག་ཅེས་ངས་ཐེངས་དང་པོར་དོན་འགྲུབ་བཀྲ་ཤིས་ཀྱི་མིང་གིས་བཟུང་ནས་བསམ་ཚུལ་སྤེལ་བ་ཡིན། ངའི་གོ་ཐོས་ལ། ང་རང་བརྩད་གཅོད་ཧ་ལས་པ་བྱེད་ཀྱི་འདུག་ཟེར་བ་ཞིག་གོ་སོང༌། མཐའ་མ་དེར་ངས་བསམ་ཚུལ་སྤེལ་རེས་ཀྱི་རེ་བ་མུ་མཐུད་བྱས་པ་ཡིན། མི་དེ་གྲག་རྒྱུ་གོ་རྒྱུ་མེད་པར་གྱུར་སོང༌། ཇི་འདྲའི་མི་ཐབས་རྡུགས་རེད་ཨང༌།

    དེ་རིང༌། དུས་བབ་ཚགས་པར་བཀླགས་པས་རྐྱེན་བྱས་ཏེ། ཡང་བསྐྱར་བསམ་ཚུལ་འདོན་དགོས་ཆགས་སོང༌། མི་འདི་ཚོར་གྲག་རྒྱུ་གོ་རྒྱུ་དང༌། ཨ་ལན་བརྡ་ལན་གང་ཡང་མི་འདུག ད་བསམས་ན། ང་འདིས། ཤིང་ཆག་གསེ་གསེ་དང༌། ལྕག་ནག་རྡུང་རྡུང་མི་བྱེད་རི་བསམ་པ་ཡིན་ལས་ཆེ། གཅིག་ཐང་ན། ད་ནི་མི་འདི་མ་སླེབས་ཆོག་ཨང་བསམ་གྱི་ཡོད་ལས་ཀྱང་ཆེ། འོན་ཏེ། ངས་ནི་ད་དུང་ཡང་དུས་བབ་འདི་ཡར་རྒྱས་ཀྱི་ཆེད་དུ་སྐད་ཆ་བཤད་འདོད་ཡོད། དུས་བབ་འདིའི་ཆེད་དུ་བསམ་ཚུལ་འདོན་འདོད་ཡོད།

    རེ་བ་གཅིག་ཡོད། སྐུ་དྲིན་ཆེ། ཡིག་ནོར་ལ་གཟབ་གཟབ་དང་སྡེབ་སྦྱོར་ལ་གཟབ་གཟབ་ཅིག་གནངས་རོགས། ཨ་མདོ་དགེ་འདུན་རབ་གསལ་སོགས་དུས་བབ་གསར་འཛུགས་བྱེད་པོ་དག་གི་རྐང་རྗེས་ལག་བསུབ་ཏུ་མི་འགྲོ་བ་ཞིག་ཐུགས་ལ་བསྣམས་རོགས་ཞེས་ཀྱང་ཞུ་བར་ཐལ་ལོ།། ཤ་ཚའི་གཏམ་ཡིན། སྙན་པོ་རང་བྱུང་མ་སོང༌། དགོངས་དག

    Reply
  3. བསྟན་འཛིན says:
    ལོ་ 16 སྔོན།

    གསལ་བཤད།

    བསམ་ཚུལ་སྤེལ་བའི་ནང༌། ༼དུ་དུང་༽ཞེས་པ་ངེད་རང་ནས་གཏགས་ནོར་ཤོར་འདུག ༼ད་དུང་༽ཞེས་སུ་བཅོས་གནངས་རོགས།

    Reply
  4. བསྟན་འཛིན says:
    ལོ་ 16 སྔོན།

    གསལ་བཤད།

    བསམ་ཚུལ་སྤེལ་བའི་ནང༌། ༼དུ་དུང་༽ཞེས་པ་ངེད་རང་ནས་གཏགས་ནོར་ཤོར་འདུག ༼ད་དུང་༽ཞེས་སུ་བཅོས་གནངས་རོགས།

    Reply
  5. བསྟན་འཛིན says:
    ལོ་ 16 སྔོན།

    གྲོགས་སྨོན་ལམ་མཐར་ཕྱིན་ལགས།

    དུས་བབ་པ་དག་ནོར་བའི་ལམ་འཕྱན་ནས།།
    རང་གཞན་ཞེ་འདོད་ནོར་བའི་གནད་དག་ལ།།
    ཐེངས་གཅིག་ལམ་རྒྱུས་བསྟན་པ་ཐུགས་རྗེ་ཆེ།།
    ཡང་ཡང་ལམ་སྟོན་མཛོད་ཅིག་གྲོགས་པོ་ཀྱེ།།

    Reply
  6. བསྟན་འཛིན says:
    ལོ་ 16 སྔོན།

    དེ་རིང་བོད་ཀྱི་དུས་བབ་གསར་ཤོག་འབྱོར་བ་དང་བཀླགས་པ་ཡིན། གསུམ་བཅུའི་དུས་དྲན་ཉིན་གྱི་འདོན་ཐེངས་རེད། ངས་ཞིབ་ཚགས་པོས་བཀླགས་པ་ནི། ༼ལྔ་བཅུའི་དུས་དྲན་དང་གསུམ་བཅུའི་དུས་དྲན་སྐོར་ལ་བསམ་ཚུལ་བསྡུས་པ༽ཞེས་པ་སྟེ། ཤོག་ངོས་ ༦ པ་ཆ་ཚང་དེ་ཡིན། རགས་པའི་གྲངས་ཀ་ཞིག་བརྒྱབ་པ་ཡིན། དེའི་ནང་ནས་འགའ་ཤས་ཤིག་ཟུར་འདོན་ཞུས་པ་ཡིན་ན། སྤྱིར་བཏང་ལ་༼སྤྱི་༽བཏང༌། གོ་རྟོགས་ལ་གོ་༼རྟོག༽ སྒྲུབ་སྟངས་ལ་༼བསྒྲུབ༽་སྟངས། སྡུག་ཏུ་ལ་སྡུག་༼རུ།༽ རྫོགས་པས་ལ་རྫོགས་༼པའི་༽། རྡུང་རྡེག་ལ་༼རྡེང་རྡུག༽ འཚོགས་པ་ལ་༼ཚོགས༽་པ། འཕར་སྣོན་ལ་འཕར་༼བསྣོན།༽ སྡོད་མི་ཚུགས་ལ་༼བསྡོད༽་མི་ཚུགས། གཞི་འཇམ་པོ་ལ་༼ཞི་༽འཇམ་པོ། གསུངས་སོང་ལ་༼གསུང་༽སོང༌། སྒོ་ང་ལ་༼སྒོང་བ༽་ཞེས་བྲིས་ནོར་བྱས་འདུག་པ་ལྟ་བུ་རེད། བསྡོམས་པས་ཤོག་ངོས་གཅིག་གི་ནང་དེར་ཡིག་ནོར་བརྡ་ནོར་ ༤༨ སྤུངས་འདུག དྲ་རྒྱའི་ནང་དུའང་བཀོད་འདུག ཁ་བྱང་ལ་༼ལྔ་བཅུའི་དུས་དྲན་ལ་སྤྱི་འཐུས་ཁག་ཅིག་གི་དགོངས་ཆར༽ཞེས་དགོངས་འཆར་གྱི་དག་ཆ་ལ་དགོངས་༼ཆར༽ཞེས་ནོར་ནས་བྲིས་འདུག་པ་དང༌། ཚགས་ཤོག་ན་མེད་པ། དྲ་རྒྱ་ན་ཡོད་པའི་གསལ་བཤད་ཀྱི་ཕྲེང་བའི་ནང༌། གསུམ་བཅུ་ལ་གསུམ་༼བཅི་༽ཞེས་བྲིས་པ་སོགས་བསྡོམས་ན་ཡིག་ནོར་གྱི་གྲངས་ཀ་དུ་དུང་འཕར་ཆ་བྱེད་པ་ཞིག་ཏུ་འདུག
    གཞན། ཚགས་ཤོག་ནང༌། ཞེ་པོ་ཞིག་བཅོས། ཧོབ་དུ་སྒང་ལ། བྱས་ཉན་གྱི། རེག་ཡ་དེ་རེད། སློབ་སྦྱོང་ཡོད་ཉན་གྱི་རིགས། སློབ་སྦྱོང་མེད་ཉན་གྱི་རིགས། ཡག་རུ་འགྲོ་ཡ། དགོངས་པ་ཆེ་སུ་བཞེས་གནང་རྒྱུ་སོགས་དེ་སྔོན་བོད་ཀྱི་དུས་བབ་ཀྱི་ཚིག་འགྲོས་ལ་ཚད་དང་མཚམས་ངེས་ཅན་ཞིག་ཡོད་པ་དེ་ཡང༌། ད་ཚོད་བརྡལ་བཤིག་བཏང་ནས་འདུག་པ་ནི་ཡར་རྒྱས་ཀྱི་རྣམ་པ་མ་རེད། ཉམས་རྒུད་ཀྱི་རྣམ་པ་རེད། དུས་བབ་ཀྱི་རྩོམ་སྒྲིག་པ་དང༌། དུས་བབ་ཀྱི་གསར་འགོད་པ་ཚོས། ཐུགས་གཟབ་ཅིག་གནངས་དགོས་ནས་འདུག་ཅེས་ཡང་བསྐྱར་ཞུ་དགོས་དོན་འདི་ཡིན། དུས་བབ་ཀྱིས་དམིགས་བསལ་ལེ་ཚན་ཞིག་གཉེར་བ་ལ། དམིགས་བསལ་གྱི་བསམ་འཆར་ཙམ་ཞུས་པ་ཡིན། ཞུ་ཐལ་དུ་སོང་ཡོད་ན་དགོངས་པ་མ་ཚོམས་ཞུ།

    དག་སྡེབ་རི་མོ་ཅི་ཡང་འཆར་བའི་མིག་འདི་ཇི་འདྲའི་གསལ་བ་ལ།།
    དམིགས་སུ་བསལ་བའི་གསར་གནས་རི་མོ་ཡིག་ནོར་རྨ་ཁས་སྒྲིབ་པ་མཐོང༌།།
    རྣག་གི་ཐོག་ལ་གཙག་བུ་འདེབས་པའི་སྟངས་ཀ་གོམས་པའི་བག་ཆགས་ཀྱིས།།
    སྙིང་བརྩེ་ཡིད་ཆད་འཐམ་པའི་སྐྱེས་འདི་དམུས་ལོང་དག་ལ་ནོམ་དུ་བསྟབས།།

    མ་ཤེས་དག་ཡིག་གསར་བསྒྲིགས་ཀྱི།།
    གླེགས་བམ་སྔས་སུ་བྱེད་པ་གལ།།
    ཤེས་ནས་རང་དོན་ཁུར་འཁྱེར་བའི།།
    སྤོབས་པ་བསྐྱེད་པ་ཀུན་དགེའི་གཞི།།

    མི་ལོ་སུམ་ཅུའི་འཐུས་ཤོར་ཞེས།།
    གོང་ས་མཆོག་གིས་གསུངས་པ་བདེན།།
    དུས་བབ་པ་ཚོས་འདི་འདྲ་ལས།།
    མ་འཇོན་སེམས་པ་ཆུ་ལས་གྲང༌།།

    Reply
  7. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    དྲི་བ་འདྲི་མཁན་གྱིས་༼རྒྱ་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་སྟེ་ལོ་ལྔ་བཅུའི་དུས་ཆེན་སྲུང་གཙི་བྱ་འཆར་ཡོད་༽སྐོར་གསུངས་པ་དེ་ཏག་ཏག་མ་རེད། རྒྱ་གཞུང་གིས་ད་ལྟ་བཙན་ཤེད་ཐོག་དུས་དྲན་བརྩི་སྲུང་བྱ་བཅུག་རྒྱུ་དེ་ནི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་ཞེས་པ་དང༌། བོད་དུ་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ་ 50 འཁོར་བ་ཞེས་པ་གཉིས་ཡིན་པས་པས་ནོར་མི་ཉན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese