མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁས་དབང་མཁར་རྨེ་བསམ་གཏན་ལགས་སུ་བཅར་འདྲི།

བོད་ཀྱི་དུས་བབ།
༢༠༠༩/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་ང་རང་བོད་རིག་པའི་མཁས་དབང་སྐུ་ཞབས་མཁར་རྨེ་བསམ་གཏན་ལགས་ལ་མཇལ་བའི་གོ་སྐབས་བྱུང་ཞིང་། སྐབས་དེར་ཁོང་ལ་ད་ལྟའི་བོད་པའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་མ་འོངས་པའི་ཁ་ཕྱོགས་བཅས་ཀྱི་ཐད་དགོངས་ཚུལ་ཅི་ཡོད་འདྲི་རྒྱུའི་གོ་སྐབས་བྱུང་ལ། སྐབས་དེའི་དྲི་བ་དྲི་ལན་ཁག་ཅིག་གཤམ་དུ་བཀོད་ཡོད།

དྲི་བ། སྐུ་ཉིད་ནི་ཡུ་རོབ་ལ་ཕེབས་པའི་བོད་པ་ཐོག་མའི་གྲས་རེད་ཅེས་གོ་མྱོང་། སྐབས་དེ་དུས་ཀྱི་རེ་བ་དེ་གང་འདྲ་ཞིག་ཡིན་ནམ།

ལན། དང་པོ་ང་ཚོའི་དམིགས་ཡུལ་ནི་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནས་སྟངས་འཛམ་གླིང་ལ་ངོ་སྤྲོད་བྱེད་རྒྱུ་དེ་ཡིན། ༡༩༥༩ ལོའི་སྔོན་ཏེ་ང་ཚོ་འདིར་མ་ཡོང་བའི་སྔོན་ལ་བོད་ཅེས་པ་དེ་ལུང་པ་གང་དུ་ཡོད་མེད་ཁྱོན་ནས་ཧ་གོ་གི་ཡོད་པ་མ་རེད། དེར་བརྟེན་ང་ཚོ་འདིར་ཡོང་དོན་ནི་ང་ཚོ་སུ་རེད། ས་ཆ་གང་ནས་ཡོང་བ་ཡིན། བོད་ཀྱི་ཤེས་རིག་དེ་ཅི་རེད། འདི་དག་ཕྱིའི་མི་རིགས་ལ་འགྲེལ་བཤད་རྒྱག་རྒྱུ་དེ་འདྲ་ཞིག་ཡིན། འདི་ང་ཚོའི་ཐོག་མའི་དམིགས་ཡུལ་འདྲ་བོ་ཡིན། དེ་དུས་ཡུ་རོབ་གླིང་གི་མཐོ་རིམ་སློབ་གྲྭ་སོ་སོས་ང་ཚོའི་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་གི་ཡིན་ཅེས་ང་ཚོ་ཐོག་མར་སྐད་བཏང་བ་རེད། དེ་ལྟར་ང་ཚོ་འདིར་ཡོང་བ་རེད།

དྲི་བ། བོད་ཀྱི་གནད་དོན་འདི་ཕྱོགས་གཅིག་ནས་རྒྱལ་ཁབ་ཁག་གི་སྲིད་གཞུང་རིམ་པ་ནས་གླེང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ནི་སྐུ་ཉིད་ནས་གསུངས་པ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་རིམ་པ་ན་འགྲོ་གི་ཡོད་པ་རེད། ཡིན་ཡང་དེང་སྐབས་བོད་ཕྱི་ནང་གཉིས་ན་བོད་རིག་པ་ཅེས་པའི་སྡེ་ཚན་ཞིག་གི་འོག་ན་བོད་ཀྱི་གནད་དོན་འདི་གླེང་གི་ཡོད་པ་རེད། དེ་བྱས་དུས་འདིའི་ཁ་ཕྱོགས་དང་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་པ་རེད།

ལན། བོད་རིག་པའི་ཞིབ་འཇུག་ཅེས་པ་དེ་ད་སྐབས་ཕྱོགས་ཁག་མི་འདྲ་བ་གཉིས་ཆགས་པ་རེད། རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པ་མང་ཆེ་བ་དེ་ཚན་རིག་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ངོ་སྤྲོད་བྱེད་པའི་རིམ་པ་ཞིག་ལ་འགྲོ་གི་ཡོད་པ་རེད། རྒྱ་ནག་ནས་ཡོང་བཞིན་པའི་བོད་རིག་པའི་ཞིབ་འཇུག་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སྒྲུབ་བྱེད་འཚོལ་གི་ཡོད་པ་རེད། ཁོ་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་པ་ལ་གཙོ་ཆེ་ཤོས་ཤིག་ནི་སྔ་མོའི་ལོ་རྒྱུས་དང་དེའི་རྗེས་ཀྱི་བོད་དང་རྒྱ་ནག་གཉིས་བར་འབྲེལ་བ་གང་བྱུང་བ་དེ་དག་སྟབས་གང་བདེའི་སྒོ་ནས་སྒྲིག་སྟེ་བོད་འདི་ཕར་རྒྱ་ནག་གི་འོག་ལ་ཕྱིན་སྟངས་དང་། དེའི་སྒྲུབ་བྱེད་གང་ཡིན་གསལ་བོ་བཟོ་གི་ཡོད་པ་རེད། ཡིན་ཡང་རྒྱ་ནག་གི་ཕྱི་ལོགས་ལ་ཡོད་པའི་བོད་རིག་པའི་ཞིབ་འཇུག་བྱེད་མཁན་ཚོའི་དམིགས་ཡུལ་དེ་འདྲ་མ་རེད། བདེན་པའི་གནས་ཚུལ་གྱི་ཐོག་ནས་ཞིབ་འཇུག་བྱེད་པ་མ་གཏོགས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་མིན་གྱི་རྩོད་པའི་ཐོག་ལ་བསམ་འཆར་ཡོད་པ་མ་རེད། བྱས་ཙང་ཞིབ་འཇུག་བྱེད་སྟངས་ཀྱི་དམིགས་ཡུལ་རྦད་དེ་ཁ་ཁ་རེད། དེ་གཉིས་ཁ་ཕྱོགས་ལྡོག་ནས་འགྲོ་གི་ཡོད་པ་རེད།

དྲི་བ། ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༠ འགོར་བ་རེད། སྐུ་ཉིད་ནི་བོད་རྒྱ་ཞི་མོལ་ཞེས་པ་དེར་ཡིད་ཆེས་ཡོད་དམ།
ལན། ངའི་བསམ་པར་དབུ་མའི་ལམ་གྱི་ཐོག་ནས་འགྲོ་བ་དེ་སྐུ་མདུན་གྱིས་རྒྱ་ནག་གཞུང་ལ་ཐེངས་མང་པོར་ཞུས་པ་རེད། རྒྱལ་སྤྱིའི་སྲིད་དོན་གྱི་དཔོན་རིགས་ཁག་བརྒྱུད་ནས་ཀྱང་སྐད་ཆ་བཤད་པ་རེད། རྒྱ་ནག་གཞུང་ནས་ཁ་ཐུག་གི་ལན་གང་ཡོང་གི་ཡོད་པ་རེད་ཅེ་ན། འདི་རང་བཙན་ལེན་རྒྱུའི་དམིགས་ཡུལ་ཞིག་རེད་མ་གཏོགས་རང་སྐྱོང་བཤད་གིན་ཡོད་པ་མ་རེད་ཅེས་ལན་རྒྱག་གི་ཡོད་པ་རེད། དེ་བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གཞུང་གཉིས་ཀྱི་བསམ་ཚུལ་མདུང་རྩེ་ཁ་སྤྲོད་ལྟ་བུ་ཆགས་བསྡད་ཡོད་པ་རེད། འགལ་ཟླ་ཆེན་པོ་རེད། ང་ཚོའི་དམིགས་ཡུལ་དེ་འགྲུབ་ཁག་པོ་མེད་འགྲོ་བསམ་གྱི་འདུག ཡིན་ཡང་ངའི་བསམ་པར་ཉི་མ་ཞིག་ལ་བོད་རང་བཙན་འཐོབ་པའི་རེ་བ་ཞེ་དྲག་ཡོད། གང་ཡིན་ཅེ་ན། ལོ་རྒྱུས་ཐོག་ནས་བལྟས་ན། རྒྱ་ནག་གི་ལོ་རྒྱུས་ཐོག་ནས་ཆབ་སྲིད་ཤུགས་ཆེ་ཤོས་ཤིག་ཐང་རྒྱལ་རབས་རེད། དེའི་རྗེས་ནས་མིན་རྒྱལ་རབས་རེད། དེ་ནས་སུང་དང་ཡོན། ཆིན་བཅས་ལོ་རྒྱུས་རིམ་པ་བཞིན་དུ་ཡོད་པ་རེད། རྟག་པར་དུ་སྡོོད་པ་ཞིག་ཡོད་པ་མ་རེད། འགྱུར་བ་འགྲོ་གི་རེད། དེ་ནང་བཞིན་ཉིན་ཞིག་ལ་འགྱུར་བ་ཞིག་ཡོང་གི་རེད། ད་ལྟ་རྒྱ་ནག་གིས་ཆབ་སྲིད་ཚོགས་པ་གཅིག་མ་གཏོགས་ཡོང་འཇུག་གི་ཡོད་པ་མ་རེད། བྱས་ཙང་རྒྱ་ནག་གི་མི་འབོར་འདི་འདྲའི་ཆེན་པོ་ཞིག་ལ་ཆབ་སྲིད་ཚོགས་པ་གཅིག་གིས་དབང་བསྒྱུར་བྱ་རྒྱུ་དེ་ཉི་མ་གཅིག་ལ་ཁག་པོ་ཆགས་གི་རེད། དཔེར་ན། ༡༩༨༨ ལོའི་སྔོན་ལ་ཨུ་རུ་སུའི་རྒྱལ་ཁབ་ལ་དེ་འདྲའི་དཀའ་ངལ་ཞིག་ཡོང་གི་རེད་ཅེ་ན་མི་སུ་ཞིག་གི་ཨམ་འཇོག་ནང་ལ་འགྲོ་གི་ཡོད་པ་མ་རེད། རྒྱལ་ཁབ་དེ་འདྲའི་སྟོབས་ཤུགས་ཆེན་པོ་ཞིག་ཉི་མ་གཅིག་ལ་རྦད་དེ་གས་ནས་ལུང་པ་མང་པོར་ཆགས་པ་རེད། འདི་རེ་བ་འདྲ་བོ་ཞིག་ཡིན། འདི་འདྲ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་ཡོང་གི་རེད་དང་མ་རེད་ཅེ་ན་བཤད་ཁག་པོ་རེད་དེ། གལ་སྲིད་དེ་འདྲ་ཞིག་བསླེབས་པ་ཡིན་ན་ང་ཚོ་བོད་པ་ཚོས་དེ་ལ་དཔག་པའི་ལས་ཀ་བྱེད་པར་གྲ་སྒྲིག་ཡོད་པ་རེད་དམ་མ་རེད་ཅེ་ན་ང་ལ་དོགས་པ་ཡོད། ངའི་བསམ་པར་བོད་པའི་ནང་ཁུལ་ལ་ཆོལ་ཁ་གསུམ་བྱས། ཆོས་ལུགས་ཀྱི་ནང་ནས་ཀྱང་མི་མཐུན་པ་མང་པོ་ཆགས། དེ་བྱས་དུས་བོད་ཀྱི་ཆིག་སྒྲིལ་དེ་ཡག་པོ་ཞིག་ཡོང་དང་མི་ཡོང་ཐད་ང་ལ་དོགས་པ་ཡོད། སྤྱིར་དབུ་མའི་ལམ་ནས་བོད་དོན་སེལ་ཐུབ་པའི་རེ་བ་ཡོད། ཡིན་ཡང་ཕལ་ཆེར་རེ་བ་དེ་སྟོང་བ་མིན་འགྲོ་བསམ་ཡོད།

དྲི་བ། ང་ཚོས་ལོ་ ༣༠ ལྷག་གི་རིང་ལམ་ཁ་འདིར་རེ་བ་བརྒྱབས་པ་རེད། གལ་སྲིད་འདི་མི་འགྲུབ་ཚེ་ང་ཚོར་ལམ་ཁ་གཞན་པ་འདྲ་ཡོད་པ་རེད་དམ།
ལན། ཡང་ན་དབུ་མའི་ལམ་ལ་འགྲོ་དགོས་པ་རེད། དེ་མིན་ན་བརྒྱ་ཆ་བརྒྱ་ཐམ་པ་རང་བཙན་གྱི་ཐོག་ལ་འགྲོ་དགོས་པ་རེད། དེ་མིན་པའི་ལམ་ཁ་ནི་དཀའ་ལས་ཁག་པོ་ཆགས་སོང་བསམ་གི་ཡོད། ཡིན་ཡང་ང་རང་གི་བསམ་ཚུལ་ཞིག་ལ། དེ་རིང་སང་ཉིན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསླེབས་བསྡད་ཡོད་པ་རེད། དེ་བྱས་དུས་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་སྔོན་མ་ལོ་ ༣༠༠ སྔོན་གྱི་ལམ་ལུགས་རེད། ༡༦༤༢ ལོ་ནས་ད་བར་དུ་ཆབ་སྲིད་ཀྱི་ལམ་ལུགས་གཅིག་པ་རེད། ངའི་བསམ་ཚུལ་ལ་མུ་མཐུད་དུ་ཆབ་སྲིད་ཀྱི་ལམ་ལུགས་འདི་ཉར་ནས་འགྲོ་དགོས་ན་དཀའ་ལས་ཁག་པོ་རེད། འཛམ་བུ་གླིང་ལ་ལོ་ ༣༠༠ སྔོན་ལ་ཆབ་སྲིད་ཀྱི་ཕྱོགས་ནས་གནས་ཚུལ་ལ་འགྱུར་བ་མང་བོ་ཕྱིན་པ་རེད། ཡིན་ཡང་ང་ཚོས་ལོ་ ༣༠༠ རིང་གི་ཆབ་སྲིད་ཀྱི་ལམ་ལུགས་གཅིག་ཉར་ནས་བསྡད་ཡོད་པ་རེད། ལམ་ལུགས་འདི་གང་འདྲ་རེད་ཟེར་ན། རྒྱལ་བ་རིན་པོ་ཆེ་སྐུ་ཐོག་རིམ་བྱོན་ནས་སྐུ་ཕྲེང་བཅུ་བཞི་པ་བར་དུ་ཕེབས་ཡོད་པ་རེད། འདི་ལྟར་མུ་མཐུད་ཕྱིན་པ་ཡིན་ན་ཉི་མ་གཅིག་ལ་ང་ཚོར་སྐུ་ཕྲེང་བཅོ་ལྔ་པ་དེའང་ཡིན་གཅིག་མིན་གཅིག་དགོས་པ་རེད། ངས་བལྟས་ན་འདི་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད་བསམ་བསྡད་ཡོད། རྒྱལ་བ་སྐུ་ཕྲེང་གཅིག་འདས་ནས་སྐུ་ཕྲེང་གཞན་པ་དེ་སྲིད་ཁྲིར་ཕེབས་རག་བར་དུ་ལོ་མང་པོ་ཞིག་ལ་བསྒུག་དགོས་པ་རེད། དེའི་ཁར་སྐུ་ཕྲེང་དེ་གང་དུ་འཁྲུངས་མིན་སོགས་ལའང་དཀའ་ངལ་རེད། དེ་རིང་སང་ཉིན་འཛམ་གླིང་གི་སྲིད་འཛིན་དེ་འདྲ་ཡིན་ན་ཉིན་གཅིག་དང་གཉིས་ཀྱི་རིང་ལ་ཐག་ཆོད་དགོས་ཀྱི་ཡོད་པ་རེད། ང་ཚོས་ལོ་ ༡༥ དང་ ༡༦ དེ་འདྲའི་རིང་ལ་བསྒུག་དགོས་དུས་དེའི་རིང་ལ་ག་རེ་ཡོང་མིན་སུས་ཤེས། དེ་བས་ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་སྐུ་དངོས་སུ་བཞུགས་པའི་སྐབས་ལ་བོད་མི་མང་ཚང་མ་ཆིག་སྒྲིལ་ཆགས་ཡོད་པ་རེད། བོད་ཀྱི་ལོ་རྒྱུས་སྟེང་འདི་ལྟའི་ཆིག་སྒྲིལ་ཞིག་ཡོང་མྱོང་ཡོད་པ་མ་རེད། ང་ཚོར་༧རྒྱལ་བ་རིན་པོ་ཆེ་ལྟ་བུའི་དབུ་ཁྲིད་བསམ་གྱིས་མི་ཁྱབ་པ་ཞིག་ཕེབས་ཡོད་པ་རེད། གལ་སྲིད་ཁོང་མི་བཞུགས་དུས་ཤིག་ལ་བོད་མི་རྣམས་ཀྱིས་ད་ལྟའི་ཆིག་སྒྲིལ་འདི་ཉར་ཐུབ་མིན་ནི་དོགས་པ་ཆགས་ཡོད་པ་རེད། དེ་རིང་སང་ཉིན་འཛམ་གླིང་སྟེང་བོད་ཀྱི་སྐོར་ལ་སྐད་ཆ་བཤད་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་མི་བཤད་མཁན་ཡོད་པ་མ་རེད། དེའི་རྗེས་ལ་ག་རེ་ཡོང་གི་རེད་དེ་ལ་ཚོད་དཔག་བྱས་ནས་བསྡད་ཡོད་པ་རེད། ཡིན་ཡང་། ང་ཚོ་བོད་པ་ཚོས་འདིའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། བོད་པ་ཚོར་རྣམ་རྟོག་ཆེན་པོ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་འདས་འགྲོ་གི་རེད་ཅེས་སྐད་ཆ་བཤད་ཐུབ་གི་མ་རེད། བཤད་འདོད་ཀྱང་ཡོད་པ་མ་རེད། བཤད་ཀྱང་ཉན་འདོད་ཡོད་པ་མ་རེད། ཚང་མས་ཁ་བཙུམ་ནས་བསྡད་ཡོད་པ་རེད། བྱས་ཙང་ད་ནི་སྐད་ཆ་བཤད་དགོས་པ་རེད། ཉི་མ་གཅིག་ལ་དཀའ་ངལ་འཕྲད་དུས་ང་ཚོ་ཚང་མ་ནག་ཁུང་ནས་ཕར་མཆོངས་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། གནས་སྟངས་དེ་འདྲ་རེད། ལོ་རྒྱུས་སྟེང་ནས་བཤད་ན། སྔོན་མ་༧རྒྱལ་བ་སྐུ་ཕྲེང་རེ་འདས་སྐབས་བོད་ལ་དཀའ་ངལ་ཡག་ཐག་ཆོད་རེ་ཡོང་གི་ཡོད་པ་རེད། ཡིན་ཡང་སྔོན་མ་དཀའ་ངལ་འཕྲད་དུས་ང་ཚོར་རང་གི་ལུང་པ་ཡོད་པ་རེད། དེང་སང་དེ་འདྲ་མ་རེད། བྱས་ཙང་དེ་མི་ཡོང་བའི་ཐབས་ཤེས་གང་ཡོད་པ་རེད་ཟེར་ན། དེ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱི་ཕྱག་ལ་ཉར་བསྡད་ཡོད་པ་རེད། ཁོང་གིས་ཅིག་གསུངས་པ་ཡིན་ན་ད་ལྟ་མི་སུ་གཅིག་གིས་ཀྱང་དེ་མ་རེད་ཅེས་སྐད་ཆ་བཤད་མཁན་ཡོད་པ་མ་རེད། མ་རེད་ཟེར་མཁན་ཡོད་ན་ཁོར་རྒྱུ་མཚན་ཞིག་དགོས་པ་རེད། ཡིན་ཡང་རྒྱུ་མཚན་ཡོད་པ་མ་རེད། ངས་འདི་ལྟར་བཤད་ན་བོད་པ་ཚང་མ་ང་ལ་དགའ་གི་མ་རེད། ང་ལ་དགའ་གི་མ་རེད་ཅེས་སྐད་ཆ་མ་བཤད་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད།

དྲི་བ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་གི་ཡང་སྲིད་ཕེབས་སྟངས་སྐོར་ལ་གདམ་ཀ་འགའ་གསུངས་ཡོད་པ་རེད། ད་ལྟའི་བོད་ཀྱི་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་སྐུ་ཉིད་ནས་གདམ་ཀ་གང་ཞིག་འཚམ་ཤོས་སུ་མཐོང་གི་ཡོད་དམ།
ལན། ངའི་བསམ་ཚུལ་ཡིན་ན་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་མ་འདས་སྤྲུལ་སྐུ་འདྲ་བོ་ཞིག་ངོས་འཛིན་གནང་བ་ཡིན་ན་འོས་པར་མཐོང་གི་ཡོད། གང་ཡིན་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་ཁོང་གིས་གསུངས་པ་ཡིན་ན་མི་སུ་གང་གིས་ཡིན་དང་མིན་ཟེར་ཐུབ་པ་ཡོད་པ་མ་རེད། ཡིན་ཡང་། རྒྱ་ནག་གིས་ཀྱང་ཏཱ་ལའི་བླ་མ་ཞིག་ངོས་འཛིན་བྱེད་མདོག་ཁ་བོ་རེད། གང་ལྟར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་སྐུ་དངོས་སུ་གསུངས་པ་ཡིན་ན་དེའི་ཤུགས་འདྲ་གི་མ་རེད། གཙོ་བོ་བོད་མི་རིགས་ཀྱིས་ཁོང་ལ་ཡིད་ཆེས་བྱེད་གི་རེད། དཔེར་ན། ༧པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པ་དང་གཅིག་པ་མིན་འགྲོ་བསམ་གི་འདུག

དྲི་བ། སྐུ་ཉིད་ལ་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིར་དགོངས་ཚུལ་གང་འདྲ་ཡོད་དམ།
ལན། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཞུ་བ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་བསྡད་པ་ཞིག་རེད། ༡༦༤༢ ལོ་ནས་བཟུང་ ༡༩༥༩ ལོ་བར་དུ་བརྟན་པོར་བཟུང་བ་རེད། དེ་བྱས་དུས་ལོ་རྒྱུས་ཀྱི་ཐོག་ནས་ཞེ་དྲག་གལ་ཆེན་པོ་རེད། ཡིན་ན་ཡང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་དུ་འཁྱེར་འགྲོ་རྒྱུ་དེ་དཀའ་ལས་ཁག་བསྡད་ཡོད་པ་རེད། ཆབ་སྲིད་ཟེར་བ་འདི་ལོ་བརྒྱ་ཕྲག་ཕར་ཞོག དེ་རིང་སང་ཉིན་ཉི་མ་རེ་ཟུང་གི་ནང་དུའང་འགྱུར་བ་འགྲོ་བ་མང་པོ་ཡོད་པ་རེད། ངའི་བསམ་པར་ད་སྐབས་བོད་ཀྱི་དོན་དག་ལ་བླ་མ་དང་གྲྭ་བ་ཚོས་ལས་ཀ་བྱེད་ན་མ་གཏོགས་མི་སྐྱ་ཞིག་གིས་ཕལ་ཆེར་ལས་ཀ་བྱེད་མི་ཐུབ་པའི་བཟོ་འདྲ་ཞིག་མཐོང་གི་འདུག འཛམ་གླིང་མི་དམངས་ཀྱི་སྣང་ངོར་ཡང་བོད་པ་རེད་ལབ་དུས་སྐྲ་བཞར་ཡོད་པ་དང་། གྲྭ་ཆས་གོན་ཡོད་མཁན་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་རེད་མ་གཏོགས། གཞན་བོད་པ་ཞེས་པའི་གཟུགས་བརྙན་དེ་མི་ཚང་མར་ཧ་ཅང་གི་གསལ་བོ་ཡོད་པ་མ་རེད། དེ་བྱས་དུས་འཛམ་གླིང་སྤྱི་ལ་བོད་ལབ་དུས་གྲྭ་བའི་སྡེ་མ་གཏོགས་གཞན་པར་མཐོང་མེད་པའི་གནས་ཚུལ་ཆགས་ཡོང་གི་འདུག ང་ཚོ་དམངས་གཙོའི་རིང་ལུགས་ངོ་མ་ཞིག་ལ་འགྲོ་གི་ཡིན་ན་ཆོས་སྲིད་གཉིས་ད་ལྟ་ནས་ཁ་ཁར་ཕྱེ་ན་མ་གཏོགས་རྗེས་ལ་དཀའ་ངལ་ཞིག་འཕྲད་ཡོང་གི་རེད་བསམ་གྱི་འདུག

དྲི་བ། ཆོས་སྲིད་ཟུང་འབྲེལ་འདི་ཁ་ཁར་ཕྱེ་བ་ལ་དཀའ་ངལ་འདྲ་གཟིགས་ཀྱི་མི་འདུག་གམ།

ལན། ཉེ་ལམ་ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་མ་འཚོགས་པའི་སྔོན་ལ་ངས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ལ་རྩོམ་ཐུང་ཞིག་བྲིས་པ་ཡིན། གང་ཡིན་ཟེར་ན། བོད་ཀྱི་ནང་པའི་ཆོས་དེ་ང་ཚོར་མེད་དུ་མི་རུང་བ། ཚང་མར་དགོས་བསྡད་པ་ཞིག་རེད། ཡིན་ཡང་། ཆོས་བྱེད་པ་ནི་མི་སོ་སོའི་ལས་འགན་ཞིག་རེད་མ་གཏོགས། འདིའི་ལམ་ལུགས་འདི་སྤྱི་ཚོགས་ཆེན་པོ་ཞིག་གི་སྟེང་ལ་བཞག གཞུང་འབྲེལ་ཐོག་དེར་ལག་པ་འཆང་བསྡད་ན་ཁག་པོ་ཆགས་ཡོང་གི་རེད། ཆོས་དང་སྲིད་ཁ་ཁར་ཕྱེ་བ་ཡིན་ན་དེ་རིང་དུས་རབས་ཉེར་གཅིག་པའི་ནང་དུ་འགྲོ་བར་དཀའ་ངལ་མི་འདུག་བསམ་གྱི་ཡོད། འདི་ལྟར་བཤད་ཡོང་དུས་མི་ཁ་ཤས་ཀྱིས་ཁོ་ཆོས་ལ་དགའ་བོ་མི་འདུག་ཟེར་བ་འདྲ་བོ་བཤད་མདོག་ཁ་བོ་རེད་དེ། དེ་མིན། སྐད་ཆ་དྲང་མོ་ཡིན། དུས་རབས་ཉེར་གཅིག་པའི་ནང་འདིར་བླ་མ་ཚོས་མཚམས་རེར་ཆོས་བྱེད་ཀྱི་ཡོད་པ་འདྲ་བོ། མཚམས་རེར་ཆབ་སྲིད་ཀྱི་ཐོག་ལ་ལས་ཀ་བྱེད་ཀྱི་ཡོད་པ་འདྲ་བོ། དེ་འདྲའི་སྐད་ཆ་མང་པོ་ཡོང་གི་ཡོད་དུས་ཁག་པོ་མིན་འགྲོ་བསམ་གྱི་འདུག གང་ཡིན་ཟེར་ན། ཆབ་སྲིད་ཀྱི་ཐོག་ནས་འགྲོ་དུས་སྐད་ཆ་མང་པོ་བཤད་དགོས་གི་རེད། སྐད་ཆ་བཤད་དུས་གྲྭ་བ་ཡིན་ནའང་འདྲ། བླ་མ་ཡིན་ནའང་འདྲ། སྐད་ཆ་དྲང་པོར་བཤད་པ་ཁག་པོ་རེད། བྱས་དུས་ཆབ་སྲིད་ཀྱི་ལས་ཀ་འདི་ཆོས་ལུགས་དང་བསྟུན་རྒྱུ་དེ་དཀའ་ལས་ཁག་པོ་རེད། ཧྥ་རན་སི་ལྟ་བུ་ཡིན་ན་ཆོས་སྲིད་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལྷག་ཕྱིན་པ་རེད། སྔོན་མ་ཁོ་ཚོ་ཡང་ཆབ་སྲིད་དང་ཆོས་ལུགས་གཉིས་ཟུང་དུ་སྦྲེལ་ནས་ལས་ཀ་བྱེད་མཁན་གྱི་ལུང་པ་ཞིག་རེད། འཇར་མན་ཡིན་ནའང་ཆབ་སྲིད་དང་ཆོས་ལུགས་གཉིས་ཁ་ཁར་ཕྱེ་ནས་ལོ་ ༡༠༠ ལས་འགྲོ་གི་ཡོད་པ་མ་རེད། བྱས་ཙང་ཆོས་སྲིད་ཟུང་འབྲེལ་གྱིས་འགྲོ་བ་དེ་རྙོག་དྲ་ཚ་བོ་ཞེ་དྲག་ཡིན་ཙང་ལམ་ཁ་འདི་བདམས་པ་རེད། དེ་རིང་སང་ཉིན་ང་ཚོས་ལུང་པ་ཐག་རིང་དེ་འདྲར་དཔེ་འཇོག་དགོས་ཀྱི་མི་འདུག འབྲུག་ཡུལ་ཟླ་རྙིང་དམངས་གཙོ་རིང་ལུགས་ཆགས་ནས་ཆོས་ལུགས་ཀྱི་ཚོགས་ཁག་དེས་ཆབ་སྲིད་ཀྱི་ཐོག་ལ་ཐེ་བྱུས་ཁྱོན་ནས་བྱེད་མི་དགོས་པ་དང་། ཆབ་སྲིད་ནི་མི་སྐྱའི་ལག་ལ་བཞག་ཡོད་པ་རེད།

དྲི་བ། བྱས་དུས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་སྒེར་ཡིག་ཚང་གིས་ཀྱང་ཆོས་ལུགས་རྐྱང་བའི་ཐུགས་འགན་བཞེས་རྒྱུ་དང་། ཆབ་སྲིད་ཀྱི་ཐུགས་འགན་འདི་རིམ་བཞིན་མཚམས་འཇོག་དགོས་པ་རེད་དམ།
ལན། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནི་བླ་མ་ཞིག་ཡིན་སྟབས། དུས་རབས་ཉེར་གཅིག་པའི་ནང་འདིར་ཆབ་སྲིད་ཀྱི་ཕྱག་ལས་གནང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོར་དམངས་གཙོའི་རིང་ལུགས་དགོས་ཀྱི་ཡོད་པ་རེད། དམངས་གཙོ་ཟེར་བ་དེ་མི་དམངས་ཀྱིས་འོས་ཤོག་བླུགས་ནས་དབུ་ཁྲིད་དེ་འདེམ་དགོས་པ་རེད། བདམས་ཚར་བའི་རྗེས་ལ་དབུ་ཁྲིད་དེས་ཕྱག་ལས་ཏག་ཏག་གནང་གི་ཡོད་མེད་ལ་དམངས་དང་སྒྲིག་འཛུགས་ཕྱོགས་ཡོངས་ནས་ལྟ་དགོས་པ་རེད། འོན་ཀྱང་། ཏཱ་ལའི་བླ་མ་ནི་ང་ཚོས་སྤྲུལ་སྐུའི་ལམ་ནས་ངོས་འཛིན་བྱེད་དགོས་པ་རེད། དེ་ལ་མི་དམངས་ཀྱིས་འོས་ཤོག་འཕེན་པ་དེ་འདྲ་ཡོད་པ་མ་རེད། དེ་བྱས་དུས་འདི་གཉིས་ལ་ནང་འགལ་ཆེན་པོ་ཡོད་པ་རེད། ང་ཚོས་བྱིས་པ་ཆུང་ཆུང་ཞིག་ངོས་འཛིན་བྱས། བྱིས་པ་དེ་ཆོས་ལུགས་དབུ་ཁྲིད་ཀྱི་ཕན་ནས་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་བསྐོ་བ་ནི་དེ་རིང་སང་ཉིན་ཚན་རིག་གི་སྟེང་ནས་ངོས་ལེན་དང་ལག་ལེན་གང་ཅིའི་ཐད་ནས་ཁག་པོ་ཆགས་བསྡད་ཡོད་པ་རེད། དེང་སྐབས་འཛམ་གླིང་གང་སར་དམངས་གཙོའི་རིང་ལུགས་དར་དགོས་ཀྱི་ཡོད་པ་རེད། དམངས་གཙོའི་རིང་ལུགས་ཟེར་བ་ནི་མི་མང་ཕྱོགས་ཀྱི་བློར་མཐུན་པོ་བྱུང་བ་ཡིན་ན་དེ་ལ་ཆ་འཇོག་བྱས་ནས་ལས་ཀ་བྱེད་དགོས་པ་རེད། དེ་བཞིན་དུ་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བསྟེན་ནས་ངྷ་རམ་ས་ལར་གཞུང་ཞིག་ཚུགས་ཡོད་པ་དེ་ཡང་དམངས་གཙོ་རིང་ལུགས་སྟེང་ལ་འགྲོ་གིན་ཡོད་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་དྷ་རམ་ས་ལའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ལྟར་དམངས་གཙོ་ཞེས་པ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་རེད། གལ་ཆེན་ཆགས་དུས་ང་ཚོའི་དབུ་ཁྲིད་དེ་ཡང་བུ་གུ་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་ནས་བཞག་པ་ཡིན་ན་ང་ཚོ་དེང་རབས་དམངས་གཙོའི་ལམ་ལ་ཁ་བྲལ་ནས་འགྲོ་གིན་ཡོད་པ་མ་གཏོགས། དམངས་གཙོ་ངོ་མ་ཞིག་ལ་འགྲོ་གི་ཡོད་པ་མ་རེད། ངའི་བསམ་པ་ལ་༧རྒྱལ་བ་རིན་པོ་ཆེ་ཁོང་རིགས་ཀྱིས་ཀྱང་དེ་དགོངས་ཀྱི་ཡོད་པ་རེད། དགོངས་ཀྱི་ཡོད་ཙང་མ་འོངས་པ་ལ་དེ་འདྲ་ཞིག་ཡོང་བར་ཁག་པོ་ཆགས་ཀྱི་ཡོད་པ་ཁོང་གིས་མཁྱེན་གྱི་ཡོད་པ་རེད། དེ་ལ་ཐུགས་འཚབ་གནང་གི་ཡོད་པ་རེད། ཁོང་རིགས་ནས་མ་འདས་སྤྲུལ་སྐུ་ཞེས་པའི་བཀའ་མོལ་ཞིག་གནང་གིན་པའི་རྒྱུ་མཚན་ཡང་འདིར་ཐུག་པ་རེད། དེ་བྱས་དུས་ངའི་བསམ་པར། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མི་དགོས་པ་བྱས། ཆོས་ལུགས་ཀྱི་འགན་འཁུར་མཁན་ལ་ཆོས་ཀྱི་དབུ་ཁྲིད་ཅིག་ལ་གཞི་བཞག་ནས་ཡང་སྲིད་ཅིག་ཁོང་རིགས་ཀྱིས་ངོས་འཛིན་བྱས་པ་ཡིན་ན་སྟབས་བདེ་བོ་མེད་འགྲོ་བསམ་གྱི་འདུག

དྲི་བ། བོད་པ་རྣམས་ཀྱི་དཀའ་ངལ་ནི་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་རེད། གནས་སྟངས་འདི་འདྲ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ཆོས་སྲིད་གང་ཐད་ནས་ཀྱང་མེད་ཐབས་ཤིག་མི་འདུག་ལབ་གིན་ཡོད་པ་རེད། ཕྱེད་རྒན་ཡོལ་ཡང་བོད་མི་ཚོའི་ངོས་ནས་དང་ལེན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད།
ལན། ༧རྒྱལ་བ་རིན་པ་ཆེ་མཆོག་དང་བོད་མི་རིགས་ཀྱི་འབྲེལ་བ་ནི་དམིགས་བསལ་ཆགས་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་ཞིག་གནང་བ་ཡིན་ན། དེར་ཉན་མཁན་བོད་པ་ཐམས་ཅད་ཁོང་གི་སློབ་མར་གྱུར་ཡོད་པ་རེད། དགེ་སློབ་ཀྱི་དམ་ཚིག་ཡོད་དུས། དགེ་རྒན་གྱིས་གང་གསུངས་པ་དེ་བརྩི་དགོས་པ་རེད། འདི་གནད་དོན་གཅིག་རེད། དམངས་གཙོ་རིང་ལུགས་ཡིན་ན་དབུ་ཁྲིད་དེ་མི་དམངས་ཀྱིས་འདེམ་དགོས་པ་རེད། བདམས་གྲུབ་པའི་རྗེས་ལ་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་ལྟ་རྟོག་བྱེད་དགོས་པ་རེད། གལ་སྲིད་ཁོ་འགྲིག་གི་མེད་ན་གོ་ས་ནས་མར་ཕབ་ན་འགྲིག་གི་ཡོད་པ་རེད། འགྲིག་གི་མི་འདུག་ཅེས་སྐད་བརྒྱབ་ན་འགྲིག་གི་རེད། སྐྱོན་བརྗོད་བྱས་ན་འགྲིག་གི་རེད། འདི་གཉིས་འགལ་བ་རེད། དེ་བས་རྒྱལ་བ་རིན་པོ་ཆེ་མཆོག་ཆོས་ཀྱི་དབུ་ཁྲིད་ལ་བཞུགས། ཆབ་སྲིད་ཀྱི་ལམ་ལུགས་དེ་དམངས་གཙོ་ཡང་དག་པ་ཞིག་བཟོ་དགོས་པ་རེད། དེ་ལ་དཔག་པའི་ལས་ཀ་བྱས་པ་ཡིན་ན་མ་འོངས་པའི་མདུན་ལམ་དེ་གཙང་མ་ཞིག་ཡོང་གི་མེད་འགྲོ་བསམ་གྱི་འདུག

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༢༡ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 38

  1. ཨ་ལལ says:
    ལོ་ 16 སྔོན།

    ད་ཐེངས་ང་ཚོའི་རྩོད་གཞི་ནི་མཁར་རྨེ་དང་རྨེའུ་ཅི་ཡིན་དེ་མིན།རྨེའུས་བཤད་པ་ན་ཆོས་སྲིད་གཉིས་ཁ་ཁར་དབྱེ་དགོས་པ་རེད་ཟེར།དེ་ལ་ཧང་སང་སང་བྱེད་མཁན་མང་ཚོད་འདུག་་་ཡིན་ནའང་དེ་ལ་བཤད་གཞི་དམིགས་ས་ཞིག་ཡོད་ཀྱི་རེད།་ཆོས་སྲིད་གཉིས་ཁ་ཁར་མི་དབྱེ་ཟེར་ནས་དཔུང་ངོམ་བྱེད་མཁན་དང་ཡང་ན་ཨུ་ཚུགས་རྒྱག་མཁན་དང་།དེ་མིན་ན་ཞུ་བ་བྱེད་མཁན་ཞིག་ཡོད་པ་འདུག་པས།་དོན་དངོས་སུ་དེ་སུ་ཡིན་འཚོལ་དགོས་པ་དེ་ཡིན།དེ་ནི་༧གོང་ས་མཆོག་ནི་མིན་དེ་ཁོང་གིས་ཆོས་སྲིད་ཟུང་འབྲེལ་འདོད་ཀྱི་མེད་པ་མ་ཟད།་སྔར་ན་མེད་པའི་དམངས་གཙོ་ཅན་དུ་བསྒྱུར་ཟིན་པ་དང་།བོད་ཀྱི་འགོ་ཁྲིད་དེ་ཡང་བྱེད་འདོད་མེད་པར་མི་དམངས་ཀྱིས་འོས་འདེམས་ལམ་ནས་ཐག་གཅོད་ཀྱི་ལམ་སྲོལ་བཙུག་ཟིན་པ་དང་།བོད་རང་དབང་གིས་བོད་ཡུལ་དུ་ལོག་མཚམས་སུ་ལས་འགན་དང་ལས་སྣེ་ཅི་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཏུ་གནས་རྒྱུ་སྔ་མོ་ནས་གཏན་ཁེལ་ཟིན་པས་ཁོང་མིན་པ་ཐག་ཆོད་ནུས།ད་སུ་ཡིན་ཁྱེད་ཚོས་ཀྱང་བཤད་རན་འདུག་ལ་རྨེའུས་ཀྱང་བསྐོར་བ་མང་པོ་མ་བརྒྱབ་པར་ཐད་ཀར་་གསུང་ན་ལེགས།

    Reply
  2. ཨ་ལལ says:
    ལོ་ 16 སྔོན།

    ད་ཐེངས་ང་ཚོའི་རྩོད་གཞི་ནི་མཁར་རྨེ་དང་རྨེའུ་ཅི་ཡིན་དེ་མིན།རྨེའུས་བཤད་པ་ན་ཆོས་སྲིད་གཉིས་ཁ་ཁར་དབྱེ་དགོས་པ་རེད་ཟེར།དེ་ལ་ཧང་སང་སང་བྱེད་མཁན་མང་ཚོད་འདུག་་་ཡིན་ནའང་དེ་ལ་བཤད་གཞི་དམིགས་ས་ཞིག་ཡོད་ཀྱི་རེད།་ཆོས་སྲིད་གཉིས་ཁ་ཁར་མི་དབྱེ་ཟེར་ནས་དཔུང་ངོམ་བྱེད་མཁན་དང་ཡང་ན་ཨུ་ཚུགས་རྒྱག་མཁན་དང་།དེ་མིན་ན་ཞུ་བ་བྱེད་མཁན་ཞིག་ཡོད་པ་འདུག་པས།་དོན་དངོས་སུ་དེ་སུ་ཡིན་འཚོལ་དགོས་པ་དེ་ཡིན།དེ་ནི་༧གོང་ས་མཆོག་ནི་མིན་དེ་ཁོང་གིས་ཆོས་སྲིད་ཟུང་འབྲེལ་འདོད་ཀྱི་མེད་པ་མ་ཟད།་སྔར་ན་མེད་པའི་དམངས་གཙོ་ཅན་དུ་བསྒྱུར་ཟིན་པ་དང་།བོད་ཀྱི་འགོ་ཁྲིད་དེ་ཡང་བྱེད་འདོད་མེད་པར་མི་དམངས་ཀྱིས་འོས་འདེམས་ལམ་ནས་ཐག་གཅོད་ཀྱི་ལམ་སྲོལ་བཙུག་ཟིན་པ་དང་།བོད་རང་དབང་གིས་བོད་ཡུལ་དུ་ལོག་མཚམས་སུ་ལས་འགན་དང་ལས་སྣེ་ཅི་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཏུ་གནས་རྒྱུ་སྔ་མོ་ནས་གཏན་ཁེལ་ཟིན་པས་ཁོང་མིན་པ་ཐག་ཆོད་ནུས།ད་སུ་ཡིན་ཁྱེད་ཚོས་ཀྱང་བཤད་རན་འདུག་ལ་རྨེའུས་ཀྱང་བསྐོར་བ་མང་པོ་མ་བརྒྱབ་པར་ཐད་ཀར་་གསུང་ན་ལེགས།

    Reply
  3. བསྟན་པ་ཉི་མ། says:
    ལོ་ 16 སྔོན།

    འོ་གངས་ཕྲུག་ལགས་ཁོང་ཁྲོ་དེ་ཙམ་ལངས་ནས་ཇི་ལྟར་བྱེད། ང་ལ་འདྲེ་ཟེར་རུང་ལྷ་ཟེར་རུང་ཁྱད་ཅི་ཡང་མི་འདུག འོན་ཀྱང་དྲ་གྲོགས་ཚོས་མཆོག་ཉིད་བླུན་པོའི་གྲལ་དུ་འཇོག་སྲིད་པ་རེད། ངས་ལྟོས་ན་ཁྱོད་ལ་ཆོས་ཀྱི་རྨོངས་དད་ཅིག་ཡོད་པ་འདྲ། དེ་ཡང་ཡག་པོ་རེད་དེ། ཆོས་ཕྱོགས་ནས་རང་གི་བླ་མར་ཇི་མཛད་ལེགས་པར་མཐོང་བའི་མོས་གོས་དགོས་མོད་ཀྱང་། ང་ཚོས་འདིར་ཆབ་སྲིད་བཤད་ཀྱི་ཡོད་པ་ལས་ཆོས་བཤད་ཀྱི་ཡོད་པ་མ་རེད། ཆབ་སྲིད་བྱེད་དུས་རྨོངས་དད་བྱས་ན་ནོར་འཁྲུལ་རེད། ངས་བྲིས་པ་དེ་ཚོར་ཞེ་ས་མེད་པ་བདེན་པ་རེད། ཡིན་ཡང་ངས་ཆབ་སྲིད་བཤད་ཀྱི་ཡོད་པ་ལས་ཆོས་བཤད་ཀྱི་མེད་པ་དེ་མཆོག་ནས་མཁྱེན་རོགས་མཛོད། ཆབ་སྲིད་བཤད་དུས་རྨོང་དད་དོར་ནས་དགག་སྒྲུབ་ཚུལ་དང་མཐུན་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

    Reply
  4. གངས་ཕྲུག says:
    ལོ་ 16 སྔོན།

    འདྲེ་ཁོ་ལ་འདྲེ་ཞེས་མ་ཟེར་ན་གང་ཟེར་དགོས་རེད། ཁྱོད་ཀྱིས་གཅིག་ཤོད་དང་། ང་ཡང་འདྲེ་ཕྲུག་ཁྱོད་འདྲ་བར་ཁ་ཡ་བྱེད་མི་འདོད་པས་མཐའ་མའི་རྫོཊ་ཚིག་བཀོད་དེ་བཞི་ཤད་རྒྱག་རྒྱུ་ཡིན་ནོ།། །། ཁ་དྲོ།

    Reply
  5. བསྟན་པ་ཉི་མ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། རང་གི་བླ་མར་བསྟོད་པ་བྱེད་ན་ལེགས་མོད། འོན་ཀྱང་བསྟོད་ཚུལ་ཤེས་རྒྱུ་དེ་གནད་འགག་ཅིག་རེད། ཏཱ་ལའི་བླ་མ་མིན་ན་བོད་ཀྱི་མིང་ཙམ་ཡང་ཨེ་ཡོད་མི་ཤེས་ཟེར་བ་དེ་ཤིན་ཏུ་ནོར་འཁྲུལ་རེད། ཏཱ་ལའི་བླ་མ་བྱུང་ནས་ལོ་བརྒྱ་ཕྲག་ཁ་ཤས་རེད་། བོད་ཟེར་བ་དེ་བྱུང་ནས་ལོ་ངོ་སྟོང་ཕྲག་མང་བོ་ཟིན་ཡོད་པ་རེད། དགེ་ཕྲུག་ངན་པས་དགེ་རྒན་རྫོབ་ཟེར་བ་དེ་ཁྱོད་ལྟ་བུ་ལ་བཤད་པ་རེད། མི་ཤེས་ན་རྒྱལ་རབས་ལ་ལྟོས་དང་དེ་ནས་ཤེས་ཐུབ། ཁྱད་པར་དུ་བོན་གྱི་ལོ་རྒྱུས་ལ་ལྟོས་ན། བོད་གྱི་བྱུང་ཁུངས་ཧ་ཅང་རིང་བོ་རེད།

    Reply
  6. བསྟན་པ་ཉི་མ། says:
    ལོ་ 16 སྔོན།

    གངས་ཕྲུག་ཁྱོད་ཀྱིས་བཤད་སྟངས་ལ་ལྟོས་ན་བཀའ་བརྒྱུད་པའི་ཉམས་ལེན་པ་དང་། ཐོས་རྒྱ་ཅན་ཞིག་མིན་པ་ཐག་ཆོད་། དགག་པ་བྱེད་འདོད་ན་རྒྱུ་མཚན་དང་རིག་པས་སྒྲུབ་དགོས་པས་ལས། གདོན་འདྲེ་ཞེས་བརྗོད་ན་རང་མཚང་ཕྱི་ལ་མངོན་པ་ལས་གཞན་གྱི་མགོ་གནོན་ཐུབ་ཀྱི་མ་རེད་། ད་ང་ཁྱོད་ལྟ་བུར་རྩོད་པ་བྱེད་འདོད་མི་འདུག

    Reply
  7. གངས་ཕྲུག says:
    ལོ་ 16 སྔོན།

    ཨ་རོག་བསྟན་ཉི། ཁྱོད་ཀྱིས་ང་བླུན་ཟེར་བས་བླུན་པོར་གྱུར་བ་དང་མཁས་ཟེར་ན་མཁས་པར་གྱུར་རྒྱུ་མེད་པས་ཁྱད་པར་མི་འདུག དེ་བས་ཁྱོད་རང་གིས་བྲིས་པའི་ལབ་ཉོག་འདི་དག་ཐེངས་འགར་བསྐྱར་ཀློག་ཡང་ཀློག་བྱས་ནས་ཞིབ་དཔྱོད་ཅིག་བྱོས་དང། སྐྱོན་བརྗོད་པར་སྡང་ཟུག་དང་བློ་དཀར་སྒོ་ནས་བྱེད་ཕྱོགས་གཉིས་ཡོད་པས་ཁྱོད་ཀྱི་ཚིག་སྦྱོར་ཁོ་ནའི་ཐད་ནས་ཀྱང་སྔ་བར་མཇུག་གསུམ་དུ་སྡང་ཟུག་གི་ངར་སྒྲ་ཆེས་ཆེར་སྒྲོག་འདུག་པས་བློ་ལྡན་སུས་བཀླགས་ཀྱང་ཁྱོད་༧གོང་ས་ལྔ་བ་ཆེན་མོ་ནས་༧་སྐུ་འཕྲེང་འདི་པའི་་བར་དད་ཡོད་དང་སྡང་ཡོད་ཁྱེད་འབྱེད་ནུས་སོ། མ་གཞི་ངས་འགའ་ཞིག་གིས་ཟེར་ཡོད་མ་གཏོགས་བསྟན་ཉིས་་གདོན་འདྲེ་ཁོའི་རྗེས་སུ་འབྲངས་ནས་༧གོང་ས་ལྔ་བ་ཆེན་མོར་བསྐུར་བཏབ་འདུག་ཅེས་བཤད་མེད་ཀྱང་་ཁར་ཐུག་ཁྱེད་རང་ལ་ཕོགས་པར་ཡ་མཚན་སྐྱེས་བྱུངྲ།།

    ་Tenpa Nyima
    ༢༠༠༩/༠༤/༡༩ ཉིན་འདོན་སྤེལ་བྱས། མཁར་སྨེའུ་བཤད་པ་ཁ་ཤས་ཤིག་ངའི་འདོད་ཐོག་ཏུ་བབས་སོང༌། ཁོང་གི་བཤད་སྟངས་ལ་ལྟོས་ན་ཆོས་དང་ཆབ་སྲིད་གཉིས་ཆ་ལ་ཉམས་མྱོང་ཅན་ཞིག་ལོས་ཡིན་སྙམ། ཆོས་སྲིད་གཉིས་ཁ་ཁ་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད༌། འོན་ཀྱང་བོད་མི་ཚོས་འདི་ཤེས་ཐུབ་ཀྱིས་མེད༌། གལ་ཏེ་མི་རེ་ཟུང་གིས་ཤེས་ནའང་་བཤད་ཕོད་ཀྱིས་མེད༌། ད་རེས་ཁོས་བཤད་པ་དེ་དག་བོད་མི་ཚོས་རྣ་ལ་ཆེས་མཁོ་བའི་གཏམ་ཞིག་རེད༌། གོང་ས་རྒྱལ་བ་རིནཔོ་ཆེ་འདི་བ་ཚང་གིས་ཆབ་སྲིད་ཀྱི་འགན་མ་བཞེས་ཐབས་མེད་ལྟ་བུ་ཆགས་པ་རེད༌། ད་ང་ཚོ་དགོས་རྒྱུ་ནི་བོད་མི་དཀྱུས་མའི་གྲལ་ནས་གོང་ས་མཆོག་གི་ཆབ་སྲིད་ཀྱི་ལས་འགན་དེ་ཐེགས་མཁན་ཞིག་ཡོང་རྒྱུ་དེ་རེད༌། ཀརྨ་པས་སྤྱོད་པ་ལ་དཔག་ན་ཁོང་ཡང་ཆབ་སྲིད་ལ་ཐུགས་མཉེས་པོ་ཡོད་ཚོད་འདུག འོན་ཀྱང་བླ་མས་ཆབ་སྲིད་བྱེད་ན་སྐྱོན་ཆེན་པོ་ཞིག་རེད༌། གོང་ས་མཆོག་ལ་མཚོན་ནའང་སྐུ་ཕྲེང་ལྔ་བ་ནས་བཟུང་ཆབ་སྲིད་ལ་དབུ་འཁོར་ནས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བ་རེད༌། དེའི་རྐྱེན་པས་སྐུ་ཕྲེང་དྲུག་པ་དང༌། དགུ་བ བཅུ་བ་ བཅུ་གཅིག བཅུ་གཉིས་ལྔ་བོ་འདིའི་་མཛད་པ་དང་འཕྲིན་ལས་མཐར་མ་ཕྱིན་པར་འདས་པ་རེད༌། གལ་སྲིད་གོང་ས་ལྔ་བས་ཆབ་སྲིད་དུག་གི་བུམ་པ་ཕྱག་ཏུ་མ་བསྣམས་ན༌། ད་རེའི་སྐུ་ཕྲེང་འདི་བ་དགུ་བའམ་བཅུ་བ་གང་རུང་ཞིག་ཡིན་ཚོད་རེད༌། རྒྱལ་བ་ཀརྨ་པར་ཚོན་ནའང་སྐུ་ཕྲེང་རེ་གཉིས་ཆབ་སྲིད་ལ་དབུ་འཁོར་བའི་སྐྱོན་ཀྱིས་ཀར་བསྟན་ཆེས་་ཆེར་ཉམས་ནས་བོད་ནང་དུ་དགོན་སྡེ་རེ་གཉིས་ལས་མེད་པ་དེའི་སྐྱོན་གྱིས་རེད༌། འོན་ཀྱང་བླ་སྤྲུལ་དུ་གྲགས་པ་འདི་ཚོས་གཞན་དོན་ཁ་གཡར་ནས་དོན་དུ་རང་ཉིད་འདོད་པའི་ལོངས་སྤྱོད་ལ་དབུ་འཁོར་ནས་སྔོན་བྱུང་གི་ལོ་རྒྱུས་འདི་དག་ལ་དཔྱད་པ་གཏོང་བའི་གོ་སྐབས་ཀ་ལ་ཡོད༌། གཞན་དུ་ན་རང་ཉིད་ལམ་ཁ་གང་དུ་སྐྱོད་ན་རང་གཞན་གཉིསཀར་ཁེ་ཕན་ཡོད་པ་ཧ་ཅང་གི་རྟོགས་སླའོ༌། སྤྱིར་བླ་མ་དབང་ལུང་གི་རྒྱུད་པ་འཛིན་མཁན་ཞིག་ཡིན་ཕྱིན་ཆད་ཆབ་སྲིད་སྤང་སྟེ་ཧ་ཅང་གཟབ་གཟབ་མ་བྱེད་ནས་དབང་ལུང་བྱུང་རྒྱལ་དུ་སྐུར་ན་རྒྱལ་བ་གོང་མའི་བྱིན་རླབས་ཀྱི་རྒྱུད་པ་ཆད་འགྲོ་བའི་ཉེན་ཁ་ཅི་ཕྱིར་མེད༌། ང་གློག་ཀླད་ལ་བྱང་ཆ་མེད་སྟབས་ཚིག་ཁ་ཤས་འབྲི་བ་ལའང་ཡུན་རིང་འགོར་གྱིས་འདུག ད་ཁ་དྲོ་བཀྲ་ཤིས།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བསྟན་པ་ཉི་མ་ཟེར་བ་འདིས་བསམ་བློ་མི་གཏོང་བར་ག་རེ་ཤོད་ཀྱིན་ཡོད། ༸གོང་ས་ལྔ་པ་ཆེན་པོའི་བཀའ་དྲིན་མིན་ན་ད་ལྟ་ཏཱ་ལའི་བླ་མ་ཟེར་བ་དང་བོད་ཟེར་བ་འདི་ཡང་མིང་ཙམ་ལས་ཨེ་ཡོད་མི་ཤེས།

    Reply
  9. བསྟན་པ་ཉི་མ། says:
    ལོ་ 16 སྔོན།

    ་གངས་ཕྲུག་ཟེར་བ་ཁྱོད་ཀྱིས་ངས་བཤད་པའི་དོན་རྣམས་མ་གོ་ནས་ཤུགས་ལྡན་ཁ་གཡར་ཏེ་ཡེ་གེ་ཉག་ཉོག་ཅིག་བྲིས་པ་དེ་ནོར་འཁྲུལ་རེད༌། དང་བོ་དགག་བྱའི་གཞི་དེར་ལེགས་པོ་ཞིག་བརྟགས་ནས་དགག་ཚིག་རེ་བྲིས་ན་རང་ཉིད་བླུན་པོའི་བྲལ་དུ་མི་ཚུད་པའི་དགེ་མཚན་ཡོད༌། ཁྱོད་ཀྱིས་རྒྱལ་དབང་སྐུ་ཕྲེང་གི་རྣམ་ཐར་ཀློག་མྱོང་ངམ། དང་བོ་ཡག་པོ་ཞིག་ཀློག་དང་དེ་ནས་དོན་ཞིག་རྟོགས་ཐུབ། ངས་རང་གི་བླ་མའི་སྐུ་ཕྲེང་རིམ་བྱོན་ཡག་པོ་མ་རེད་ཅེས་ཟེར་གྱི་མེད༌། རྒྱལ་དབང་ལྔ་བ་ནོར་འཁྲུལ་ཤོར་བ་རེད་ཟེར་བཞིན་ཡོད༌། འདི་ནི་རང་གི་བླ་མར་ཤ་ཚ་ཞིང་སྙིང་ཉེ་བའི་གཏམ་ཞིག་ཡིན་པ་ལས་སྐུར་བ་བཏབས་པ་ཞིག་གཏན་ནས་མིན༌། རྒྱལ་དབང་སྐུ་ཕྲེང་དྲུག་པ་དང༌། དགུབ་ བཅུ་བ་ བཅུ་གཅིག་ བཅུ་གཉིས་ལྔ་བོ་འདི་དགུང་གྲངས་ཉེར་ལྔའི་ཡན་ལ་ཆབ་སྲིད་ཀྱི་དབང་གིས་གྲོངས་པ་ཤ་སྟག་ཡིན་པ་བཅུ་གསུམ་པའི་རྣམ་ཐར་ལ་གཟིགས་ན་གསལ་བོ་ཤེས་ཐུབ། གྲོངས་མཁན་ནི་རྒྱལ་ཚབ་དཀོར་གཟན་དང་སྐུ་ངོ་སྡིག་ཅན་དེ་ཚོ་རེད༌། གལ་སྲིད་གོང་ས་མཆོག་སྐུ་མྱ་ངན་ལས་འདས་ནཁོང་ཚོར་སྐུ་ཕྲེང་སྔ་ཕྱི་བར་དུ་ལོ་ངོ་བཅུ་ཕྲག་གཉིས་གསུམ་ལ་ཆབ་སྲིད་སྐྱོངས་རྒྱུའི་་གོ་སྐབས་ཕྲད་ཀྱི་ཡོད་པ་རེད༌། རྒྱུ་མཚན་དེའི་ཕྱིར་ངས་ཆབ་སྲིད་དུག་གི་བུམ་པ་ཞེ་བརྗོད་པ་ཡིན།གལ་སྲིད་རྒྱལ་དབང་ལྔ་བས་ཆོས་ཀྱི་རྣམ་ཐར་གཙང་མ་ཞིག་བསྐྱངས་ཡོད་ན༌། སྐུ་ཕྲེང་རིམ་བྱོན་སྐུ་ཚེ་རིང་རྒྱུ་དང་ཆོས་ཀྱི་མཛད་འཕྲིན་རྒྱ་ཆེར་རྒྱས་རྒྱུ་ཡིན་པ་གསལ་བོ་རེད༌། འོན་ཀྱང་བོད་སྤྱི་མཐུན་ལས་ཀྱིས་དེ་ལྟར་མ་བྱུང་བ་རེད༌། དེར་མ་ཟད་བོད་ཀྱི་ཆབ་སྲིད་ལའང་འཕེལ་འགྲིབ་དེ་ཙམ་མི་འོངས་སམ་སྙམ་མོ། དཔེར་ན་འབྲུག་རྒྱལ་ཁབ་ལ་ལྟོས་ན་གསལ་བོ་ཤེས་ཐུབ། སྔོན་ཆད་འབྲུག་པ་ནི་བོད་ཀྱི་ཆ་ཤས་ཤིག་རེད༌། ད་ལྟ་རང་བཙན་རེད༌། དེ་ནི་ཆབ་སྲིད་རྒྱལ་བོས་བསྐྱངས་པའི་གྲུབ་འབྲས་རེད༌། གངས་ཕྲུག་ཟེར་བ་བླུན་པོ་དེ་དཔེ་དང་དཔེ་ཅན་ཡ་མ་མཚུངས་པ་ཞིག་བཞག་གྱིན་འདུག ཐུད་ཚོ་བ་མར་གྱིས་བཀའ་དྲིན་རེད་ཟེར་བ་ལྟ་བུ། ད་མདོར་བསྡུས་ནས་བཤད་ན་བླ་མ་རྣམས་ཀྱིས་ཆོས་ཀྱི་རྣམ་ཐར་གཙང་མ་ཞིག་སྐྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུས་བཞིན་ཡོད་པ་རེད༌། ད་སྐུ་ཚེ་རིང་བར་སྨོན༌།

    Reply
  10. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    གནས་ཚང་ཚང་གི་གསུང་བ་ལ་མངོན་པར་བསྟོད་དོ ། རེད་ཡ་བོད་འདི་དུས་རབས་གང་མཚམས་ཤིག་ནས་ཆོས་བརྒྱུད་ཁག་ཅིག་གི་རྩེད་ཆས་ལྟ་བུར་གྱུར་ཡོད་དུས་དེ་ནས་བཟུང་བོད་ཀྱི་སྲིད་ལུགས་འདི་ཉམས་ཆགས་སུ་སོང་དེ་མཐར་རྒྱ་ལག་ཏུ་ཤོར་བའ་གནས་ཚུལ་འདི་བྱུང་རེད ། ད་དུང་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ལྔ་བཅུའི་རིང་འདིར་རྒྱ་ནག་གཞུང་ལ་བོད་ལ་ཆོས་ལུགས་དད་མོས་རང་དབང་དགོས་ཞེས་སྐད་རྒྱག་པ་ལས་བོད་ལ་བོད་ཀྱི་སྲིད་ལུགས་སྐྱོངས་བའི་རང་དབང་དགོས་ཞེས་ད་ལྟ་བར་དུ་སྐད་རྒྱབ་མྱོང་མེད ། འདི་ཡང་ང་ཚོའི་སྤྱི་ཚོགས་ནང་དུ་ཆོས་ལུགས་ཀྱི་ཤན་ཤུགས་ཆེ་དྲགས་པས་རེད ། དྲངས་མོར་བཤད་ན་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཙོལ་བ་ཡིན་མོད་ཆོས་གཅིག་པུ་འདི་ལྟར་གཙུགས་སུ་འཛིན་དགོས་དོན་ཅི་ཡིན་ནམ།

    Reply
  11. གནས་ཚང་། says:
    ལོ་ 16 སྔོན།

    མ་གཞི་ཁ་སང་ཚིག་ཁ་ཤས་བྲིས་པ་ཡིན་ཏེ། དུས་ཚོད་འགོར་ཡུན་རིང་དྲག་པས་ཡིན་ནམ་གང་ལྟར་བརླག་སོང་། དེ་རིང་ཡང་བསྐྱར་ཞུ་འདུན་བྱུང་སོང་། ང་རང་གིས་བལྟས་ན་འདིར་དོན་དག་གལ་ཆེན་ཁག་ཅིག་འདུག

    ཆོས་ལུགས་ལ་དགག་པ་རྒྱག་གི་མི་འདུག་ལ་ཆོས་ལུགས་པར་བྱས་རྗེས་མེད་ཅེས་ཀྱང་གསུངས་ཀྱི་མི་འདུག དེ་ལས་ལྡོག་ནས་ཆོས་ལུགས་སྲུང་འདུན་དང་བོད་དོན་འགྲུབ་ཐབས་ཤིག་ལ་བསམ་གཞིགས་གནང་བཞིན་འདུག དེ་བས། ཐོག་མར་དོན་དག་ཁ་ཤས་ཤིག་ངོ་འཕྲོད་དགོས་ཀྱི་ཡོད་པ་རེད།

    ༡ བོད་འདི་རྒྱལ་ཁབ་བམ་རང་དབང་ཡོད་མཁན་ཞིག་མ་ཡིན་པར་དེ་དག་སླར་གསོ་བྱེད་དགོས་པའི་དུས་ཚོད་ཛ་དྲག་ཅིག་གི་སྒང་གནས་ཡོད་པ་རེད་ལ། སླར་གསོ་དེའང་ཆོས་བཞིན་ཡོང་ཐབས་མེད་པ་ཞིག་ཏུ་གྱུར་ཟིན་པ་མཐོང་གསལ་རང་ཡིན།
    ༢ དེའི་དབང་གིས་སྲིད་དོན་ཞེས་པ་འདིའི་རྒྱབ་མདུན་གཡས་གཡོན་ཤེས་དགོས་ཀྱི་ཡོད་ལ། དེའང་ངོ་བོ་ཙམ་མ་ཡིན་པར་ལག་ལེན་སྒང་ནས་ག་འདྲ་ཞིག་ཡོང་གི་འདུག བོད་ཀྱི་ཁ་གཏད་དམ་རྒྱ་གཞུང་གི་ངོས་ནས་ལག་ལེན་ཇི་ལྟར་བྱེད་ཀྱི་འདུག ཆོས་བཞིན་བྱེད་མཁན་ཞིག་དང་ཆོས་བཞིན་མི་བྱེད་པའི་སྲིད་དོན་ནི་ར་བཟི་དང་ར་བཟི་མེད་པ་ལྟ་བུ་ཡིན་ལ། ར་བཟི་མཁན་གྱིས་ག་དུས་ཀྱང་ར་བཟི་མེད་མཁན་ལ་རྡུང་རྡེག་བྱེད་པའམ་རྙོག་དྲ་རྐྱང་རྐྱང་བཟོས་ཡོང་དུས། ར་བཟི་མེད་མཁན་ཡང་ཐབས་ལམ་གྱི་སྒང་ལ་གཞོལ་བའམ། ཞེ་སྡང་གི་དབང་དུ་འཆོར་སྲིད་སྟབས། དེ་དག་ཆོས་བཞིན་བྱེད་མཁན་ལ་མཚོན་ན་སྤང་བྱ་ལས་ལེན་བྱ་མིན་པར་མ་ཟད། བསླབ་སྡོམ་དང་འགལ་གྱི་ཡོད་པའང་ཤེས་གསལ་ལྟར་ཡིན་ལ། དབུ་ཁྲིད་གཅིག་པུས་ཡོང་སྲིད་ཀྱང་བོད་མི་ཆ་ཚང་གིས་བཟོད་མི་ཐུབ་པ་བོད་ནང་གི་གནས་སྟངས་ལས་ར་འཕྲོད་ཡོད།
    ༣ གཞན་གཅིག་དེ་དེང་གི་ཆར་ཏཱ་ལའི་བླ་མ་གཙོས་པའི་བླ་ཆེན་རྣམ་པས་བོད་ཀྱི་དགེ་འདུན་པའི་སྡེ་འདི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་སློབ་སྟོན་པར་བསྐུལ་འདེད་བྱེད་ཐུབ་ཡོད་པར་མ་ཟད། དོན་འབྲས་ཀྱང་ངེས་ཅན་ཞིག་ལེན་ཐུབ་ཡོད་ཅིང་། དོན་འབྲས་དེ་མཐུད་སྐྱོང་དང་རྒྱ་བསྐྱེད་གནང་དགོས་ཚེ། ཡག་བཙོག་ལ་མ་བལྟོས་པར་འཛམ་གླིང་འདིར༼ཆོས་སྲིད་ཟུང་འབྲེལ༽གྱི་མིང་ཁུར་ཡོད་པ་ཙམ་གྱིས་དགག་བྱེད་གཙོ་བོ་ཞིག་ཆགས་ཡོད། དེ་བཞིན་དུ་བསམ་བློའི་སློབ་སྟོན་པའི་གནས་སྟངས་ག་ཚད་ཡག་ཏུ་ཕྱིན་ན། དེ་ཙམ་གྱིས་བོད་དོན་ཐད་ཀྱི་རྒྱབ་བསྐྱོར་མང་རུ་ཡོང་གི་ཡོད་ལ། དེ་ལས་ལྡོག་ན་རྒྱབ་བསྐྱོར་ཡང་ཉུང་དུ་འགྲོ་བའམ་འགྲོ་སྲིད་པ་གསལ་བོ་ཡིན།
    ༤ གོང་སྨྲས་ལྟར་བོད་དོན་འདི་འཐབ་རྩོད་ཀྱི་ངོ་བོར་གནས་ཡོད་སྟབས། ཆོས་བཞིན་གྱི་འཐབ་རྩོད་དེ་ཡུན་རིང་དང་ནུས་པ་ཆེར་ཐོན་ཐུབ་ཀྱི་མེད་ལ། དེ་ལས་རྒྱའི་གཏམ་དཔེར་དུག་སྣ་དུག་གིས་ལེན་དགོས་ཞེས་པ་ལྟར་ཉུང་མཐར་༼རིགས་ལམ་ཡན་གར་བ༽བཀོལ་དགོས་ཀྱི་ཡོད་པའི་ཁར། དེའང་རྒྱུན་ལྡན་ཡིན་མིན་གང་རུང་ལ་གོ་དགོས།

    མདོར་ན། བོད་དོན་འདི་བཞིན་སྐྱ་བོས་གཙོ་ཁྲིད་དང་ཆོས་པའི་གཞོགས་འདེགས། བོད་མིས་འཕག་འཚག་བཅས་གཞི་གཅིག་ཏུ་བསྡེབས་ཐུབ་པའི་དུས་ཚོད་སྒང་སླེབས་པ་ཡིན་ན། ད་གཟོད་ལམ་འགྲོ་ཡོང་ངེས་པ་གསལ་བོ་ཡིན། དེའང་ཆོས་པའི་གཞོགས་འདེགས་ནི་བར་འདུམ་པ་ལྟ་བུའི་ནུས་པར་གོ་དགོས།

    ཤེས་ཡོན་པ་ཚོས་བཤད་ན་དེ་འདྲ་ཞིག་རེད་དམ།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ཆོས་ལུགས་མི་སྣའི་རྒྱལ་ཁབ་ཀྱི་བདེ་དོན་དང་འགན་ལེན་བྱེད་མི་དགོས་པར་འདོད་ནས་འདོར་ཚར་བའི་རྒྱལ་ཁབ་ཞིག་ད་ལྟ་འཛམ་གླིང་འདིར་ཡོད་དམ། དེའི་ཐད་དུ་སྐད་ཆ་དྲང་མོ་རེ་ཤོད་དང་། བསམ་བློ་ཞིབ་དུ་བཏང་ནས། དེ་མིན་ཆོས་ལུགས་ཟེར་ནས་སྨོད་པ་ལས་ཆོས་ལུགས་མི་སྣ་དང་ཆོས་ལུགས་གཉིས་ཀྱི་ས་མཚམས་ངོ་ཤེས་པའི་ཐོག་ནས་གཏམ་གླེང་རེ་བྱེད་ཐུབ་པ་ཡིན་ན་ཡག་པོ་ཡོད་ས་རེད། དེ་མིན་མཁས་པའི་མིང་ཐོག་ཚད་ཀྱིས་ཆོས་ལུགས་ཤེས་པའི་ངེས་པ་ཞིག་གཏན་ནས་མེད།

    Reply
  13. གངས་ཕྲུག says:
    ལོ་ 16 སྔོན།

    ཨ་རོག་བཀྲ་རྒྱམ་ལགས། ང་བླ་ལོག་མིན་ལ་གྲྭ་ལོག་ཀྱང་མིན་པས་ཁ་ནས་ཐོན་གསུམ་བཅོ་བརྒྱད་གྱ་ཚོམ་དུ་མ་ཤོད་རོགས། དྲང་མོར་བཤད་ན་རང་བསྟོད་བྱེད་པ་ལྟར་འདུག་ཀྱང་ང་ནི་བཀའ་བརྒྱུད་པའི་གྲུབ་མཐར་སྦྱངཾས་ཤིང་ས་དགེ་རྙིང་གསུམ་གྱི་ཆོས་བརྒྱུད་ལ་མོས་གུས་དག་སྣང་ཡོད་པ་མ་ཟད། བོད་ཀྱི་གདོད་མའི་རིག་གཞུང་བོན་ལུགས་ལ་ཡང་དོན་གཉེར་ཀློག་བལྟ་བྱེད་མཁན་ཞིག་ཡིན། དེར་བརྟེན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་གཤིས་ཆོས་ལུགས་ཕྱོཌ་ཞེན་བྱེད་མཁན་ཞིག་མིན་ཞེས་ཁ་ཚོན་བཅད་ནས་བཤད་ཐུབ།

    (གང་ལྟར་ང་ཚོས་གླེང་བཞིན་པ་ནི་མ་འོངས་བོད་ཀྱི་སྲིད་དབང་དེ་ཆོས་ལུགས་པས་ཇུས་གཏོགས་མ་བྱས་ན་ལེགས་ཚུལ་བཤད་ཀྱིས་ཡོད །) ཁྱེད་ཚོས་ཤོད་བཞིན་པ་དེ་བོད་མི་རིགས་དེ་ཆོས་མེད་རིང་ལུགས་སམ་ཆོས་བྱེད་པ་གྲངས་ཉུང་མི་རིགས་ལྟ་བུ་ཞིག་ཆགས་ན་མ་གཏོགས་ཡོང་ཡག་མེད་པའི་སྟོང་གཏམ་ཞིག་རེད་ཅེས་བཤད་ཆོག གོང་དུ་བརྗོད་པ་ལྟར་བོད་ཀྱི་ལུས་པོ་དེ་སྔར་ནས་བླ་ཆོས་ཀྱི་སྲོག་ཟུངས་ཀྱིས་འཚོ་ཡོད་ལ་འབྱུང་འགྱུར་ཡང་བླ་ཆོས་ལ་མ་བརྟེན་པར་འཚོ་མི་ཐུབ་པ་ཁོ་ཐག་རེད། གལ་ཏེ་ཆོས་སྲིད་ཟུང་བྲལ་བྱས་ན་དེ་བྱས་ཉིན་ནས་བྱེ་མའི་ཕུང་བོ་ཆུ་དང་འཕྲད་པ་བཞིན་བོད་དེ་བརྡལ་ཞིག་ཏུ་འགྲོ་ངེས་རེད། ཞར་ལ་བདག་ཅག་གི་སྟོན་པས་སྲིད་དོན་མ་བྱེད་ཀྱང་གསུངས་མི་འདུག་གཱ

    Reply
  14. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    གོང་ན་གངས་ཕྲུག་ཟེར་བར་ཆོས་ལུགས་ཀྱི་ཕྱོགས་ཞེན་ཡོད་ཚོད་འདུག་པས་ན་ཕལ་ཁོང་བླ་ལོག་ཞིག་མིན་གྲྭ་ལོག་ཞིག་ཡིན་ཤས་ཆེ ། གང་ལྟར་ང་ཚོས་གླེང་བཞིན་པ་ནི་མ་འོངས་བོད་ཀྱི་སྲིད་དབང་དེ་ཆོས་ལུགས་པས་ཇུས་གཏོགས་མ་བྱས་ན་ལེགས་ཚུལ་བཤད་ཀྱིས་ཡོད ། གལ་སྲིད་ཆོས་ལུགས་པས་སྲིད་སྐྱོང་དགོས་ན་གདན་ས་ཁག་དང་དགོན་པ་ཁག་ནས་བླ་གྲྭ་ཚོས་ཆོས་ཀྱི་ཚབ་ཏུ་ཆབ་སྲིད་སྦྱངས་ཆབ་སྲིད་བརྩད་ཆབ་སྲིད་འཆད་ཉན་བྱས་མཐར་གཞི་ནས་སྲིད་ཀྱི་ཕྱག་ལས་གནངན་ལེགས་པར་མཐོང་། མ་གཞིར་བླ་གྲྭ་ནི་ཆོས་སྒྲུབ་མཁན་ཤ་རྟགས་ཡིན་པ་ལས་བཅོམ་ལྡན་འདས་ཀྱིས་ཁྱོད་ཚོ་ལ་སྲིད་སྐྱོང་ཞེས་བཀའ་ཕེབས་འེ་ཡོད་ན །

    Reply
  15. ཟུར་མཐོང། says:
    ལོ་ 16 སྔོན།

    བཀག་འགོག་དང་གུ་དོག་དེ་ང་ཚོར་ནམ་ཡང་མི་དགོས་པ་ཡིན་ལ། ལྕགས་གོང་ལྟ་བུའི་རྙིང་ཞེན་ལྗང་ཁུ་དེ་ཡང་རིང་དུ་འདོར་བར་འཚལ། མིའི་ནུས་པ་དང་རྣམ་དཔྱོད་ལ་སུས་ཀྱང་བཀག་འགོག་བྱེད་དོན་མེད་ལ། རང་གི་མི་རིགས་ལ་རང་ཉིད་ཀྱིས་ལེགས་སྐྱེས་འབུལ་འདོད་པ་དེར་སུས་ཀྱང་འདྲེ་ལག་རྐྱང་དོན་མེད། སུ་ཡིས་བོད་མི་རིགས་ཀྱི་རླུང་རྟ་ཡར་ལ་སྐྱོད་ཐུབ་ན་དེ་ནི་བོད་མི་རིགས་ཀྱིས་བླ་ན་མེད་པའི་ཆབ་སྲིད་ཀྱི་གནས་ཁྲིད་པ་ཡིན་ལ། སུ་ཡིས་བོད་མི་རིགས་ལ་མགོ་སྐོར་དང་གཡོ་འཚོང་བྱེད་ན་དེ་ནི་བོད་མི་ཡོངས་ཀྱི་འཆིལ་ཞགས་འཔེན་ངེས་ཡིན།

    འདས་ཟིན་པའི་སྒྲུང་གཏམ་ལ་ང་ཚོས་ནམ་ཡང་ཉན་འདོད་མི་བྱེད་དེ། འདས་ཟིན་པ་དེས་ད་ལྟའི་ཚབ་བྱེད་མི་ཐུབ་ལ་། མི་བུའི་མི་གཤིས་དང་འཇོན་ཐང་དེ་ཚོན་མདོག་དང་གཞོགས་བཤད་ཙམ་གྱིས་ག་འགྲིགས། ཆོས་དང་སྲིད་གཉིས་ནི་ཐ་དད་ཙམ་ཡང་མ་ཡིན་དེ། མི་རིགས་ལ་ཕན་པའི་ལས་དེ་ཆོས་ཡིན་ལ་སྲིད་ཀྱང་ཡིན་པས་སོ། ཤེས་དགོས་པ་ནི་ད་ལྟའི་ཆོས་སྲིད་གཉིས་ལྡན་འདི་སྔོན་ཆད་ཀྱི་ཆོས་སྲིད་ཟུང་འབྲེལ་དེ་མ་ཡིན་དེའོ།

    Reply
  16. ཟུར་མཐོང། says:
    ལོ་ 16 སྔོན།

    ང་ཚོས་གུ་དོག་གི་བསམ་བློ་རིང་དུ་དོར་ནས་རང་དབང་གི་རྣམ་དཔྱོད་མཐའ་མེད་དུ་སྤེལ་བར་འབད་དགོས་པ་ལས། ཚོན་འདོག་དང་ལས་གནས་ལ་སུས་ཀྱང་ཐེ་གཏོགས་བྱེད་དོན་མེད། སུ་ཡིས་བོད་དང་བོད་མི་རིགས་ཀྱི་རླུང་རྟ་ཡར་ལ་སྐྱོད་ཐུབ་ན་དེ་ནི་མི་མང་གི་སྣེ་ཁྲིད་པ་ཆགས་ངེས་པ་ཆོས་ཉིད་ཡིན་ལ། སུ་ཡིས་རང་ཕྱོགས་དང་མགོ་བདེ་ཡི་གཡོ་འཔྲུལ་ལྐོག་ནས་བཀྲམ་ན་དེ་ལ་ཚང་མས་མཆིལ་ཞགས་འཕེན་པའང་ཟློག་དུ་མེད། ཆོས་དང་འཇིག་རྟེན་ཡང་ཁ་ཁར་མ་མཐོང་སྟེ། གཞན་ལ་ཕན་ན་ཆོས་དང་གནོད་པའི་ལས་ནི་ཆོས་མ་ཡིན། འཁོར་བསྒྱུར་སྟོང་དུ་སྤྲུལ་བའི་སངས་རྒྱས་ཀྱི་མཛད་པ་འང་དོན་མེད་པ་ཞིག་ག་ལ་ཡིན།

    འདས་ཟིན་པ་གཅིག་པུ་གླེང་ནས་མ་འདུག་དང། འདས་ཟིན་པའི་ཁྲོད་ན་ཆོས་པ་ཚོས་ནག་ཉེས་ཡོད་ངེས་ལ། ཆོས་པ་ཚོས་མི་རིགས་ལ་ཕུལ་པའི་བླ་མེད་ཀྱི་ལེགས་སྐྱེས་ཡང་ཡོད་པ་རེད།

    Reply
  17. གངས་ཕྲུག says:
    ལོ་ 16 སྔོན།

    “ཐུད་འཚོ་བ་མར་གྱི་བཀའ་དྲིན་རེད། མར་མེད་ན་ཕྱུ་རའི་སྤགས་བསྒོངས་རེད” ཅེས་པ་དེ་ཅིས་མི་བདེན། ད་བར་བོད་རྒྱལ་ཁབ་ཀྱི་སྲིད་ཀྱི་ལུས་པོ་དེ་ཆོས་དང་བླ་མའི་སྲོག་གི་བཟུང་ནས་འཚོ་ཞིང་རྒྱུཊ་པ་རེད་མ་གཏོགས་བོད་ཀྱི་ཆབ་སྲིད་དེ་ལས་འབྲས་ལ་མི་བརྩི་ཞིང་ནོར་སྲིད་ཁོ་ན་དོན་དུ་གཉེར་བའི་མི་ངན་འགའི་ལག་ཏུ་ཤོར་ཡོད་ཚེ་་་་སྙིང་རྗེ་་་་་བོད་ཅེས་པ་དེ་སྔ་ས་ནས་ཕྱི་ནང་སྲོག་ཟུངས་ཤ་ཟད་རྩ་གསུམ་ཤོར་ནས་ལྔ་བའི་་ལམ་དུ་གཤེཊ་ཟིན་ཡོད་ངེས་རེད། དེའི་ཕྱིར་ངས་བལྟས་ན་”ཆོས་སྲིད་ཟུང་འབྲེལ”་མིན་པར་”ཆོས་སྲིད་ཟུང་བྲལ་”བྱེད་དགོས་ཟེར་བ་དེ་ནི་དུས་རབས་འགའ་ཤས་རྗེས་ནས་བོད་མི་བླ་མ་དང་ཆོས་དད་པ་གྲངས་ཉུང་ངམ་རྩ་མེད་དུ་སོང་ན་མ་གཏོགས་ནམ་ཡང་འགྲུབ་ཐབས་མེད་ལ་དེ་ནི་བོན་སྲིད་མཁས་པའི་སྟོང་གཏམ་རྫིག་པོ་ཞིག་རེད།

    Reply
  18. གནས་ཚང་། says:
    ལོ་ 16 སྔོན།

    དོན་དག་ལྟེ་བ་དེ་ག་རང་རེད། སྲིད་བླ་མས་སྐྱོང་རྒྱུན་རིང་དྲག་པས་མ་ཚད། དེང་སྐབས་བོད་ནང་མི་ཤི་རྟ་འགྱེལ་བྱུང་བཞིན་པའི་ཁར། བླ་མ་ཚོས་ཐ་ན་བོད་མིས་རང་སྲོག་སྲུང་སླད་ཕར་རྒོལ་བྱས་པའང་རྒྱ་རྗེས་འབྲངས་ནས་མི་འོས་མི་འཚམས་ཚུལ་བཤད་དགོས་ཐུག་གི་ཡོད་པས། ཏག་ཏག་སྲིད་གཞན་ལ་རྩིས་སྤྲད་དེ་རང་ཉིད་བར་འདུམ་པའི་སྟེགས་བུར་བཞུགས་རན་པའི་དུས་ཚོད་སླེབས་ཡོད་པ་རེད། དེ་འདྲ་མ་རེད་དམ།

    Reply
  19. རྭ་ལོ། says:
    ལོ་ 16 སྔོན།

    དོན་དག་ལྟེ་བ་དེ། སྲིད་བླ་མས་མ་སྐྱོང་ལབ་གི་ཡོད་པ་འདྲ། འདི་ལ་བསམ་ཚུལ་ཅི་ཡོད།

    Reply
  20. གནས་ཚང་། says:
    ལོ་ 16 སྔོན།

    ལྷན་རྒྱས་ད་དེ་འདྲ་གནང་མ་ཡོང་། བོད་ལ་གཏམ་དཔེ་ཞིག་ཡོད་པ་རེད་ལ། དེ་ནི་༼ཤ་ཚ་བའི་གཏམ་ལ་སྙན་པོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད༽ཅེས་པ་དེ་རེད། དེ་བས། མཁས་དབང་མཆོག་གིས་ཤ་ཚ་ནས་དྲང་གཏམ་གསུངས་ཀྱིན་འདུག་མ་གཏོགས། ༼བོན་སྲིད་ཟུང་འབྲེལ༽གནང་འོས་ཚུལ་གསུངས་ཀྱི་མི་འདུག་ལ། ༼ང་རང་སྤྲུལ་སྐུ༽ངོས་འཛིན་གནང་དགོས་ཚུལ་གསུངས་ཀྱི་མེད་པའི་ཁར། ཆོས་པས་སྲིད་བསྐྱངས་ན་ལས་ཀ་མང་པོ་ཞིག་འཐུས་ཤོར་ལ་འགྲོ་བཞིན་པའི་དངོས་དོན་གསུངས་ཡོད་ན། ཅིའི་ཕྱིར་ཁ་ཤས་ཀྱིས་དོན་ལ་མི་བལྟ་བར་ཚིག་ཁ་ཤས་འཇུ་བཞིན་པར་ཡོད་དམ། དངོས་གནས་བོད་ཅེས་པ་འདི་ཡར་ལངས་མེད་ཀྱང་འདི་རིགས་ཡིན་རྒྱུ་རེད།

    Reply
  21. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ནོར་བཅོས། མཁར་རྨེའུ་བསམ་གཏན་ཞེས་བཅོས་རོགས།

    Reply
  22. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    མཁར་རྨེའུ་གཏམ་གཏན་ཟེར་བ་འདི་མཁས་ཟེར་ས་དེ་བོན་གཙོས་པའི་ལོ་རྒྱུས་རིག་གནས་སྐོར་དེ་རེད། དུས་བབ་གསར་འགོད་པས་དེ་དང་འབྲེལ་ཡོད་ཀྱི་དྲི་བ་དྲིས་ན་འོས་བབ་ཡོད་རེད། མཁར་རྨེའུ་བསམ་གཏན་ཟེར་བ་འདིས་ཆབ་སྲིད་མི་མཁྱེན་ཟེར་བ་མིན་ཡང་དེའི་སྐོར་ལ་ཉམས་མྱོང་དང་ཤེས་རྒྱ་དེ་ཙམ་ཆེན་པོ་ཨེ་ཡིན་སྙམ་གྱིན་འདུག རྗེས་སུ་མི་སྣ་སུ་ཞིག་ལ་དྲི་བ་འགོད་སྐབས་སུ་མི་དེའི་ཆེད་ལས་སམ་གང་ལ་མཁས་པ་དེ་གཙོ་བོར་བཟུང་ནས་དྲི་བ་བཀོད་ན་ལེགས།

    Reply
  23. གངས་ཕྲུག says:
    ལོ་ 16 སྔོན།

    གླེང་གཞི་འདི་དང་འབྲེལ་ནས་ཨ་ཕོ་ཤུཊ་ལྡན་གྷ་པར་སིང་བསྟེན་མཁན་འགས་༧གོང་ས་ལྔ་བ་ཆེན་པོར་བསྐུར་བ་བཏབ་རྒྱུའི་ལམ་ཀ་ཞིག་བཙལ་འདུག་པར་སྙམ།

    Reply
  24. རྭ་ལོ། says:
    ལོ་ 16 སྔོན།

    ཁོང་གིས་བཤད་པ་དེ་མ་གཞི་ནས་གསལ་བོ་ཞིག་མགོ་ཚོད་སོང་ངམ། ཨཱ། ངས་ནི་ད་དུང་མགོ་ཚོད་ཀྱི་མི་འདུག ངས་གོ་ཚོད་ལ་འཇིག་རྟེན་གྱི་ནག་ལས་ཡོད་ཚད་མི་སྐྱའི་ལག་ཏུ་ཞོག འཁོར་བའི་གནད་དོན་ནི་འཁོར་བར་དབྱིངས་ཞུགས་བསྡད་མཁན་དག་གིས་སྒྲུབས། འཁོར་བ་འདི་རྒྱ་ཆེན་པོ་རེད། གཏིང་ཟབ་མོ་རེད། འདི་ན་ནག་པོའི་ཁྲིམས་མ་གཏོགས་དཀར་པོའི་ཆོས་ཀྱིས་ཐག་མི་ཆོད་པ་མང་པོ་ཡོད་པ་རེད་ཟེར་བ་འདྲ་བོ་དང་། དེ་བཞིན་དུ་ཆོས་ཟེར་བ་ཞིག་ཡོད་པ་རེད། དེ་ཡང་དགོས་པ་རེད། དེ་བླ་མ་དང་དགེ་འདུན་པ་ཚོས་སྒྲུབས། ཁྱོད་ཚོ་ཟང་ཟིང་གི་ཁྲོད་དུ་འཚང་ནས་རྣམ་དཀར་དགེ་བའི་ལས་དེ་ལ་གོ་བ་ལོག་གཞིའི་ལས་ཀ་མ་བྱེད། ཏཱ་ལའི་བླ་མ་དང་སྐུ་སྒེར་ཡིག་ཚང་གིས་ཀྱང་གནད་འདི་ལ་དཔག་པའི་ཕྱག་ལས་གནང་རྒྱུ་གལ་ཆེ་བར་བཤད་པ་འདྲ་བོ་ཞིག་རེད། དེ་མ་ཡིན་པར། བླ་མ་ཚོས་སྲིད་བཟུང་སྟེ། རྒྱལ་ཁབ་གཞན་གྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོར་ཁ་ཡ་ངོ་ཡ་བྱེད་པ་མང་ན་མཐའ་མཇུག་རང་གཞན་གཉིས་ཀ་ནས་ཐུབ་པའི་བསྟན་པ་འདི་དང་རང་གི་རྒྱལ་དོན་མཐའ་དག་གཡང་ལ་གཡུག་པར་ངེས། ཞེས་བཤད་པ་འདྲ་ཞིག་གོ་སོང་།

    Reply
  25. འཇིགས་མེད། says:
    ལོ་ 16 སྔོན།

    ཡུལ་སོ་སོའི་ཆོས་ལུགས་དང་སྲིད་ལུགས་མི་འདྲ་བས་ཡུལ་སོ་སོའི་ཆོས་སྲིད་ཟུང་འབྲེལ་ཡང་་མི་འདྲ། སྤྱིར་ཆོས་སྲིད་ཟུང་འབྲེལ་རང་གི་ངོ་བོ་འཇོག་ཚུལ་ལ་མི་མཐུན་པ་མང་བའང་དེའི་སྟབས་ཀྱིས་ཡིན་སྙམ། རང་རེའི་ཆོས་སྲིད་ཟུང་འབྲེལ་ནི་༸གོང་ས་མཆོག་གིས་གསུངས་པ་ལྟར་སེམས་ཅན་གཞན་རྣམས་མངོན་མཐོ་ངེས་ལེགས་ཀྱི་བདེ་སྐྱིད་ལ་འགོད་འདོད་ཀྱི་གཞན་ཕན་ལྷག་བསམ་གྱི་ཐོག་ནས་ཆབ་སྲིད་སྐྱོང་བ་ཞིག་ལ་བྱེད་པས། ནུབ་ཕྱོགས་པའི་ཆོས་སྲིད་ཟུང་འབྲེལ་དང་མི་འདྲ། འོན་ཀྱང་དེང་སང་གི་རང་རེའི་མང་གཙོའི་འགྲོ་ལུགས་ལ་བལྟས་ན་རང་རེའི་ཆོས་སྲིད་ཟུང་འབྲེལ་འདི་གང་ཟག་སྒེར་པ་མ་གཏོགས་སྲིད་གཞུང་གི་ངོས་ནས་བྱེད་རྒྱུ་ཁག་པོ་ཡིན་པས། བོད་ཀྱི་ཡུལ་འདིར་གཞུང་གིས་ཆོས་ལུགས་རིས་མེད་དང་སྒེར་གྱིས་ཆོས་སྲིད་ཟུང་འབྲེལ་བྱས་ན་ལེགས་པར་མཐོང་སྟེ། བོད་ལ་ཆོས་ལུགས་མང་བས་གཞུང་གིས་གཅིག་རང་རྩ་འཛིན་གྱིས་དེ་དང་ཟུང་འབྲེལ་བྱས་ན་ཆོས་ལུགས་གཞན་ལ་མི་བདེ་ཞིང་། ཆོས་ལུགས་ཚང་མ་དང་ལྷན་དུ་ནི་ཟུང་འབྲེལ་བྱེད་ཐུབ་ཐབས་མེད་པས་གཞུང་གིས་ཆོས་ལུགས་རིས་མེད་བྱེད་པ་རང་ལེགས། ད་ལྟ་ནང་ཆོས་དང་ཟུང་འབྲེལ་གྱིས་འགྲོ་བཞིན་པ་འདི་ཡང་རིམ་པས་བོད་ལ་བོན་པོ་དང་ཡེ་ཤུ། ཁ་ཆེ་སོགས་དར་ཤུགས་ཆེ་རུ་སོང་ན་དཀའ་ངལ་ཡོང་ངེས་རེད། གང་ཟག་སྒེར་སོ་སོས་ནི་རང་རང་གི་ཆོས་ལུགས་གང་ཡིན་ཉམས་ལེན་གྱིས་རང་གི་འཚོ་བ་བསྐྱལ་ན་དེ་ཆོས་སྲིད་ཟུང་འབྲེལ་ཡིན་ཏེ། བཤད་སྟངས་གཞན་ཞིག་སྤྱད་ན། རང་རང་སོ་སོའི་མི་ཚེ་དེ་རང་རང་སོ་སོའི་ཆོས་ལུགས་དང་མཐུན་པར་བསྐྱལ་ན་དེ་ག་ཡིན་ལ། དེས་བོད་ཡུལ་ཞི་བདེར་གནས་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ངེས་སྙམ།

    Reply
  26. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ཨོ་ལགས་སོ་་དྲ་གྲོགས་ཟུར་མཐོང་ལགས་ངས་བཤད་ཀྱིན་པ་ནི་ཆོས་ལུགས་པ་ཚོས་ཆབ་སྲིད་ཐོག་ལ་སྐེ་མ་སྲིངས་ལེགས་ཚུལ་བཤད་ཀྱི་ཡོདཔ་ལས་བོད་ཀྱི་སྤྱི་ཚོགས་ནང་དུ་ཆོས་ལུགས་དགོས་མིན་བཤད་ཀྱིས་མེད ། ལོ་རྒྱུས་ལ་ཕྱི་མིག་རེ་བལྟོས་ན་ཆོས་ལུགས་པས་ཆབ་སྲིད་བསྐྱངས་ནས་བཟུང་ཆབ་སྲིད་གནས་སྟངས་ཉམས་ཆགས་སུ་ཕྱིན་ཡོད་པའི་ཚོར་སྣང་བྱུང་། ད་དུང་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པས་ངེས་བར་དུ་འགྱུར་བ་གཏོང་དགོས་ལ་འགྲོ་ཡང་དགོས་བསམ་གྱིས་ཡོད ། འདིའི་ཕྱོགས་སུ་བསམ་བློ་གཏོང་རྒྱུ་དེ་ང་ཚོའི་འགན་ལྟ་བུ་ཞིག་ཆགས་ཡོད ། ང་ཚོའི་སྤྱི་ཚོགས་འདིའི་ནང་དུ་ཆོས་ལུགས་ནི་ཆབ་སྲིད་པས་ལག་པ་ཕྱིས་ས་ལྟ་བུ་ཞིག་ཆགས་ཡོད་པས་འདིའི་ཕྱོགས་སུ་བསམ་བློ་གཏོང་རྒྱུ་གལ་ཆེ་བར་མཐོང་།

    Reply
  27. Tenpa Nyima says:
    ལོ་ 16 སྔོན།

    མཁར་སྨེའུ་བཤད་པ་ཁ་ཤས་ཤིག་ངའི་འདོད་ཐོག་ཏུ་བབས་སོང༌། ཁོང་གི་བཤད་སྟངས་ལ་ལྟོས་ན་ཆོས་དང་ཆབ་སྲིད་གཉིས་ཆ་ལ་ཉམས་མྱོང་ཅན་ཞིག་ལོས་ཡིན་སྙམ། ཆོས་སྲིད་གཉིས་ཁ་ཁ་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞིག་རེད༌། འོན་ཀྱང་བོད་མི་ཚོས་འདི་ཤེས་ཐུབ་ཀྱིས་མེད༌། གལ་ཏེ་མི་རེ་ཟུང་གིས་ཤེས་ནའང་་བཤད་ཕོད་ཀྱིས་མེད༌། ད་རེས་ཁོས་བཤད་པ་དེ་དག་བོད་མི་ཚོས་རྣ་ལ་ཆེས་མཁོ་བའི་གཏམ་ཞིག་རེད༌། གོང་ས་རྒྱལ་བ་རིནཔོ་ཆེ་འདི་བ་ཚང་གིས་ཆབ་སྲིད་ཀྱི་འགན་མ་བཞེས་ཐབས་མེད་ལྟ་བུ་ཆགས་པ་རེད༌། ད་ང་ཚོ་དགོས་རྒྱུ་ནི་བོད་མི་དཀྱུས་མའི་གྲལ་ནས་གོང་ས་མཆོག་གི་ཆབ་སྲིད་ཀྱི་ལས་འགན་དེ་ཐེགས་མཁན་ཞིག་ཡོང་རྒྱུ་དེ་རེད༌། ཀརྨ་པས་སྤྱོད་པ་ལ་དཔག་ན་ཁོང་ཡང་ཆབ་སྲིད་ལ་ཐུགས་མཉེས་པོ་ཡོད་ཚོད་འདུག འོན་ཀྱང་བླ་མས་ཆབ་སྲིད་བྱེད་ན་སྐྱོན་ཆེན་པོ་ཞིག་རེད༌། གོང་ས་མཆོག་ལ་མཚོན་ནའང་སྐུ་ཕྲེང་ལྔ་བ་ནས་བཟུང་ཆབ་སྲིད་ལ་དབུ་འཁོར་ནས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བ་རེད༌། དེའི་རྐྱེན་པས་སྐུ་ཕྲེང་དྲུག་པ་དང༌། དགུ་བ བཅུ་བ་ བཅུ་གཅིག བཅུ་གཉིས་ལྔ་བོ་འདིའི་་མཛད་པ་དང་འཕྲིན་ལས་མཐར་མ་ཕྱིན་པར་འདས་པ་རེད༌། གལ་སྲིད་གོང་ས་ལྔ་བས་ཆབ་སྲིད་དུག་གི་བུམ་པ་ཕྱག་ཏུ་མ་བསྣམས་ན༌། ད་རེའི་སྐུ་ཕྲེང་འདི་བ་དགུ་བའམ་བཅུ་བ་གང་རུང་ཞིག་ཡིན་ཚོད་རེད༌། རྒྱལ་བ་ཀརྨ་པར་ཚོན་ནའང་སྐུ་ཕྲེང་རེ་གཉིས་ཆབ་སྲིད་ལ་དབུ་འཁོར་བའི་སྐྱོན་ཀྱིས་ཀར་བསྟན་ཆེས་་ཆེར་ཉམས་ནས་བོད་ནང་དུ་དགོན་སྡེ་རེ་གཉིས་ལས་མེད་པ་དེའི་སྐྱོན་གྱིས་རེད༌། འོན་ཀྱང་བླ་སྤྲུལ་དུ་གྲགས་པ་འདི་ཚོས་གཞན་དོན་ཁ་གཡར་ནས་དོན་དུ་རང་ཉིད་འདོད་པའི་ལོངས་སྤྱོད་ལ་དབུ་འཁོར་ནས་སྔོན་བྱུང་གི་ལོ་རྒྱུས་འདི་དག་ལ་དཔྱད་པ་གཏོང་བའི་གོ་སྐབས་ཀ་ལ་ཡོད༌། གཞན་དུ་ན་རང་ཉིད་ལམ་ཁ་གང་དུ་སྐྱོད་ན་རང་གཞན་གཉིསཀར་ཁེ་ཕན་ཡོད་པ་ཧ་ཅང་གི་རྟོགས་སླའོ༌། སྤྱིར་བླ་མ་དབང་ལུང་གི་རྒྱུད་པ་འཛིན་མཁན་ཞིག་ཡིན་ཕྱིན་ཆད་ཆབ་སྲིད་སྤང་སྟེ་ཧ་ཅང་གཟབ་གཟབ་མ་བྱེད་ནས་དབང་ལུང་བྱུང་རྒྱལ་དུ་སྐུར་ན་རྒྱལ་བ་གོང་མའི་བྱིན་རླབས་ཀྱི་རྒྱུད་པ་ཆད་འགྲོ་བའི་ཉེན་ཁ་ཅི་ཕྱིར་མེད༌། ང་གློག་ཀླད་ལ་བྱང་ཆ་མེད་སྟབས་ཚིག་ཁ་ཤས་འབྲི་བ་ལའང་ཡུན་རིང་འགོར་གྱིས་འདུག ད་ཁ་དྲོ་བཀྲ་ཤིས།

    Reply
  28. tashidhndub says:
    ལོ་ 16 སྔོན།

    མཁར་རྨེའུ་བསམ་གཏན་ཟེར་བའི་མིང་ཞིག་སྔོན་མ་ནས་གོ་མྱོང་ལ་ཁོང་ལོ་རྒྱུས་ལ་མཁས་པ་ཞིག་རེད་ཟེར། ཁོང་ལ་གདེང་འཇོག་ཀྱང་གང་འཚམས་ཤིག་བྱེད་ཀྱི་ཡོད། འོན་ཀྱང་དེ་རིང་སྐད་ཆ་དུམ་བུ་འགའ་ཤས་ཀྱི་ཐོག་ནས་ངའི་སེམས་ཀྱི་ཁོའི་གོ་གནས་ལ་འགྱུར་བ་ཆེན་པོ་ཕྱིན་སོང། རྒྱུ་མཚན་གང་གིས་ཟེར་ན། ཁོས་དེ་རིང་སང་ཉིན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསླེབས་བསྡད་ཡོད་པ་རེད། དེ་བྱས་དུས་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་སྔོན་མ་ལོ་ ༣༠༠ སྔོན་གྱི་ལམ་ལུགས་རེད། ༡༦༤༢ ལོ་ནས་ད་བར་དུ་ཆབ་སྲིད་ཀྱི་ལམ་ལུགས་གཅིག་པ་རེད། ངའི་བསམ་ཚུལ་ལ་མུ་མཐུད་དུ་ཆབ་སྲིད་ཀྱི་ལམ་ལུགས་འདི་ཉར་ནས་འགྲོ་དགོས་ན་དཀའ་ལས་ཁག་པོ་རེད། འཛམ་བུ་གླིང་ལ་ལོ་ ༣༠༠ སྔོན་ལ་ཆབ་སྲིད་ཀྱི་ཕྱོགས་ནས་གནས་ཚུལ་ལ་འགྱུར་བ་མང་བོ་ཕྱིན་པ་རེད། ཡིན་ཡང་ང་ཚོས་ལོ་ ༣༠༠ རིང་གི་ཆབ་སྲིད་ཀྱི་ལམ་ལུགས་གཅིག་ཉར་ནས་བསྡད་ཡོད་པ་རེད་ཅེས་དང་། རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བསྟེན་ནས་ངྷ་རམ་ས་ལར་གཞུང་ཞིག་ཚུགས་ཡོད་པ་དེ་ཡང་དམངས་གཙོ་རིང་ལུགས་སྟེང་ལ་འགྲོ་གིན་ཡོད་པ་རེད། རྒྱུ་མཚན་འདི་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་དྷ་རམ་ས་ལའི་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེ་ལྟར་དམངས་གཙོ་ཞེས་པ་དེ་གལ་ཆེན་ཆགས་ཀྱི་ཡོད་པ་རེད་ཅེས་མགོ་མཇུག་མི་མཚུངས་པ་ཞིག་བཤད་འདུག་པ་དང་། ཡང་ཁོས་ཧྥ་རན་སི་དང་ཨེ་ཀྲ་ལིའི་ཁུལ་དུ་དར་བའི་ཆོས་སྲིད་ཟུང་འབྲེལ་དང་བཙན་བྱོལ་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ཆོས་སྲིད་ཟུང་འབྲེལ་གཉིས་གནས་གཅིག་ཏུ་བཞག་འདུག་པ་ཤིན་ཏུ་ནོར་བ་ཆེན་པོ་རེད། རྒན་པོ་ཤེས་རྒྱ་ཆེ་ཆུང་གང་ལྟར་ཡང་བསམ་པ་དཀར་པོ་ཞིག་ཡིན་ཚོད་འདུག་པས་ཚིག་གི་ནོར་བ་རེ་རེ་བྱས་དགག་དགོས་དོན་མི་འདུག

    Reply
  29. ཟུར་མཐོང། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བཤད་པ་ལྟར་བོད་མི་མང་ཡོངས་སུ་རྫོགས་པ་ཁྱེད་ལྟ་བུ་ཉག་གཅིག་ཡིན་ཚེ་ཆབ་སྲིད་སྐྱོང་པའི་ཆོས་ལུགས་པ་མི་དགོས་པ་མ་ཟད། ནང་ཆོས་ཀྱང་དགོས་དོན་མེད་པ་རེད། འོན་ཀྱང་ཡིད་ཕངས་པ་ཞིག་ལ་མང་ཚོགས་ཚང་མ་ཁྱོད་ལྟར་ཆོས་ལུགས་ལ་ཡིད་ཐང་ཆད་པ་ཞེ་གཅིག་མ་རེད། དེ་ལས་ལྡོག་སྟེ་ཁོ་ཚོ་ཚང་མས་ཆོས་དང་བླ་མ་ཚད་ལྡན་ལ་བློ་སྙིང་བྲང་གསུམ་གཏད་ཡོད་པ་རེད། ད་ལྟའི་བཀའ་བློ་ཁྲི་བ་འདི་ཡང་སྐེ་བསྲིངས་ནས་ཡོང་བ་འེ་ཡིན་ནམ། མང་ཚོགས་ཀྱི་བརྒྱ་ཆ་༨༠ཙམ་གྱི་མང་མོས་བྱུང་བ་རེད།
    ༌ མང་ཚོགས་ཀྱི་ཆེད་དུ་སྐད་ཆ་བཤད་ཀི་ཡོད་ན་མང་ཚོགས་ཀྱི་འདོད་པ་གཙོ་འཛིན་བྱེད་དགོས་པ་ལས་ཡིན། འདིའི་མིང་ལ་དམངས་གཙོ་ཟེར་བ་མིན་ནམ།
    ——-གྲོགས་བཀྲ་རྒྱམ་ལ་བཀྲ་ཤིས་བདེ་ལེགས།

    Reply
  30. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    སྤྱིར་ཡིན་ན་སྤྱི་འཐུས་ནང་དུ་ཆོས་བརྒྱུད་ཁག་དགོས་དོན་མི་འདུག་ལ་བཀའ་བློན་ཚའི་ནང་དུའང་བླ་གྲྭ་ཚོ་མ་ཕེབས་ན་ལེགས་པར་མཐོང་། རྒྱུ་མཚན་ནི་གདན་ས་ཁག་དང་དགོན་པ་ཁག་གང་རུང་ནས་ནང་ཆོས་པོག་ཙམ་རེ་སྦྱངས་མཐར་ལག་ཏུ་ཆབ་སྲིད་ཀྱི་འགན་རེ་བཞག་ན་རང་རེའི་རྒྱལ་ཁབ་འདིའི་ཆབ་སྲིད་ཡར་རྒྱས་འགྲོ་མི་ཐུབ་བཀག་རྡོ་ལྟ་བུར་ཆགས་ཡོད ། ང་ཚོའི་ཆབ་སྲིད་འདི་སྔོན་ཆད་འདི་རྒུད་མྱོང་ལ་ད་ལྟའང་འདི་ལྟར་ཕོང་བཞིན་ཡོད །

    Reply
  31. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    མཁས་བའི་གསུང་བ་ཅི་ཡང་བདེན་ཞེས་བ་ལྟར་ངོ་མའི་གནས་ལུགས་དང་རྒྱུ་མཚན་འདུག ། ཁོང་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་འདི་ཁ་ཁར་ཕྱེ་དགོས་བ་རེད་ཚིག་འདི་དུས་རབས་ཉེར་གཅིག་པའི་ནང་འདིར་ང་ཚོ་ལ་དགོས་ངེས་ཀྱི་ཆ་རྐྱེན་ཞིག་རེད་ལ་གལ་སྲིད་ཆོས་སྲིད་འདི་ཁ་ཁར་དབྱེ་ཐུབ་ན་མ་འོངས་བོད་ཀྱི་ཆབ་སྲིད་འདི་ཕྱོགས་གང་ལ་སོང་རུང་ཡང་དག་པ་ཞིག་སྒང་ནས་འགྲོ་ཐུབ། འོན་ཀྱང་བོད་ཀྱི་ཆོས་སྲིད་འདི་ཆུ་དང་འོ་མ་བཞིན་འདྲེས་ཡོད་པས་དབྱེ་བ་ཕྱེ་རྒྱུ་ཁག་པོར་ཆགས་ཡོད ། རྒྱུ་མཚན་ནི་བོད་ཀྱི་སྤྱི་ཚོགས་ནང་སྲིད་ལས་ཆོས་ཤུགས་ཆེ་དྲགས་པས་རེད ། ད་དུང་ཆོས་ལུགས་པས་ཆབ་སྲིད་ཐོག་ལ་སྐེ་སྲིངས་རྒྱུ་དེ་ཁོང་ཚོའི་ཐོབ་ཐང་ཡིན་པར་འདོད་ཡོད་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཆགས་ཡོད །

    Reply
  32. tshanpo says:
    ལོ་ 16 སྔོན།

    ནོར་བཅོས་་་་་་་མཁར་རྨེའུ་ཧྥ་དམར་ལ་ཐུགས་མཉེས་པོ་ཡོད་པ་གོ་མྱོང་།

    Reply
  33. tshanpo says:
    ལོ་ 16 སྔོན།

    ཧྥ་རིན་སི་ལ་དམར་པོ་གསར་བརྗེ་བྱུང་བ་རེད། ཁུལ་དེའི་ཆོས་སྲིད་ཁ་ཁ་བྱེད་ལྟངས་ལ་སྐྱོན་མང་པོ་ཡོད་ནི་རེད། ཧྥ་སི་འདི་དམངས་གཙོ་ཡག་པོ་ཡོད་པ་དག་གི་་ནང་གི་མི་ཡག་པ་ཞིག་རེད་ཟེར་ནི་། ཆོས་སྲིད་དབྱེ་ཚུལ་དང་དམངས་གཙོའི་དཔེ་ཚད་ལྡན་དབྱིན་ཇི་དང་ཨ་རི་ལ་བལྟ་དགོས་པ་རེད། མཁས་པ་མཁར་རྨེའུ་ཧྥ་དམར་ཐུགས་མཉེས་པ་ཡོད་གོ་མྱོང། མ་གཞི་ཁོའི་ལྟ་བ་ལ་ཧྥ་རིན་སིའི་གསར་བརྗེ་ཤུགས་རྐྱེན་ཡོད་པ་བཤད་མ་དགོས་པ་ཞིག་རེད།

    Reply
  34. བསོད་དེ། says:
    ལོ་ 16 སྔོན།

    སྤྱིར་བཏང་མཁས་པ་ཞེས་པ་རིགས་གང་ཡང་རུང་བ་ཞིག་ཐོག་ལ་བྱང་ཆ་ལྡན་པ་ཞིག་ཡིན་ཚེ། དེ་ལ་མཁས་པ་ཞེས་འདོགས་རུང་བར་བཤད། ཡིན་ན་ཡང་མཁར་རྨེའུ་བསམ་གཏན་མཆོག་ནི་གདོད་མའི་བོད་ཀྱི་ཆོས་ལུགས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་ལོ་རྒྱུས་ཐོག་ལ་ཆེད་མཁས་མི་སྣ་ཞིག་ཡིན་ལ། དེ་བཞིན་ཁོང་ནི་ཕྱི་ནང་ཚང་མས་བོད་ཀྱི་ལོ་རྒྱུས་སྨྲ་བའི་མི་སྣ་གནད་ཡོད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་པ། འཛམ་གླིང་གང་དུ་གནས་པའི་བོད་ཀྱི་ལོ་རྒྱུས་དང་ལྷག་པར་གདོད་མའི་བོད་ཀྱི་ཆོས་ལུགས་ཏེ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པར་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ཚེ། མཁར་རྨེའུ་བསམ་གཏན་མཆོག་ནི་ཆེད་མཁས་མི་སྣ་ཞིག་ཡིན་པ་གང་ཞིག་ལ། ཁོང་ནི་དབྱིན་བོད་གཉིས་ཐད་ནས་མཁས་པའི་དབང་པོ་ཞིག་ཏུ་བཀུར་བཞིན་པ་མཁས་པ་གཞན་དག་གི་གསུང་འགྲོས་ལས་ཀྱང་་རྟོགས་སླ། གང་ཟག་སྒེར་གྱི་སྟེང་ནས་བཤད་ན། ངས་ཁོང་གི་གསུང་རྩོམ་དག་ལ་མཇལ་མྱོང་བ་ལས། ངོས་སུ་ཞལ་མཇལ་མ་མྱོང༌། འོན་ཀྱང་ཁྱེད་ཀྱིས་ཁོང་གི་གསུང་རྩོམ་དག་བཀླག་པ་ན། གཞི་ནས་ཁྱོད་ལ་ངེས་ཤེས་གསར་བ་ཞིག་རྙེད་ངེས། དཔེར་ན། ལོ་སྔོན་མའི་ནང་ང་ཚོའི་སློབ་གྲྭར་རྒྱལ་ཁབ་ཉེར་བདུན་ལྷག་གི་ཆེད་མཁས་མི་སྣ་དང༌། ཆེད་ལས་ཉམས་ཞིབ་པ་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱས་ཏེ་ཉིན་གསུམ་ལྷག་རིང་ཆོས་ལུགས་འདྲ་མིན་དང༌། འཛམ་གླིང་གི་ལོ་རྒྱུས་སོགས་ཀྱི་སྟེང་ལ་བགྲོ་གླེང་བྱེད་སྐབས། མཁས་པ་མང་དག་ཅིག་གིས་མཁར་རྨེའུ་བསམ་གཏན་མཆོག་གི་གསུང་ཚིག་རྣམས་ལུང་འདྲེན་བྱེད་ཀྱིན་འདུག དེ་དང་ཕྱོགས་མཚུངས་ཁོང་ནི་གདོད་མའི་བོད་ཀྱི་ཆོས་ལུགས་ཏེ་བོན་པོའི་ཆོས་ལུགས་དང་བོན་གྱི་ལོ་རྒྱུས་སྟེང་གི་མཁས་དབང་ཆེན་མོ་ཞིག་ཏུ་བརྩི་བཀུར་བྱེད་ཀྱིན་འདུག དེ་ཙམ་མ་ཡིན་པར། ང་ཚོ་རང་སྟེང་ནས་ལྟས་ཀྱང་ཁོང་ནི་ཁྱད་ཆོས་ལྡན་པའི་མི་སྣ་གྲགས་ཅན་ཞིག་ཡིན་པ་ནི། གསལ་བོ་གསལ་རྐྱང་རེད། ཕལ་ཆེར་འདིར་དྲི་བ་འདོན་མཁན་དེས་བོད་ཀྱི་ལོ་རྒྱུས་སྟེང་ལ་སློབ་སྦྱོང་བྱས་མེད་པ་འདྲ་ལ། ལྷག་པར་དུ་བོད་ཁུལ་གྱི་ཚད་ལྡན་མི་སྣ་དག་གི་མཁྱེན་དཔྱོད་ལ་དོ་སྣང་བྱས་མེད་པ་འདྲ། གང་ལྟར་ཁྱེད་ཀྱིས་མ་ཤེས་པར་དྲིས་པ་ཡིན་ན། ཁོང་ནི་རྩོད་མེད་ཀྱི་མཁས་པ་ཞིག་རེད། ཁྱོད་ས་གནས་གང་ཞིག་ཏུ་བཞུགས་མིན་ངས་མི་ཤེས་ཀྱང༌། གལ་ཏེ་ཁྱེད་ཉིད་བཞུགས་སྒར་རྡ་རམ་ས་ལའི་ཐག་ཉེར་ཡོད་པ་ཡིན་ན། ཁོང་གི་གསུང་རྩོམ་ཁག་ཅིག་བོད་ཀྱི་དཔེ་མཛོད་ཁང་དུ་མཇལ་ཐུབ། འདི་ནི་རང་གི་བསམ་ཚུལ་ཙམ་བྲིས་པ་ལས། ཁྱེད་ཀྱི་དྲི་བའི་ལན་དུ་བྲིས་པ་མིན།

    Reply
  35. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཁོང་གི་མིང་དངོས་ལ་བསམ་གཏན་རྒྱལ་མཚན་ཟེར་བ་དང་། ད་བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ནམ་ཚོགས་གཙོ་གནང་མྱོང་མཁན་བོད་པ་གཅིག་པུ་དེ་ཁོང་ཡིན་པ་རེད།

    Reply
  36. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པས་མཁར་རྨེ་ཞེས་བྲིས་པ་ནི་ནོར་བ་རེད། དངོས་གནས་མཁར་རྨེའུ་ཞེས་འབྲི་དགོས་པ་རེད།

    Reply
  37. སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    ཁོང་ལ་མཁས་དབང་ཟེར་དོན་ནི། ཁོང་ནི་བོད་གངས་ཅན་པའི་ནང་དོན་རིག་པ་ལ་མཁས་པས་མ་ཚད། དམིགས་བསལ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། དེང་རབས་ནུབ་ཕྱོགས་པའི་ཞིབ་འཇུག་རིག་པ་ལ་མཁས་པའི་མཁས་དབང་གི་མཚན་སྙན་ཡོད་པ་ཞིག་ཡིན་ལ། ཕ་རན་སིའི་རྒྱལ་ས་པེ་རེ་སིའི་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་རྒན་གྲས་ཤིག་ཡིན། ཕྱི་ལོ་ ༡༩༩༥ ནས་ ༢༠༠༠ ཐམ་པ་ལོའི་བར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་གནང་མྱོང་བ་ཞིག་ཡིན་པས་མཁས་དབང་དང་། མཁར་རྨེའུ་ནི་ཁོང་ནི་ནང་ཚང་གི་མིང་ཡིན། ཁོང་ནི་མིང་དངོས་ལ་བསམ་གཏན་རྒྱལ་མཚན་ཟེར་གྱི་ཡོད་རེད།

    Reply
  38. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    དགེ་རྒན་འདི་ལ་མཁས་དབང་མཁར་རྨེའུ་བསམ་གཏན་ཞེས་འབོད་དོན་ཅི་ཞིག་མཁས་པས་ཐོགས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese